ཏ༽ དཔལ་ལྡན་ཟླ་བ་གྲགས་པ་སྐུ་འཁྲུངས་ཤིང་རབ་ཏུ་བྱུང་ཚུལ།

ཏ༽ སྐུ་འཁྲུངས་ཤིང་རབ་ཏུ་བྱུང་ཚུལ།

 

དེ་ཡང་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ (1537-1603/1605) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་མཐུན་པར་མདོ་ཙམ་དུ་བསྟོད་པ་ཟླ་བའི་འོད་ཟེར་དྭངས་པའི་ཀུ་མུད་བཞད་པའི་དཔལ་སྟེར་ལས[1]།

སོ་མ་ན་ཞེས་ལྷོ་ཕྱོགས་ས་ཡི་ཆར། །ལེགས་འཁྲུངས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། །

ཨཱརྱ་དེ་ཝའི་གསུང་ལ་རབ་སྦྱངས་པས། །མཁས་པའི་ཕ་རོལ་ཕྱིན་པ་ཁྱོད་ཕྱག་འཚལ། །

ཞེས་གསུངས་པ་ལྟར། རྒྱ་གར་ལྷོ་ཕྱོགས་ས་མ་ན་ཞེས་པར་སྐུ་འཁྲུངས་པར་གསུངས་ལ། དེ་བཞིན་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་ཚོགས་ལས[2]།

དགེ་ལེགས་ཡོན་ཏན་རི་བོང་མཚན་མས་ལེགས་བཀྲ་ཞིང་། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་རྣམ་བསལ་ནས། །

མཁས་མང་རྒྱུ་སྐར་བྱེ་བའི་དབུས་ན་ལྷམ་མེ་བ། །རྩོད་དུས་མཚན་མོའི་དབང་ཕྱུག་དཔལ་ལྡན་ཟླ་བར་འདུད། །

ཅེས་དང་། བསྟན་འགྱུར་དཔེ་བསྡུར་མ་ལས[3]།

རྒྱུད་འགྲེལ་སྒྲོན་མ་གསལ་བའི་འོད། །རིང་དུ་སྤྲོ་བ་ཟླ་གྲགས་ཞབས། །

ཞེས་གསུངས་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པ་ཡུལ་གང་དུ་སྐུ་འཁྲུངས་པ་དང་། གནས་གང་དུ་མཁན་པོ་གང་གི་དྲུང་ནས་རབ་ཏུ་བྱུང་ངམ་ཞེ་ན། དེ་ཡང་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་ཆོས་འབྱུང་ལས[4]། དཔལ་ལྡན་ཟླ་བ་གྲགས་པ་ནི་ཡུལ་རྒྱ་གར་ལྷོ་ཕྱོགས་ས་མ་ཎ་ཞེས་པའི་གྲོང་ས་མན་ཏར། ཡབ་བྲམ་ཟེ་འགྲི་རི། ཡུམ་ཟླ་བའི་སྒྲོན་མ་གཉིས་ལ་སྲས་མེད་པས། ལྷ་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པས། ཁྱེའུ་མཚན་དང་ལྡན་པ་རྨེ་བའི་ག་ཤལ་ཅན་གཅིག་འཁྲུངས། མཚན་མཁན་ལ་བསྟན་པས། འདིའི་མིང་ཟླ་བ་གྲགས་པ་སྟེ། སྟོང་ཉིད་ཏིང་འཛིན་སྨྲ་བར་བྱེད། །ཅེས་དང་། དེ་ནས་དབང་ཕྱུག་ཆེན་པོ་ལ་དྲིས་པས། འདིའི་མིང་ཟླ་བ་གྲགས་པ་སྟེ།

འདི་ནི་ང་ཡི་རིགས་འདས་ནས། །སྒྲ་གཟན་འཛིན་ནས་བདུན་འདས་པའི། །

མཁན་པོ་ཟླ་བའི་མགོན་པོ་ལ། །ནཱ་ལེནྡྲ་ཡི་གཙུག་ལག་ཁང་། །

རབ་བྱུང་དགེ་སློང་ཆེན་པོར་འགྱུར། །སྟོང་ཉིད་ཏིང་འཛིན་སྨྲ་བར་བྱེད། །

སངས་རྒྱས་བསྟན་པ་འདི་ཡིས་སྐྱོངས། །

ཞེས་ལུང་བསྟན་པས། ཡུམ་གྱིས་བསམ་པ་ལ། ཕའི་རིགས་མི་འཛིན་པའི་བུ་མ་སྐྱེས་པ་དང་འདྲ་ཟེར་ནས། མཁན་པོ་ཟླ་བའི་མགོན་པོ་ལ་ཕུལ། རབ་ཏུ་བྱུང་སྟེ། མདོ་རྒྱུད་ཀྱི་ཚིག་དོན་ལ་སྦྱངས། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་ལ་བརྟེན་ནས་མཁས་པ་ཆེན་པོར་གྱུར། སྐྱེ་བ་ལྔ་བརྒྱར་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཤིང་། དངོས་པོར་འཛིན་པ་བཟློག་པའི་ཕྱིར་རི་མོར་བྲིས་པའི་བ་ལས་འོ་མ་འཇོས་ཏེ། དགེ་འདུན་གྱི་འཚོ་བ་སྦྱར་ཞིང་། རྡོའི་ཀ་བ་ལ་ཕྱག་མི་ཐོགས་པ་དང་། ཏུ་རུཀྵའི་དམག་བྱུང་བའི་ཚེ། རྡོའི་སེང་གེ་བསྐུལ་བས་དམག་བཟློགས་ཏེ། ནམ་མཁའ་ནས་ལྷས།

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེང་གེ་བསྐུལ། །

ཏུ་རུཀྵ་ཡི་དམག་ཚོགས་བཟློགས། །ཤི་རྨས་མེད་པ་ངོ་མཚར་ཆེ། །

ཞེས་བསྟོད་པ་དེས། རྩ་ཤེའི་འགྲེལ་པ་ཚིག་གསལ། གསང་འདུས་འགྲེལ་པ་སྒྲོན་གསལ་ཏེ་གསལ་བ་རྣམ་གཉིས་སུ་གྲགས་པ་དང་། འཇུག་པ་རྩ་འགྲེལ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ཅིང་། བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་མཛད་ནས་ལོ་བཞི་བརྒྱའི་བར་དུ་བཞུགས་སོ། །ཞེས་གསུངས་ལ། དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། དཔལ་ལྡན་ཟླ་བ་གྲགས་པ་ནི། ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས་ནས། ཆུང་ངུ་ཉིད་ནས་རིག་པའི་གནས་མཐའ་དག་ལ་སྦྱངས། ལྷོ་ཕྱོགས་ཀྱི་ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ཞིང་སྡེ་སྣོད་མཐའ་དག་ལ་མཁས་པར་བྱས། ལེགས་ལྡན་གྱི་སློབ་མ་མང་པོ་དང་སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་ལ་ཀླུ་སྒྲུབ་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་མནོས། མཁས་པའི་མཁས་པ་ཆེན་པོར་གྱུར་ནས་དཔལ་ན་ལེནྡྲའི་མཁན་པོ་མཛད། རྩ་འཇུག་བཞི་གསུམ་དང༌། རིགས་པ་དྲུག་ཅུ་པའི་འགྲེལ་པ་ལ་སོགས་པ་མཛད་དེ་སངས་རྒྱས་བསྐྱངས་ཀྱི་ལུགས་དེ་ཉིད་ཆེས་དར་བར་མཛད་པ་ཡིན་ནོ།།

དེར་རི་མོར་བྲིས་པའི་བ་གྲུས་མ་ལས་འོ་མ་བཞོས་ནས་དགེ་འདུན་ཐམས་ཅད་འོ་ཐུག་གིས་ཚིམ་པར་མཛད་པ་དང༌། རྡོའི་ཀ་བ་ལ་ཕྱག་ཐོགས་མེད་དུ་སོང་ཞིང༌། རྩིག་པ་ལ་ཐོགས་མེད་དུ་བཞུད་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཡོད་ཅིང༌། མུ་སྟེགས་ཀྱི་རྒོལ་བ་མང་པོ་བཟློག་པར་མཛད། མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ་གོངྐུ་ནའི་ཡུལ་དུ་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད། བྲམ་ཟེ་དང་ཁྱིམ་བདག་ཕལ་ཆེར་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ། ཅེས་རབ་ཏུ་བྱུང་ཡུལ་ལྷོ་ཕྱོགས་ས་མནྟར་ཡིན་པར་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་སོགས། པོད། ༼༡༽ དབུ་མེད་བྲིས་མ། དཔེ་རིང་། ཤོག་ ༢༨༠བ༢

[2]  རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར།

[3]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ཨང་ ༡༥ པ། དབུ་ཤོག་ཤོག་གྲངས་ ༨༢༧

[4]  བཀའ་གདམས་ཆོས་འབྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་གྲངས་ ༡༨

[5]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ཤོག་གྲངས་ ༡༨༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༩༥ ནས་ ༤༩༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *