༡༦༽ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྣམ་ཐར།

༡༦༽ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས།

 

དེ་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]།

དགེ་སློང་ལུས་ལ་ཡེ་ཤེས་སྤྱན། །ཤིང་ཀུན་གནས་སུ་གསང་འདུས་གཟིགས། །

སངས་རྒྱས་ཡེ་ཤེས་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཡུལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་པའི་མཚན་ཐོགས་ཚུལ་ནི། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-) གྱིས་མཛད་པའི་འདུས་པ་ཞབས་ལུགས་ཀྱི་བསྐྱེད་རིམ་རྣམ་བཤད་ལས[2]། གསུམ་པ་ནི། བྲམ་ཟེ་ས་ར་ཧ་དང་མཚན་གཅིག་པ་ཞིག་ཡིན་ནམ་བརྟག་གོ །དེ་རྣམས་ཀྱི་ཡོ་བྱད་ནི་ས་བཅུའི་བྱང་སེམས་རིན་ཆེན་མང་གི་རྣམ་འཕྲུལ་གནོད་གནས་དབང་པོས་ཉིན་རེ་ཞིང་ཀར་ཤ་ (ཀརྴ) པ་ཎ་བདུན་བརྒྱ་རེ་སྦྱར་རོ། །གཞན་ཡང་རྣམ་ཐར་གྱི་གཏམ་རྒྱུད་རྒྱས་པ་ནཱ་ལེནྡྲར་འདུལ་བ་དང་། རྡོ་རྗེ་གདན་གྱི་མཆོད་པ་དང༌། རབ་གནས་རྒྱས་པ་ལ་སོགས་པའི་ལོ་རྒྱུས་ཀྱི་སྐལ་བ་དང་ལྡན་པ་ཆེར་དད་པར་བྱས་ལ། ཞེས་དམན་ཞབས་པས་བཤད་ཀྱང་དེ་དག་གི་ཚུལ་རྒྱས་པ་མི་གསལ་ཞིང༌། བླ་མས་སྤྲང་ཆས་མཛད་པ་ལ་མང་པོའི་ནང་དུ་བཀུར་སྟི་མ་མཛད་པར་ལྐོག་ཏུ་མཛད་པ་བླ་མས་དྲིས་པ་ན། ད་ཀི་མ་མཐོང་ཞེས་ཞུས་པས་སྤྱན་ས་ལ་ལྷུང་སྟེ་མཐོལ་བཤགས་དྲག་པོས་གསོལ་བ་བཏབ་པས་ཞབས་ལ་ཡེ་ཤེས་ཀྱི་སྤྱན་གནང་བས་ཡེ་ཤེས་ཞབས་སུ་གྲགས་སོ། །ཞེས་བོད་ཀྱི་གཏམ་རྒྱུད་མང་པོ་ལ་འབྱུང་བ་ལ་ནི་རྒྱ་གར་གྱི་ཁུངས་མ་མཐོང་ངོ༌། །ཞེས་བྱུང་ངོ་།།

རོང་སྟོན་ཤེས་བྱ་ཀུན་གཟིགས་ (1367-1449) ཀྱིས་མཛད་པའི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ལ་བསྟོད་པ་བྱིན་རླབས་གློག་ཕྲེང་རྣམ་པར་གཡོ་བའི་འོད་ལས[3]། མཁྱེན་པའི་ཉི་འོད་རབ་ཏུ་རྒྱས་པ་ཡིས། །སྣ་ཚོགས་གདུལ་བྱ་པདྨོའི་གཉེན་གྱུར་པ། །མི་ཤེས་མུན་པ་རིང་དུ་སྤོང་མཛད་ཅིང་། །གྲུབ་པའི་རིག་འཛིན་མཆོག་གི་ས་ལ་གནས། །མཁྱེན་རབ་དབང་པོ་ལྷ་ཡིས་རྗེས་བཟུང་བས། །ཏིང་འཛིན་དགའ་བདེའི་དཔའ་ལ་མངོན་པར་རོལ། །མཆོག་གི་དངོས་གྲུབ་རབ་བརྙེས་སློབ་མའི་ཚོགས། །རྣམ་མང་རྒྱུ་སྐར་ཕྲེང་ལྟར་གྲངས་ལས་འདས། །གང་གསུང་སྙན་པའི་སྒྲ་དབྱངས་ཆ་ཙམ་གྱིས། །རྣམ་མང་འགྲོ་བ་ཡོངས་སུ་སྨིན་མཛད་ཅིང་། །གྲུབ་པའི་ས་ཐོབ་དུ་མས་བསྟོད་པ་དང་། །རྗེས་འཇུག་གདུལ་བྱའི་ཡན་ལག་རྣམ་པར་རྒྱས། །ངོ་མཚར་དཔག་མེད་ཡོན་ཏན་རྒྱན་ལྡན་པ། །མཆོག་གི་ས་ཐོབ་ཁྱེད་ལ་རབ་ཏུ་བསྟོད། །དགེ་ཚོགས་གྲུབ་པ་གང་གིས་བདག་སོགས་ཀུན། །གྲུབ་པའི་རིག་འཛིན་ས་ལ་གནས་གྱུར་ཅིག །ཅེས་རྣམ་ཐར་དང་མཐུན་པའི་བསྟོད་པ་མཛད་དོ།།

སློབ་དཔོན་འདི་ཉིད་ཡུལ་གང་དུ་འཁྲུངས་པ་དང་། བླ་སློབ་དང་། གདན་ས། གང་ལ་སྦྱངས་པ་མཛད་པའི་ཚུལ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་གསང་འདུས་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང་བརྒྱུད་པའི་རིམ་པ་ལས[4]། ཕྱིས་བྱུང་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་བྱ་བ་འདི་ནི། རྒྱ་གར་ཤར་ལྷོའི་ཡུལ་སིནྡྷུ་ར་ཞེས་བྱ་བར། རྒྱལ་པོ་གྷ་པ་རུ་པྲ་བྷ་ཝ་ཞེས་བྱ་བའི་སྲས་སུ་འཁྲུངས་སོ། །དེའང་བྱིས་པ་ཉིད་ནས་གཟུགས་དང་། ཤེས་རབ་དང་ཀུན་ཏུ་སྤྱོད་པ་རྣམ་པར་དག་པར་གྱུར་ནས་སྒྲ་དང་སྡེབ་སྦྱོར་དང་། ལུགས་ཀྱི་བསྟན་བཅོས་ལ་སོགས་པ་ལ་རབ་ཏུ་མཁས་པར་སྦྱངས་སོ། །ཆེར་སྐྱེས་པ་དང་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་དོར་ནས། ན་ལེནྡྲའི་ཕྱོགས་གཅིག་ཏུ་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བར། རྒྱལ་པོ་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བས་བརྩིགས་པ་ཏྲི་ཀ་དྷྲུ་ཞེས་བྱ་བའི་གཙུག་ལག་ཁང་དུ་མང་པོས་བཀུར་བའི་སྡེ་པར་གཏོགས་པ། ཚུལ་ཁྲིམས་དང་ཡོན་ཏན་དུ་མས་མཛེས་པ། མཁན་པོ་རྣམ་པར་སྣང་མཛད་བཟང་པོ་ཞེས་བྱ་བའི་སློབ་མའི་མཆོག །ཐུགས་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གོམས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་གཞོལ་བ། གཞུང་ལུགས་དུ་མའི་ཕ་རོལ་ཏུ་སོན་ཅིང་བདེ་བར་གཤེགས་པའི་གསུང་རབ་དུ་མའི་མཛོད་འཛིན་ལ། བྱེ་བྲག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གསལ་བར་འཆད་པ། སློབ་དཔོན་བདག་ཉིད་ཆེན་པོ་སེང་གེ་བཟང་པོ་ཞེས་བྱ་བ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་མང་དུ་གསན་ཅིང་མཁྱེན་པར་མཛད་ནས། བྲམ་ཟེའི་རིགས་ཀྱི་དགེ་སློང་མ་ཡོན་ཏན་བཤེས་གཉེན་གྱི་དོན་དུ་སྡུད་པའི་འགྲེལ་པ་ཡང་མཛད་ལ། གཞན་ཡང་འཆད་པ་དང་རྩོམ་པའི་བྱ་བ་མང་དུ་མཛད་དོ། །ཞེས་བྱུང་ངོ་།།

དེ་བཞིན་འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[5]། ཡེ་ཤེས་ཞབས་ལུགས་ཀྱི་སྐབས། གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་ཞེས་གྲགས་པ་དེ་ཡང་བོད་ཀྱི་ཡུལ་འདིར་སྒོ་དུ་མ་ནས་བྱུང་ངོ་། །དེ་ལ་སློབ་དཔོན་སངས་རྒྱས་ཡེ་ཤེས་ནི། རིག་པའི་གནས་མཐའ་དག་ལ་མཁས་པའི་པཎྜི་ཏ་སྟེ། དེས་ཡུལ་མ་ག་དྷའི་བྱེ་བྲག་ཁ་བི་ཞེས་བྱ་བར་གྲོང་ཁྱེར་རྡོ་འཇོག་ཏུ། སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་ཤིན་ཏུ་མཁས་པ། རྗེ་བཙུན་གྱི་སྣང་བ་ཐོབ་པར་ཡང་གྲགས་པ་དེ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་ལས་གཞན་པའི་གཞུང་ཡང་མང་དུ་ཐོས་ཤིང་། རིགས་པས་ཀྱང་རྣམ་པར་དཔྱད་པ་མཛད་ནས། སླར་ནཱ་ལེནྡྲར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པའི་འགྲེལ་པ་ལ་སོགས་པ་བརྩམས་ནས་གཞན་དག་ལ་བཤད་པ་མཛད། ཅེས་གསུངས་པ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[6]། དྷརྨ་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ། འདིས་རྒྱལ་སྲིད་ལོ་དྲུག་ཅུ་རྩ་བཞི་མཛད། ཀཱ་མ་རཱུ་པ་དང༌། ཏི་རཱ་ཧུ་ཏི་དང༌། གཽ་ཊ་ལ་སོགས་པ་ཡང་དབང་དུ་བསྡུས། ཆབ་སྲིད་ཤིན་ཏུ་ཆེ་སྟེ་ཤར་དུ་རྒྱ་མཚོ་ལ་ཐུག་པ། ནུབ་ཏུ་ཊི་ལི་ཚུན་ཆད། བྱང་དུ་ཛ་ལེནྡྷ་ར་མན་ཆད། ལྷོ་ལ་རི་འབིགས་བྱེད་ཀྱི་ཁོངས་ཚུན་ཆད་ལ་ལུང་བསྒྱུར། སེང་བཟང་དང༌། ཡེ་ཤེས་ཞབས་བླ་མར་བསྟེན། ཤེར་ཕྱིན་དང༌། དཔལ་གསང་བ་འདུས་པས་ཕྱོགས་ཐམས་ཅད་གང་བར་མཛད། གསང་བ་འདུས་པ་དང༌། ཕར་ཕྱིན་ཤེས་པའི་པཎྜི་ཏ་གྲལ་མགོར་འཇོག་པ་སོགས་བྱུང༌། རྒྱལ་པོ་འདི་རྒྱལ་སྲིད་དུ་འཁོད་ཙམ་ན། གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་ཡང་བྷཾ་ག་ལའི་ཡུལ་དུ་བྱུང་ནས་འགྲོ་བའི་དོན་མཛད། དེའི་ལོ་རྒྱུས་གཞན་དུ་ཤེས། ཞེས་སློབ་དཔོན་སེང་བཟང་དང་དུས་མཉམ་ལྟ་བུར་བྱོན་པར་གསུངས་སོ།།

དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[7]ཀྱང་། སློབ་དཔོན་སེངྒེ་བཟང་པོའི་སློབ་མའི་ཐོག་མ་ལྟ་བུ་ཡིན་ཅིང༌། སེང་བཟང་སྐུ་འདས་པ་ཙམ་ན་གྲུབ་པ་བརྙེས་ནས་ཆོས་སྟོན་པའི་འགོ་བརྩམས་པ་ཡིན། དེ་ནས་ལོ་འགའ་འདས་པ་ན་རྒྱལ་པོའི་བླ་མར་གྱུར་ཞེས་གསུངས་ཀྱང༌། དུས་རབས་ཅུང་འགྲིགས་དཀའ་བས་བརྟག་པར་བྱ་དགོས་ལ། ལ་ལས་སློབ་དཔོན་སངས་རྒྱས་ཡེ་ཤེས་ནི། ནུབ་ཕྱོགས་ཨུ་རྒྱན་ཡུལ་དུ་སྐུ་འཁྲུངས། དེ་ཡང་སློབ་དཔོན་སེང་བཟང་གི་སློབ་མ་ཡིན་པས་དུས་རབས་ ༨ པའི་ནང་དུ་བྱོན་སྙམ། མཁས་གྲུབ་ཆེན་པོ་འདིས་རིམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་ལུང་སོགས་བརྩམས་གནང་བར་གསལ་ལ། མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཉང་ཆོས་འབྱུང་ལས[8]། འབྲི་ཀ་མ་ལ་ཤཱི་ལ་བྱ་བར་བཏགས་ཏེ། ཚུལ་ཁྲིམས་ཀྱི་དྲི་ངད་དང་ལྡན་པ་ཡིན་ནོ། །དེའི་རབ་གནས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་དོ། །ཞེས་རྒྱལ་པོ་ར་མ་པ་ལས་འབྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་གསར་བཞེངས་གནང་བའི་རབ་གནས་སློབ་དཔོན་འདིས་མཛད་པར་ཡང་གསལ་ལོ།།

དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད་ལས[9]། གཉིས་པ་ཡེ་ཤེས་ཞབས་ལུགས་ནི། བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་ཅན་ཁྲི་ལྡེ་གཙུག་བརྟན་གྱི་དུས་ཙམ་ན་སློབ་དཔོན་འདི་བྱུང་བ་ཡིན། འདིས་སློབ་དཔོན་སེང་གེ་བཟང་པོ་དང་། འཇོ་སྒེག་རྡོ་རྗེ་དང༌། རྣལ་འབྱོར་མ་གུ་ཎེ་རུ་དང༌། རྣལ་འབྱོར་མ་ཛ་ཏི་ཛ་ལ་དང༌། སློབ་དཔོན་བྱིས་པའི་ཞབས་དང༌། གྲུབ་ཐོབ་སྲུང་བའི་ཞབས་རྣམས་བསྟེན། ཐུན་མོང་གི་དངོས་གྲུབ་དང་ནུས་མཐུ་དཔག་ཏུ་མེད་པ་ཐོབ། ད་དུང་གནས་ལུགས་མ་རྟོགས་ཏེ་སྒྲུབ་པ་མཛད་པས། འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པར་ལུང་བསྟན། ས་ཕྱོགས་ཤིག་ཏུ་འཕགས་པ་འཇམ་དཔལ་ཉིད་ཁྱིམ་བཙུན་རིག་མ་དང་བཅས་པའི་ཚུལ་དུ་གཟིགས། གསོལ་བ་བཏབ་པས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དངོས་སུ་གྱུར་ཏེ་དབང་བསྐུར། གདམས་པ་བསྟན། ཡེ་ཤེས་ཁྱད་པར་ཅན་བརྙེས། ཟས་དང་སྤྱོད་པ་དང་ཆ་བྱད་གསུམ་ལ་མ་དད་པས་ལུས་གནས་མ་གྱུར། བར་དོར་སངས་རྒྱ་བར་ལུང་བསྟན། བི་ཀྲ་མ་ལ་ཤཱི་ལའི་རབ་གནས་དང༌། རྡོ་རྗེ་གདན་མཆོད་པ་དང༌། ནཱ་ལནྡ་བཏུལ་བ་དང༌། གནོད་གནས་དབང་པོས་ཡོན་བདག་བྱེད་པ་སོགས་ཆེ་བ་དཔག་ཏུ་མེད་པ་དང་ལྡན་པའི་སློབ་དཔོན་དེས། འཇམ་དབྱངས་ཀྱི་གསུང་ལ་ཟིན་བྲིས་འཇམ་དཔལ་ཞལ་ལུང་བསྡུས། སྒྲུབ་ཐབས་ཀུན་བཟང༌། རྫོགས་རིམ་གྲོལ་བའི་ཐིག་ལེ་སོགས་མཛད། རྗེས་འབྲང་སོ་སོས་རྒྱུད་བཤད་འགྲེལ་པ་རིགས་མི་གཅིག་པ་མཛད་པ་མང་དུ་ཡོད། དངོས་སློབ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་འཇའ་ལུས་ཡེ་ཤེས་ཀྱི་སྐུ་ཐོབ་པ་བཞི་བྱུང་སྟེ། མར་མེ་མཛད་བཟང་པོ། པདྨ་འབྱུང་གནས། རབ་ཞི་བཤེས་གཉེན། རྒྱལ་རིགས་སྒྲ་གཅན་འཛིན་ནོ། །ཞེས་པ་ལྟར་རོ།།

དཔའ་བོ་གཙུག་ཕྲེང་ལྟར་ན་སློབ་དཔོན་ཨརྱ་དེ་བའི་སློབ་མར་བཤད་པ་ལྟར། དུས་རབས་ནི་འགྲིགས་པར་སྣང་ཡང༌། ལོ་རྒྱུས་རྙིང་མའི་རིགས་ལ་སྣང་བ་ལྟར་ན། ཐོག་མར་སློབ་དཔོན་ཛ་ལན་དྷ་རི་པ་དང༌། ཨོ་རྒྱན་གྱི་སློབ་དཔོན་སྒེག་པ་རྡོ་རྗེ་དང༌། རྣལ་འབྱོར་པ་གུ་ནི་རུ་སོགས་བླ་མ་མང་པོ་བསྟེན་ནས་གསང་སྔགས་ཀྱི་ཚུལ་མང་དུ་གསན། ཡོ་བྱད་རྣམས་རྨུགས་འཛིན་དང་ནོར་རྒྱུན་མས་སྦྱར། ལན་ཅིག་ཀོང་ཀ་ནའི་སློབ་དཔོན་པཱ་ལི་ཏ་པ་པཱ་དེ་ལོ་དགུའི་བར་བསྟེན་ཅིང་འདུད་པས་རྒྱུད་ཚར་བཅོ་བརྒྱད་མཉན་ཀྱང་དེ་ཁོ་ན་ཉིད་མ་རྟོགས་པར་བླ་མ་ལ་ཞུས་པས། དེ་ནི་ཁོ་བོས་ཀྱང་མ་རྟོགས་གསུངས། དེ་ནས་རྡོ་རྗེ་གདན་གྱི་རྒྱབ་ཀུ་ཤའི་ཚལ་ཞེས་བྱ་བར་བསྙེན་སྒྲུབ་ཡན་ལག་བཞི་སྦོག་ཆོག་དང་བཅས་པས་ཟླ་བ་བཅུ་གཉིས། དྲག་ཤུལ་སྤྱོད་པ་ཟླ་བ་དྲུག་སྟེ་བཅོ་བརྒྱད་དུ་བསྒྲུབས་པས། དེ་ཁོ་ན་ཉིད་རྟོགས་པར་འདོད་ན་འཕགས་པ་འཇམ་དཔལ་ལ་དྲིས་ཤིག་ཅེས་ལུང་བསྟན་བྱུང་བས། འོ་ན་འཇམ་དཔལ་རི་བོ་རྩེ་ལྔར་བཞུགས་པས། དེར་འགྲོ་དགོས་དགོངས་ཏེ་དེ་ཕྱོགས་སུ་སོང་སོང་བ་ན། ཉི་མ་ཕྱེད་ཙམ་ན། ཁང་པ་དཀར་ཙག་ཙག་ཅིག་གི་འགྲམ་དུ་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་རྒན་པོ་ཆོས་གོས་ཀྱི་ཐོད་བྱས་པ། བུད་མེད་ངན་ངོན་གཅིག་དང་ལྷན་ཅིག་ཞིང་རྨོ་བར་གཟིགས་པས། ཅུང་ཟད་མ་དད། དེའི་འགྲམ་ཞིག་ཏུ་ཁྱི་མོ་དཀར་པོ་ངན་པ་ཞིག་ཀྱང་ཉལ་ནས་འདུག །དེར་ཟས་ཀྱི་དུས་ལ་བབས་པས་བསོད་སྙོམས་ཤིག་སློང་བ་ལ། ཡུར་བ་ནས་ཉ་ཞིག་བཟུང་སྟེ་ཁྱི་མོ་ལ་སྦྱིན། དེས་སྐྱུགས་པ་སློབ་དཔོན་ལ་དྲངས་པ་རྣམ་པར་རྟོག་པས་མ་བླངས་པས། ཁྱིམ་བཙུན་ན་རེ། འཛམ་བུ་གླིང་པ་རྣམ་རྟོག་ཆེ། ཟས་བཟང་པོ་དྲོངས་གསུངས་ཏེ་གཞན་ཞིག་ཏུ་སོང༌། དེར་བུད་མེད་དེས་འབྲས་ཆན་དང་ཞོ་དྲངས་པ་གསོལ་ནས་འགྲོ་བར་བརྩམས་པ་ན། དེ་རིང་ཉི་མ་ཕྱིས་པས་གྲོང་དུ་མི་སླེབས། སང་ཉིན་སོང་ཟེར་བ་བཞིན་བཞུགས་ཏེ་གསང་འདུས་ཀྱི་རྒྱུད་བཀླགས་པས། སློབ་དཔོན་རང་ཉིད་ཐེ་ཚོམ་ཟ་བའི་གནས་གར་ཡོད་ཀྱི་ཐད་དེར་བུད་མེད་དེས་ཀྱང་མི་དགའ་བའི་རྣམ་འགྱུར་རེ་བྱས་པས། འདིས་གཞན་གྱི་སེམས་ཤེས་པར་འདུག་དགོངས་ཏེ་ཐེ་ཚོམ་བསལ་བར་ཞུས་པས། ངས་མི་ཤེས་ད་ཅིའི་ཁྱིམ་བཙུན་དེ་གསང་འདུས་ལ་ཤིན་ཏུ་མཁས། ཕྱི་དྲོ་ཙ་ན་སླེབས་འོང་བས་དེ་ལ་ཐེ་ཚོམ་ཆོད་ཟེར་བ་ལྟར་ཕྱི་དྲོ་ཙ་ན་ཁྱིམ་བཙུན་ཆང་གིས་བཟི་ནས་གོམ་པ་འཁྱོར་བཞིན་དུ་བྱུང་བས། དེར་སྔགས་ཀྱི་སྤྱོད་པ་ཅན་དུ་ཤེས་ཏེ་ཞབས་ལ་ཕྱག་བཙལ་ནས་ཐེ་ཚོམ་གཅོད་པར་ཞུས་པས་དབང་བསྐུར་དགོས་གསུངས། གཞན་ནས་ཐོབ་ཞུས་པས། ངས་ཆོས་སྟོན་པ་ལ་རང་གིས་དབང་བསྐུར་དགོས་གསུངས་ནས་ཁང་པ་ཞིག་ཏུ་སོང༌། སྲོད་ཀྱི་དུས་སུ་སློབ་དཔོན་གྱིས་ནང་དུ་བོས་པ་ལ། འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་སྤྲུལ་པའི་དྲུང་ན་ཁྱིམ་བཙུན་བུད་མེད་ཁྱི་མོ་བཅས་པ་སྣང་སྟེ་དབང་སུ་ལ་ལེན་གསུངས་པས། དཀྱིལ་འཁོར་ལ་འཚལ་ལོ་ཞུས་པས། འོ་ན་ལོངས་ཤིག་གསུངས་ཏེ་གསུམ་ཀ་ཁང་པ་གཞན་ཞིག་ཏུ་སོང་ལ་དཀྱིལ་འཁོར་ཡང་མི་སྣང་བར་གྱུར། དེར་སློབ་དཔོན་ཐུགས་སྐྱོ་སྟེ་ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་གཅིག་ལ་སོགས་པ་གདུང་བའི་ཡུས་ཀྱིས་གསོལ་བ་བཏབ་པས། སླར་ཡང་སྔར་བཞིན་དཀྱིལ་འཁོར་སྤྲུལ་ཏེ་དབང་བསྐུར། རྫོགས་པ་ཆེན་པོ་སེམས་སྡེའི་མན་ངག་བཤད་པས་རྟོགས་པ་ནམ་མཁའ་དང་མཉམ་པར་གྱུར། འཇམ་དཔལ་ཞལ་ལུང་ཞེས་རིམ་པ་གཉིས་ཀྱི་དེ་ཁོ་ན་བསྒོམས་པ་འདི་ཉིད་སློབ་དཔོན་གྱིས་སྡུད་པ་པོའི་ཚུལ་མཛད་པ་ཡིན། དེར་ཆོས་ཐམས་ཅད་ཀྱི་གཏིང་སླེབས། ཐོག་མར་ཁྱིས་སྐྱུགས་པའི་ཟས་དང༌། ཁྱིམ་བཙུན་གྱི་སྤྱོད་པ་སོགས་ལ་མ་དད་པའི་རྟེན་འབྲེལ་གྱིས་སྐུ་ལུས་དེ་ཉིད་ཀྱིས་མཆོག་གི་དངོས་གྲུབ་མ་ཐོབ་ཀྱང༌། བར་དོར་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པ་ཡིན་ཞེས་གྲགས། བསྟན་བཅོས་ཀྱང་གྲོལ་བའི་ཐིག་ལེ་དང༌། སྒྲུབ་ཐབས་ཀུན་ཏུ་བཟང་པོ་སོགས་ཤིན་ཏུ་མང་བར་མཛད། སློབ་དཔོན་འདིའི་རྫོགས་རིམ་གྱི་མན་ངག་སྔོན་ཆད་བོད་དུ་བསྒྱུར་བ་རྣམས། སེམས་སྡེ་ཁོ་ནའི་གྲུབ་མཐའ་གཙང་སིང་ངེ་བར་གནས་ཤིང༌། རྒྱུ་མཚན་དེས་རྗེས་འབྲང་སློབ་མའི་ཚོགས་དང་བཅས་པའང༌། རྫོགས་པ་ཆེན་པོའི་བརྒྱུད་པར་དོན་གྱིས་འགྲོ་ལ། ཞེས་བདག་གི་དགེ་བའི་བཤེས་གཉེན་ཆེན་པོའི་ཞལ་ལས་ཐོས་སོ། །སྲུང་བའི་ཞབས་ཀྱང་སློབ་དཔོན་འདིའི་གདམས་པས་གྲོལ་བར་བཤད་པ་དང༌། ཤྲཱི་སིངྷ་ཡང་འདིའི་མཚན་གྱི་རྣམ་གྲངས་སུ་འདོད་པའང་སྣང་ངོ༌། །དུས་རབས་ནི་ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་ཙམ་དུའང་འཚོ་ཞིང་བཞུགས་པས། ཕལ་གྱི་སྣང་ཚོད་ལས་འདས་པ་ཞིག་གི་སྐུ་ཚེ་བཞུགས་པར་བསམ་མོ། །[10] ཞེས་བྱུང་།

དེ་བཞིན་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[11]། སློབ་དཔོན་སེངྒེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་པ་ཞིག་སྟེ། ཁ་བི་ཞེས་བྱ་བ་གྲོང་ཁྱེར་རྡོ་འཇོག་ཏུ། སློབ་དཔོན་སེངྒེ་བཟང་པོ་བསྟེན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྦྱངས་པས་མཐར་ཕྱིན་པ་ལོབས་ཤིང་། ནཱ་ལེནྡྲར་བྱོན་ཏེ་བཤད་ཅིང་རྒྱུད་འགྲེལ་བརྩམས། དེ་ནས་སྔགས་ཀྱི་ཐེག་པ་འཚོལ་བའི་ཕྱིར་དུ་གྲུབ་ཆེན་ཕག་ཚང་པ་ལ་འདུས་པའི་ཕྱོགས་འགའ་ཞིག་གསན། པཎྜི་ཏ་ལྔ་བརྒྱའི་དབུས་སུ་ཤེར་ཕྱིན་འཆད་པའི་ཚེ། སློབ་དཔོན་དེ་རོད་ངན་གོས་ཧྲུལ་བ་རིགས་ངན་ཕག་འཚོ་བའི་ཚུལ་དུ་མདུན་རོལ་ཏུ་འོངས་པ་སློབ་མ་ལ་ངོ་ཚ་ནས་མ་མཐོང་བ་སྐད་བྱས་པས། དེ་ཉིད་དུ་སྤྱན་གཉིས་ས་ལ་བྲུལ། བཟོད་པར་གསོལ་བས་སོར་ཆུད། ཡེ་ཤེས་ཀྱི་སྤྱན་ཡང་ཐོབ་པས་ཡེ་ཤེས་སྤྱན་ཞེས་ཀྱང་བྱ། བོད་དག་དེའི་ཚེ་དངོས་ཀྱི་སྤྱན་གཉིས་ཤོར་ལ་ཞབས་ལ་སྤྱན་བྱུང་ཟེར་བ་ཡེ་ཤེས་ཞབས་ཞེ་སར་མ་གོ་བའི་སྐད་དོ། །ཨུ་རྒྱན་དུ་བྱོན་ནས་སློབ་དཔོན་སྒེག་པའི་རྡོ་རྗེ་བསྟེན། བྱ་བ་དང་། རྣལ་འབྱོར་གྱི་རྒྱུད་ལེགས་པར་བསླབས། གནས་དེའི་ཕྱོགས་གཅིག་ན་དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་མ་གུ་ནེ་རུ་ཞེས་གྲགས་པའི་དྲུང་དུ་ཕྱིན། བླ་ན་མེད་པའི་རྒྱུད་སྡེ་མང་དུ་ཐོས།

ཡང་རྨི་ལམ་དུ་ཡུལ་དེ་ཉིད་ཀྱི་བྱང་གི་སྒོ་སྲུང་གདོལ་པ་ཛ་ཐིག་ཛ་ལ་ཞེས་བྱ་བའི་བུ་མོ་ལོ་བཅུ་དྲུག་ལོན་པ་ལཀྵིཾ་ཀ་ར་ཡིན་པས་དེར་སོང་ཞེས་ལུང་བསྟན་པ་བཞིན། དེ་དང་བཤེས་སུ་འཐམས་ཏེ་ཟླ་བ་བརྒྱད་ཀྱི་བར་དུ་མཉེས་པར་བྱས། དེས་ཀྱང་སློབ་དཔོན་ཕྱག་རྒྱ་ཆེན་པོ་ལ་དགའ་བར་རྟོགས་ནས་དེའི་ཆ་རྐྱེན་སྒྲུབ་པའི་ཕྱིར་སྣོད་གནས་ཀྱི་མན་ངག་སྩལ་བས་གྲུབ་སྟེ། ཡོ་བྱད་ཐོགས་མེད་དུ་གྱུར། དེ་ནས་ཛ་ལནྡྷ་རར་བྱོན་ཏེ་གྲོང་ཁྱེར་ཀོ་ནེ་ཛེར་གྱི་ཕྱོགས་གཅིག་ན་བྱིས་པ་ཆུང་བའི་ཞབས་ཞེས་བྱ་བ་ཤེས་རབ་ཀྱི་རྒྱུད་ལ་ལྷག་པར་མཁས་པ་ཞིག་ཡོད་པ་དེ་ལ་ལུང་མང་པོ་ཐོས་ཤིང་སྒོམ་པ་ལ་ནན་ཏན་མཛད། དེ་ནས་ཡུལ་དབུས་ནས་ལྷོ་ཕྱོགས་སུ་དཔག་ཚད་སུམ་བརྒྱ་ཕྱིན་པ་ན། ཡུལ་ཀཾ་ཀོ་ན་ཞེས་བྱ་བ་ནམ་མཁའ་ལ་ནགས་ཚལ་འཁྲིགས་པ་ཞིག་ཡོད་པ་དེའི་ཕྱོགས་གཅིག་ན། ཀླུ་སྒྲུབ་ཀྱི་སློབ་མ་སྲུང་བའི་ཞབས་ཞེས་བྱ་བ་ཐབས་ཀྱི་རྒྱུད་ལ་ཤིན་ཏུ་མཁས་པ་རྫུ་འཕྲུལ་ཐོབ་པ་སློབ་མ་དགུ་དང་བཅས་པ་ལ་ནོར་རྒྱུན་མས་ཉིན་རེ་བཞིན་གསེར་གྱི་མ་ཤ་བཅུ་དང་། མུ་ཏིག་གི་དོ་ཤལ་ཕྱེད་དང་། ཀརྴ་པ་ཎ་སུམ་བརྒྱ་རེ་འཕྲལ་གྱི་ལོངས་སྤྱོད་ཀྱི་རྐྱེན་དུ་སྦྱོར་བ་ཞིག་ཡོད་དེ། ལོ་དགུར་བསྟེན་ནས་བསྐྱེད་པའི་རིམ་པ་སྐྱེ་བ་གཅིག་གིས་ཐོགས་པ་རྣལ་འབྱོར་གསུམ་པའི་མཐར་ཕྱིན་པར་མཛད་དོ།།

གནས་དེར་རྣལ་འབྱོར་མ་རྣམས་དང་ལྷན་ཅིག་པའི་སྤྱོད་པའང་ཟླ་བ་ཕྱེད་ཀྱི་བར་དུ་མཛད། དེ་ལྟར་འབད་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པས། བླ་མ་སྲུང་བའི་ཞབས་ལ་ཞུས་ནས། དེའི་ཞལ་ནས་དེ་ནི་ཁོ་བོས་ཀྱང་མ་རྟོགས་ཞེས་གསུངས་པས་ཐུགས་ཆད་དེ། རང་གི་ཕྱག་རྒྱ་མ་གླེགས་བམ་གྱི་གཟུགས་སུ་བསྒྱུར་ཏེ་མགུལ་དུ་བཏགས་ནས། རྡོ་རྗེ་གདན་གྱི་རྒྱབ་ཀཱུ་བ་ཛ་ཞེས་བྱ་བའི་ནགས་སུ་ཕྱིན་ཏོ། །ནགས་དེའང་སྟག་དྲེད་ལ་སོགས་པས་གང་བ་ཤིན་ཏུ་འཇིགས་པ་སྟེ། དེར་ཐུགས་ལ་སྤྱིར་བྱང་ཆུབ་ཀྱི་སྙིང་པོ་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཅན་རྣམས་འཁོར་བའི་ནགས་ཉོན་མོངས་པའི་གཅན་གཟན་གྱིས་གང་བར་གནས་པ་ཡིན་ལ། བདག་ཀྱང་དེ་ཁོ་ན་ན་གནས་པས་དེ་ལས་ཐར་བར་བྱ་བའི་ཕྱིར་ལྷ་དྲག་ཏུ་བསྐུལ་བའི་ཆོ་ག་ལ་བརྩོན་པར་རིགས་སོ་སྙམ་ནས་ཟླ་བ་དྲུག་ཏུ་འབད་པ་ལ་དེ་ཁོ་ན་ཉིད་སྟོན་པའི་སློབ་དཔོན་བྱི་བའི་ཤམ་ཐབས་ཅན་བྱ་བ་ཡོད་ཟེར་ལུང་བསྟན་བྱུང་། བཙལ་བས་དགེ་སྦྱོང་ཤམ་ཐབས་བྱེ་ཞིང་ཆོས་གོས་ལ་ཐོད་བྱས་ནས་ཞིང་རྨོ་ཞིང་འདུག་གོ །དེར་རྗེས་སུ་འཛིན་པར་གསོལ་བས་ཁྱིམ་བསྟན་ཏེ་དེར་སོང་། དེ་ནས་སླེབས་འོང་ཟེར། དེར་ཕྱིན་པ་ན་ཆུང་མ་ཨ་ཁག་པ་ཞིག་དང་ཁྱི་མོ་དཀར་མོ་ཞིག་ལས་མི་སྣང་ལ། དེར་ཁོ་སླེབས་ནས་ཞིང་གི་རོལ་ནས་འཐུས་པའི་འབུ་སྲིན་ཐུ་བ་གང་དེ་ལ་གཏད་དེ་ཚོས་ཤིག་ཟེར། དེ་ལྟར་བྱས་པ་ན་ངས་རྗེས་སུ་འཛིན་པ་འདི་ཡིན་གྱི། འདི་ཟོ་ཟེར་སློབ་དཔོན་ལ་བྱིན་ནོ། །དེར་སློབ་དཔོན་ཅུང་ཟད་ཐེ་ཚོམ་དུ་གྱུར་ཏོ། །རྟོག་གེ་བ་བྱ་བ་འདི་ཁ་ཡིན་སོམ་ཉི་མ་བྱེད་པར་ཟོ་ཞིག་ཟེར། ཟོས་པ་དང་སྐད་ཅིག་ལ་དེ་ལྟར་མི་སྣང་སྟེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་གྱུར་ཏོ། །དེར་སློབ་དཔོན་གྱིས།

ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན། །

ཁྱོད་ཀྱིས་བདག་ལ་སོགས་པ་འཇིགས་པ་ཆེ་ལས་སྐྱོབས། །

འགྲོ་བའི་དབང་པོ་རྗེ་བཙུན་ཁྱོད་ཀྱིས་སྡུག་བསྔལ་སེལ། །

ཁམས་གསུམ་གཏོང་བྱེད་ཆེ་བས་ཆེ་ཁྱོད་སྐྱེ་བོ་སྐྱོངས། །

ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་པས་དབང་བསྐུར། སློབ་དཔོན་གྱིས་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་དེ། རྣལ་འབྱོར་བཞི་པ་ཡེ་ཤེས་ལ་དབང་བའི་རྣལ་འབྱོར་པར་གྱུར་ཏོ། །

དེ་ནས་འཇམ་པའི་དབྱངས་ཀྱི་ཞལ་གྱི་ལུང་ལེགས་པར་བསྟན་ཞིང་བསྟན་བཅོས་རྩོམ་པར་གནང་བ་སྦྱིན་པས། རྡོ་རྗེ་གདན་ནས་རྒྱང་གྲགས་ལྔ་བཅུ་ཡོད་པའི་སར་དབང་ཆེན་རིན་པོ་ཆེའི་ཕུག་ཅེས་པར་གནས་བཅས་ཏེ་སྒྲུབ་ཐབས་ཀུན་ཏུ་བཟང་པོ་ལ་སོགས་པ་ལུང་དང་མཐུན་པའི་ཆོས་བཅུ་བཞི་བརྩམས། གཟུགས་ཀྱི་ཕུང་པོ་ནི་གནས་མ་གྱུར་ཅེས་གྲགས་ལ། དེ་ལ་སློབ་མའི་མཆོག་བཅོ་བརྒྱད། དེ་རྣམས་ཀྱི་ནང་ནས་ཆེ་བ་བཟང་པོ། རབ་ཏུ་ཞི་བའི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་འོ། །བཅོ་བརྒྱད་ཀྱི་ནང་དུ་དམན་པ་ཞབས་ཀྱང་གཏོགས་ལ། དེས་ཞལ་ལུང་གི་འགྲེལ་པའང་བྱས་སོ། །ཞེས་བྱུང་ངོ་།།

གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899/1900) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[12]། དེ་ལས་སློབ་དཔོན་སེང་གེ་བཟང་པོའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཨོ་རྒྱན་དུ་བྱོན་ནས། ལཀྵྨཱི་ཆེན་མོ་མཉེས་པར་བྱས། གཞན་ཡང་སྲུང་བའི་ཞབས་དང་། འཇམ་དཔལ་བཤེས་གཉེན་སོགས་ལས་གསང་བ་འདུས་པའི་དབང་རྒྱུད་མན་ངག་བཅས་པ་མནོས་ནས་བསྒོམས་པས་ཀྱང་གྲུབ་སྟེ། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་མཛད་དེ་ཀྲི་ཡོག་སྡེ་གསུམ་དང༌། ནང་རྒྱུད་སྡེ་ལྔ་སྟེ། འདུས་པ། སྒྱུ་འཕྲུལ་དྲྭ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་རྣམས་དང༌། ཁྱད་པར་གསང་བ་འདུས་པའི་རྒྱུད་གཙོ་བོར་བཤད་པས་རྡོ་རྗེ་ཐེག་པའི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད། སྒྲུབ་ཐབས་ཀུན་བཟང༌། རྫོགས་རིམ་གྲོལ་བའི་ཐིག་ལེ་སོགས་མཛད་ཅིང་། འདུས་པ་ཡེ་ཤེས་ཞབས་ལུགས་ཞེས་སྲོལ་ཆེན་གཅིག་ཏུ་གྲགས། འཇམ་དཔལ་གྱི་གསུང་ལ་ཟིན་བྲིས་སུ་མཛད་པ་འཇམ་དཔལ་ཞལ་ལུང་སོགས་གཞུང་བཅུ་བཞི་དང་། གཞན་ཡང་གཞུང་མང་པོ་མཛད། སློབ་མ་ཤིན་ཏུ་མང་ཡང་གཙོ་བོར་རྒྱལ་ཚབ་ཀྱི་ས་ལ་གནས་པ་བཅོ་བརྒྱད་དང༌། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་མར་མེ་མཛད་བཟང་པོ། རབ་ཞི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། རྡོ་རྗེ་བདེ་བ་ཆེན་པོ་སྟེ་མཆོག་བཞི་བྱོན་ནོ། །ཞེས་བྱུང་བ་ལྟར་རོ།།

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-) གྱིས་མཛད་པའི་འདུས་པ་ཞབས་ལུགས་ཀྱི་བསྐྱེད་རིམ་རྣམ་བཤད་ལས[13]།

དཔལ་ལྡན་གསང་བ་འདུས་པའི་རྩ་རྒྱུད་དང༌། །ཁྱད་པར་ཕྱི་མའི་བཤད་རྒྱུད་གཙོར་བྱས་ནས། །

འཇམ་པའི་དབྱངས་ཀྱིས་ཡེ་ཤེས་ཞབས་ལ་གསུངས། །མར་མེ་མཛད་བཟང་དམན་པའི་ཞབས་ལ་སོགས། །

འཕགས་ཡུལ་མཁས་པ་དུ་མས་རྒྱ་ཆེར་བཀྲལ། །འཕགས་པའི་ལུགས་དང་ཡེ་ཤེས་ཞབས་ལུགས་ཞེས། །

འཛམ་གླིང་ལྷོ་ན་ཉི་ཟླ་ལྟ་བུར་གྲགས། །བྱང་དུའང་རྒྱུད་འགྲེལ་རྒྱ་གཞུང་མང་དུ་འགྱུར། །

ཞེས་གསུངས་པ་ལྟར། འཛམ་གླིང་ན་ཉི་ཟླ་ལྟར་གྲགས་པའི་ཡ་གྱལ་ཡེ་ཤེས་ཞབས་ལུགས་དར་འཕེལ་བྱུང་ཚུལ་ནི། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[14]། །དུས་ཕྱིས་སློབ་དཔོན་ཨ་བྷ་ཡས་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་བརྩམས་པ་ཡང་། དཀྱིལ་འཁོར་གྱི་ཆོ་ག་བཞི་བརྒྱ་ལྔ་བཅུ་པ་ལ་གཙོ་བོར་བརྟེན་པས་ན། ཡེ་ཤེས་ཞབས་ལུགས་ཀྱི་ཁོངས་སུ་གཏོགས་སོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་དུས་ཕྱིས་རྡོ་རྗེ་གདན་དང་དེ་དང་ཉེ་བ་དག་ཏུ་བཞུགས་ཏེ། ལྷ་ཁང་གསར་དུ་བཞེངས་པ་དང་། མཆོད་པ་ཡང་རྒྱ་ཆེན་པོ་མཛད་དོ་ཞེས་གྲགས་སོ། །བོད་དུ་ནི་ཡེ་ཤེས་ཞབས་ལུགས་རྣམས་དང་པོར་ལོ་ཆེན་རིན་ཆེན་བཟང་པོ་ལ་མང་དུ་བྱུང་ནས་སློབ་མ་རྣམས་ལ་ཡང་གསུངས་ཤིང་རིམ་པར་བརྒྱུད་དོ། །པཎྜི་ཏ་སྨྲི་ཏིས་ཀྱང་ཁམས་སུ་ཡེ་ཤེས་ཞབས་ལུགས་རྣམས་མང་དུ་བཤད། སྔོན་གྱི་སློབ་དཔོན་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་གཉིས་ཀྱང་ཡེ་ཤེས་ཞབས་ཀྱི་དངོས་ཀྱི་སློབ་མ་ཡིན་ལ། དེ་གཉིས་ཀྱིས་མཛད་ཅིང་འགྱུར་བའི་ཆོས་རྣམས་ཀྱང་ཡེ་ཤེས་ཞབས་ཀྱི་ལུགས་སོ། །བར་དུ་པཎྜི་ཏ་སུ་ན་ཡ་ཤྲཱི་དང་གཉན་ལོ་ཙཱ་བས་ཀྱང་བོད་དུ་ཡེ་ཤེས་ཞབས་ལུགས་མང་དུ་བཤད་ཅིང་། གཉན་གྱི་སློབ་མ་སྣང་ཁའུ་བ་ནས་ཀྱང་མང་དུ་འཕེལ་ལོ། །ཞེས་གསུངས་པ་ལྟར། ཡེ་ཤེས་ཞབས་ལུགས་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་ལུགས་ཏེ། གསང་འདུས་ཀྱི་སྐོར་འཕགས་ལུགས་དང་མི་འདྲ་བའི་ཁྱད་པར་རྣམས་རྗེ་ཙོང་ཁ་པས་མཛད་པའི་སྔགས་རིམ་ཆེན་མོ་སོགས་ནང་གསལ། ཞེས་དུང་དཀར་ཚིག་མཛོད་ཆེན་མོ་ལས་[15]གསུངས་པ་ལྟར། དཔལ་གསང་བ་འདུས་པའི་ལུགས་གཉིས་ཏེ། རྒྱལ་བ་རྡོ་རྗེ་འཆང་ནས་འཕགས་པ་ཀླུ་སྒྲུབ་སོགས་ལས་བརྒྱུད་པ་ལ་གསང་འདུས་འཕགས་ལུགས་དང་། རྗེ་བཙུན་འཇམ་དཔལ་དབྱངས་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་སོགས་ནས་བརྒྱུད་པ་ལ། ཡེ་ཤེས་ཞབས་ལུགས་ཞེས་ཡོངས་སུ་གྲགས་པ་རྣམ་པ་གཉིས་ལས། ཕྱི་མ་ནི་སློབ་དཔོན་འདིའི་ལུགས་ཐུན་མོང་མ་ཡིན་པ་ཞིག་གོ །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐོར་ནི། དཔལ་གཤིན་རྗེ་གཤེད་སྐོར་གྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་འཇམ་དཔལ་ཆོས་ཀུན་གསལ་བའི་ཉིན་བྱེད་དུ་[16]ཞིབ་པར་གསལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས། སྣར་ཐང་བསྟན་འགྱུར། རྒྱུད། ༼ནུ༽ ཤོག་གྲངས་ ༣༢༤བ༧

[2] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ག༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༢

[3] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༩བ༡

[4] ཆོས་རྒྱལ་འཕགས་པའི་གསུང་འབུམ། ༼ཁ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༦༠༩

[5] དེབ་ཐེར་སྔོན་པོ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༥༢

[6] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༦༢

[7] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༦༥

[8] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་ ༦༤

[9] རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༦

[10] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༥༤༦

[11] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༡༤༠

[12] ཤེས་བྱ་ཀུན་ཁྱབ། ༼ཨོཾ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༤

[13] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ག༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༢༠

[14] དེབ་ཐེར་སྔོན་པོ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༥༢

[15] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༨༦༧

[16] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼༡༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༣༦ན༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༧༡ ནས་ ༡༨༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *