༡༠༽ སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་རྣམ་ཐར།

༡༠༽ སློབ་དཔོན་ཆོས་ཀྱི་བཤེས་གཉེན།

 

དེ་ཡང་སློབ་དཔོན་དྷརྨ་མི་ཏྲ་སྟེ་ (Dharmamitra) སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནམ་མཚན་བསྡུས་པར་ཆོས་བཤེས་ཞུ་ཞིང་། སློབ་དཔོན་འདི་ཉིད་ཡུལ་གང་དུ་སྐུ་འཁྲུངས་པ་ནི། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བའི་མཛད་བྱང་ལས[1]།

ཡུལ་ཆེན་པོ་བཻ་ད་ལར་སྐྱེས་པའི་སློབ་དཔོན་མཁས་པ་ཆེན་པོ་གྲུབ་པའི་མཐའ་རབ་འབྱམས་ལ་མཁྱེན་པའི་སྣང་བས་ཁྱབ་པ། ཐེག་པ་ཆེན་པོ་དབུ་མའི་སློབ་དཔོན་དཔལ་ཆོས་ཀྱི་བཤེས་གཉེན་ཞེས་བྱ་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་བཻ་ད་ལར་སྐུ་འཁྲུངས་ཤིང་། དབུ་མའི་སློབ་དཔོན་ཡིན་པ་མཛད་བྱང་དུ་གསལ་བར་བྱུང་ངོ་།།

ཡང་བདེ་བར་གཤེགས་པའི་བཀའ་ཇི་སྙེད་པ་པར་དུ་བསྒྲུབས་པའི་གཏམ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ལས[2]། ཙནྡྲའི་རིགས་ཀྱི་རྒྱལ་པོ་རྫོགས་མཚམས་ཤིག་ཏུ་ན་ལནྡར་སློབ་དཔོན་དུལ་བའི་ལྷ་བྱུང་སྟེ། དེས་སྡེ་བདུན་ལ་འགྲེལ་པ་བྱས། སློབ་དཔོན་ཤུ་བྷ་མི་ཏྲ་དང་། ཚུལ་ཁྲིམས་བསྐྱངས་དང་། ཤཱནྟི་སཽ་མ་སོགས་ཀྱིས་རྣམ་རིག་གི་གྲུབ་མཐའ་བཟུང་ནས། མདོ་སྡེ་དང་འདུལ་བ་དར་བར་བྱས། དཔལ་སྦས་ཀྱི་སློབ་མ་སློབ་དཔོན་ཡེ་ཤེས་སྙིང་པོ་དང་། སློབ་དཔོན་ཙམྤ་ལ་པ་སོགས་ཀྱིས་ཀླུ་སྒྲུབ་ཀྱི་ལུགས་བསྐྱངས། བྷངྒ་ལའི་བྱེ་བྲག་ཧ་ཙི་པུ་ར་ཞེས་པར་བཙུན་པ་ངོ་བོ་ཉིད་མེད་པ་བྱོན་ཏེ། ཐོགས་མེད་ལུགས་ཀྱི་དབུ་མ་རྒྱ་ཆེར་བཤད། ཐོ་གར་གྱི་ཡུལ་དུ་བྱེ་སྨྲའི་སློབ་དཔོན་འདུལ་བ་འཛིན་པ་ཆོས་ཀྱི་བཤེས་གཉེན་བྱོན། མ་རུའི་ཡུལ་དུ་འདུལ་འཛིན་བསོད་ནམས་གྲགས་དང་། ཙི་ཏ་བ་རའི་ཡུལ་དུ་འདུལ་འཛིན་ཞི་བ་འོད་དང་། ཁ་ཆེར་འདུལ་འཛིན་མ་ཁོལ་པ་རྣམས་ཀྱིས་བསྟན་པ་སྤེལ་ལོ། །ཞེས་འདུལ་འཛིན་པ་ཆོས་བཤེས་ནི་ཐོ་གར་དུ་འཁྲུངས་ཤིང་། འདུལ་བསྟན་སྤེལ་བར་གསུངས་པས། དེ་ལྟར་ན་དབུ་མའི་སློབ་དཔོན་ཆོས་བཤེས་དང་། བྱེ་སྨྲའི་སློབ་དཔོན་ཆོས་བཤེས་གཉིས་བྱོན་པར་གསལ་ལོ།།

དེ་བཞིན་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[3]། དེའི་ཚེ་ཐོ་གར་[4]དུ་བྱེ་སྨྲའི་འདུལ་འཛིན་དྷརྨ་མི་ཏྲ་ (ཆོས་ཀྱི་བཤེས་གཉེན་འགྲེལ་ཆུང་དོན་གསལ་འགྲེལ་པ་རྩོམ་པ་པོ་མིན།) ཞེས་པ་བྱུང་ཞིང་། དེ་དུས་བྷཾ་ག་ལའི་ཙ་ཊི་གྷ་པོའི་གྲོང་ཁྱེར་གྱི་པཎྜི་ཏ་བི་ཧ་ར་ཞེས་པའི་གཙུག་ལག་ཁང་དུ་མུ་སྟེགས་པའི་རྒོལ་བ་ཞིག་བྱུང་བའི་ཚེ་རྒན་མོ་ཞིག་གི་ཁ་ལ་ཉན་ནས་ཚེར་མ་ལྟ་བུའི་རྩེ་ཅན་གྱི་ཞྭ་གྱོན་ནས་རྩོད་པས་རྒྱལ་བ་ལས་པཎ་ཞྭ་རྩེ་རིང་དར་རོ། །ཞེས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་འདི་ཉིད་བྱེ་སྨྲའི་འདུལ་འཛིན་ཡིན་པ་དང་། ཐོ་གར་དུ་སྐུ་འཁྲུངས་པར་གསུངས་ལ། འདི་ཉིད་འགྲེལ་ཆུང་དོན་གསལ་མཛད་པ་པོའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་མིན་པར་གསུངས་པས། དེ་ལྟར་ཆོས་བཤེས་མཚན་ཅན་གྱི་སློབ་དཔོན་མང་དུ་བྱུང་བར་མངོན་ནོ།།

དེ་ཡང་དུས་རབས་དྲུག་པ་ཙམ་ནང་བྱོན་པའི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་རབ་ཏུ་བྱུང་ཡུལ་གྱི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གཅིག་དང་། དུས་རབས་ ༩ པའི་ནང་དུ་བྱོན་པའི་སློབ་དཔོན་སེང་བཟང་གི་འགྲེལ་ཆུང་ལ་འགྲེལ་བཤད་མཛད་པ་པོའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་དང་། དུས་རབས་བཅུ་གཉིས་ནང་བྱོན་པའི་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ (1100-1199) གསུམ་བྱོན་པ་ལས། ཕྱི་མ་འདི་ཉིད་སློབ་དཔོན་ཆོས་ཀྱི་འབྱུང་གནས་ཀྱི་སློབ་མ་དང་། སློབ་དཔོན་ཡོན་ཏན་འོད་ཀྱི་བླ་མ་ཡིན་པར་གསལ་ལ། ལ་ལས་ཆོས་ཀྱི་བཤེས་གཉེན་ནི་ཡོན་ཏན་འོད་ཀྱི་སློབ་མར་འདོད་པའི་ལུགས་གཉིས་ལས། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[5]། ཤཱཀྱ་འོད་ཀྱིས་སུམ་བརྒྱ་པ་རྩ་འགྲེལ་མཛད། ཡོན་ཏན་འོད་ཀྱི་སློབ་མ་ཆོས་ཀྱི་བཤེས་གཉེན་གྱིས་འདུལ་བ་རྒྱ་ཆེར་འགྲེལ་མཛད། འགྲེལ་ཆུང་གི་འགྲེལ་པ་ཚིག་གསལ་མཛད་པ་པོ་དང་གཅིག །ཅེས་ཡོན་ཏན་འོད་ཀྱི་སློབ་མ་ཆོས་བཤེས་དང་འགྲེལ་ཆུང་གི་འགྲེལ་པ་ཚིག་གསལ་མཛད་པ་པོ་གཉིས་སློབ་དཔོན་གཅིག་ཡིན་པར་གསུངས་ལ། དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་དམ་པའི་ཆོས་འདུལ་བའི་ཆོས་འབྱུང་དད་པའི་འབབ་སྟེགས་ལས[6]། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བའི་མདོ་བམ་པོ་དགུ་པའི་བདག་ཉིད་ཅན་དང་། ཀརྨ་ཤ་ཏཾ་བམ་པོ་དགུ་ཡོད་པ་གཅིག་དང་གཉིས་མཛད། དེའི་སློབ་མ་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ཏེ། འདིས་མདོ་རྩ་བའི་རྒྱ་ཆེར་འགྲེལ་པ་བམ་པོ་བདུན་ཅུ་པ་གཅིག་མཛད། ཅེས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་སློབ་དཔོན་ཡོན་ཏན་འོད་ (དུས་རབས་ལྔ་པ་དྲུག་པ།) ཀྱི་སློབ་མ་ཡིན་པར་གསུངས་པས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱི་མཚན་ཅན་གཉིས་གསུམ་བྱུང་བར་གསུངས་ཀྱང་། དེ་དག་གི་རྣམ་ཐར་སོ་སོར་ཞིབ་གསལ་ཞིག་མཇལ་བར་དཀོན་ནོ།།

འོན་ཀྱང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[7]། ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་ཅུང་ཟད་ཙམ་ནི་གཞན་དུ་ཤེས་ལ། ཆོས་བཤེས་འདི་དང༌། འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་མཛད་མཁན་གྱི་ཆོས་བཤེས་གཅིག་པར་སྨྲ་ཞིང༌། དེ་ཉིད་ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་འདོད་པ་ནི་འཁྱམས་པ་ལས་ཀྱང་ཆེས་འཁྱམས་པ་སྟེ། དེ་འདྲའི་ལུགས་ལྟར་ན། འཕགས་པ་རྣམ་གྲོལ་སྡེ་དང་སེང་གེ་བཟང་པོ་དུས་མཉམ་པར་བྱེད་དགོས་སོ། །དེའི་ཚེ་ཤར་ཕྱོགས་སུ་རྩོད་པའི་ཁྱད་པར་མང་པོ་དག་བྱུང་སྟེ། སྔོན་གྱི་རྩོད་པ་ལྟ་བུའི་རྒྱལ་ཕམ་ཆེར་ནུས་པའི་རྩོད་པ་ཆེ་བ་ནི་མ་བྱུང་ཡང༌། རྩོད་པ་ཆུང་ངུས་དུས་འདའ་བ་ཞིག་བྱུང་ངོ༌། །དེར་ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་བརྟེན་ནས་བརྩད་པས། ནང་པའི་ཕྱོགས་སྔོན་ལས་རྩོད་པ་སླ་བ་ཞིག་ཡོད་ནའང༌། དུས་ཀྱི་དབང་གིས་མཁས་པ་ཉུང་བ་དང༌། མུ་སྟེགས་ཀྱི་རྒོལ་བ་ལྷག་པར་མང་བས་སངས་རྒྱས་པའི་གཙུག་ལག་ཁང་ཕྲ་མོ་ཐམས་ཅད་ན། ནང་པའི་རྒོལ་བ་རྣམས་སེམས་འཚབ་འཚུབ་མོར་གནས་པ་ཞིག་ཡོང་བ་ན། བྷཾ་ག་ལའི་བྱེ་བྲག་ཙ་ཊི་གྷ་བོའི་གྲོང་ཁྱེར་གྱི་གཙུག་ལག་ཁང་པིཎྜི་བི་ཧ་ར་ཞེས་བྱ་བ་ན། ནངས་པར་མུ་སྟེགས་ཀྱི་རྒོལ་བ་མང་པོ་དང་རྩོད་པ་བྱེད་པར་ཁས་བླངས། ཐུབ་བམ་མི་ཐུབ་སྙམ་ནས་ཐེ་ཚོམ་མེ་ཡོད་པ་ལས་བུད་མེད་རྒན་མོ་ཞིག་བྱུང་ནས། ཚེར་མ་ལྟ་བུའི་ཅོད་པན་མགོ་ལ་གྱོན་ཏེ་རྩོད་ཅིག་རྒྱལ་བར་འགྱུར་རོ་ཟེར། དེ་བཞིན་དུ་བྱས་པས་དེ་རྒྱལ་ཞིང༌། གཞན་དུ་ཡང་དེ་ལྟར་བྱས་པས་རྒྱལ་བ་བྱུང་ནས། དེ་ཕྱིན་ཆད་ནས་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་རིམ་གྱིས་དར་ཏེ། རྒྱལ་པོ་པཱ་ལ་བདུན་བརྒྱུད་དང༌། སེ་ན་བཞི་བརྒྱུད་ཀྱི་རིང་ལ་ཐེག་ཆེན་པའི་པཎྜི་ཏ་ཐམས་ཅད་ཞྭ་རྩེ་རིང་གྱོན་པ་བྱུང་བ་ཡིན་གྱིས། དེ་ཡན་ཆད་དུ་མེད་དོ། །སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་ཡན་ཆད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང༌། དེ་མན་ཆད་ནས་ཡང་དག་པའི་མཁན་པོ་ཆེན་པོ་སྤྱིར་ནས་བསྟན་པ་ལ་བྱ་བ་ཁྱད་པར་ཅན་བྱས་པ་ཤིན་ཏུ་མང་མོད་ཀྱི། སྔོན་གྱི་སློབ་དཔོན་དེ་དག་དང་མཚུངས་པ་ཆེར་མ་བྱོན་ཞིང་། བྱོན་དུ་ཟིན་ནའང་དུས་ཀྱི་དབང་གིས་སྔོན་བཞིན་བསྟན་པ་གསལ་བར་མ་གྱུར་ཏོ། །འཕགས་པ་ཐོགས་མེད་བྱོན་པའི་དུས་ཙམ་ནས་དུས་འདི་ཙམ་གྱི་བར་དུ་སྔགས་ཀྱི་གྲུབ་ཐོབ་ཆེས་ཆེ་བ་རྣམས་བྱུང་ཞིང༌། བླ་མེད་ཀྱི་ཆོས་རྣམས་སྐལ་བ་དང་ལྡན་པ་ཉག་ཅིག་ལ་དར་བ་ལས་ཐུན་མོང་དུ་འཆོལ་བ་ཡེ་མེད། དུས་འདིའི་འོག་རོལ་ཙམ་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཇེ་དར་ཇེ་དར་ལ་ཤིན་ཏུ་དར་བར་གྱུར་ཞིང༌། བར་སྐབས་ཤིག་ཏུ་རྣལ་འབྱོར་རྒྱུད་ཀྱང་ཤིན་ཏུ་དར་ལ། བྱ་སྤྱོད་ཀྱི་རྒྱུད་རྣམས་འཆད་པ་དང་སྒོམ་པ་རིམ་གྱིས་ནུབ་བོ། །ཞེས་གསལ་བ་ནི་ཞལ་གསལ་ཤོས་སུ་སྣང་ངོ་།།

དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[8]། སློབ་དཔོན་སེངྒེ་བཟང་པོའི་དངོས་སློབ་ལས་འགྲེལ་པ་དོན་གསལ་ལ་ཆོས་ཀྱི་བཤེས་གཉེན་གྱིས་འགྲེལ་པ་ཚིག་གསལ་མཛད་དེ་འགྲེལ་བྱེད་སྔ་མ་བཞིའི་མཐུ་ལས་འགྲེལ་བར་བཤད་པས་ཆོས་བཤེས་ཀྱི་འཇམ་པའི་བཤད་པ་ཟེར། ནུབ་ཀྱི་སྒོ་གླེགས་པ་ཤེས་འབྱུང་བློ་གྲོས་ཀྱི་བསྡུས་དོན་ལས་སྔ་མ་བཞི་ལས་ལྷག་པར་འཆད་པར་བཀྲལ་བས། ཤེས་འབྱུང་གི་རྩུབ་བཤད་ཟེར། གསེར་གླིང་པས་འགྲེལ་པར། སྔོན་ཡང་བྱུང་བདག་གིས་ཀྱང་འགྲེལ། །ཞེས་པ་ལྟར་བཀྲལ་བས་གསེར་གླིང་པའི་བཏང་སྙོམས་ཀྱི་བཤད་པར་གྲགས་ཤིང་། སངས་རྒྱས་ཡེ་ཤེས་ཀྱིས་ཀྱང་སྡུད་འགྲེལ་མཛད་དོ། །ཞེས་བྱུང་བ་ལྟར་སློབ་དཔོན་འདི་ཉིད་བཤད་པ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པར་གྲགས་སོ།།

དེ་ལྟར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[9]། ལོ་བཅུ་བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས། རྨི་ལམ་དུ་བྱམས་པས་རྗེས་སུ་བཟུང་ཞེས་འཆད་ཀྱང༌། སློབ་དཔོན་ཉིད་ཀྱིས་མཁས་པའི་འགྲེལ་པ་བཞི་ལས་རྙེད་ཅིང༌། ཁྱད་པར་འཕགས་པ་གཉིས་ཀྱི་འགྲེལ་པ་ལ་བརྟེན་པར་བཤད་དེ། འགྲེལ་ཆེན་དུ། འདི་ནི་འཕགས་པ་ཐོགས་མེད་ལ་སོགས་པ་རྣམས་ཀྱིས་བཤད་པ་བྲིས་པ་ཡིན་པའི་ཕྱིར་ཚད་མར་བྱའོ། །ཞེས་བཤད་པ་དང༌།

འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡི་དོན་མཐོང་སྒོ་ནས་ནི། །

ཞེས་སོ། །དེའི་སློབ་མ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་གྲགས་པ་འཇམ་པའི་དབྱངས་ལས་དབང་བསྐུར་བ་ཐོབ་པ་དེས་ཚོགས་སུ་སློབ་དཔོན་གསང་བས་མིག་ཐོན་ཡང་བཟོད་པར་གསོལ་བས་ཉིན་མཚན་གཉིས་ཀར་མཐོང་བའི་སྤྱན་བྱིན་པ་དེས་སློབ་མ་གུ་ཎ་མི་ཏྲས་བསྐུལ་ནས་སྡུད་འགྲེལ་བརྩམས། ཞེས་གསལ་བ་ལྟར། ཆོས་བཤེས་མཆོག་ནི་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བླ་མ་ཡིན་པས་དེ་གཉིས་བར་དུ་བྱོན་པར་གསུངས།

གཞན་ཡང་སློབ་དཔོན་ཆོས་བཤེས་དུས་ནམ་ཞིག་བྱོན་མིན་ནི། བླ་མ་སངས་རྒྱས་བྱང་སེམས་དུ་མའི་གསོལ་འདེབས་ལས[10]། ཟླ་མེད་སྟོན་པ་ཐུབ་དབང་རྡོ་རྗེ་འཆང༌། །རྒྱལ་ཚབ་དམ་པ་མི་ཕམ་འཇམ་པའི་དབྱངས། །ཀླུ་སྒྲུབ་ཐོགས་མེད་ཨཱརྱ་དེ་བ་སོགས། །སངས་རྒྱས་བྱང་སེམས་རྣམས་ལ་གསོལ་བ་འདེབས། །ཨིནྡྲ་བྷུ་ཏི་ཟླ་བཟང་འཇམ་དཔལ་གྲགས། །པད་དཀར་ས་ར་ཧ་དང་མ་ཏཾ་གི །ཀླུ་བྱང་ཤཱཀྱ་བཤེས་གཉེན་ལཱ་ལི་ཏ། །ལཱུ་ཧི་དཱ་རི་ཀ་པར་གསོལ་བ་འདེབས། །དྲིལ་བུ་པ་དང་ཏི་ལོ་ཤ་ཝ་རི། །ནཱ་རོ་ཏ་པ་མཻ་ཏྲི་ནག་པོ་སྤྱོད། །ཀུན་སྙིང་སངས་རྒྱས་གསང་བ་ལྭ་ཝ་པ། །ཤནྟི་ཨ་བྷྱ་ཀཱ་རར་གསོལ་བ་འདེབས། །དཔའ་བོ་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད། །ཟླ་གྲགས་འཕགས་བཙུན་གྲོལ་སྡེ་ཞི་བ་ལྷ། །མཆོག་དུལ་སེང་བཟང་གསེར་གླིང་ཀུ་སཱ་ལི། །རིགས་པའི་ཁུ་བྱུག་ཞབས་ལ་གསོལ་བ་འདེབས། །དབྱིག་གཉེན་བློ་བརྟན་ཕྱོགས་གླང་ཆོས་ཀྱི་གྲགས། །ཡོན་ཤཱཀ་ཆོས་བཤེས་སྒེག་རྡོར་ཞི་བ་འཚོ། །ཙནྡྲ་གོ་མི་བི་མ་ལ་མི་ཏྲ། །རྒྱལ་སྲས་པདྨ་ཀཱ་རར་གསོལ་བ་འདེབས། །སངས་རྒྱས་ཡེ་ཤེས་སྨྲི་ཏི་ཌོཾ་བྷི་ཝ། །བཻ་རོ་ཙ་ན་མར་པ་མི་ལ་རྗེ། །ཀཱ་མ་ཤཱི་ལ་འགོས་ལོ་བི་ཝ་རྦ། །གྷ་ཡ་དྷ་རའི་ཞབས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། ཡོན་ཏན་འོད་ཀྱི་རྗེས་སུ་བྱོན་པར་གསུངས་སོ།།

སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚུལ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་ཚར་ཆེན་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར་ལས[11]། སློབ་དཔོན་འདི་རྡོ་རྗེ་གདན་གྱི་ཤར་ཕྱོགས་བི་ཥ་སྨན་གྱི་དབང་པོའི་གྲོང་ཁྱེར་ན་རྒྱལ་པོ་གསེར་གྱི་འཁོར་ལོའི་སྲས་སུ་སྐུ་བལྟམས་པར་མཚན་མཁན་གྱིས་མཐུ་སྟོབས་ཀྱི་སྒོ་ནས་བསྟན་པ་གསལ་བར་འགྱུར། ཞེས་ལུང་བསྟན་ནས་མཚན་དངུལ་གྱི་འཁོར་ལོར་གསོལ། སོ་མ་པཱུ་རིར་མཁན་པོ་དུལ་བའི་ལྷ་ལ་རབ་ཏུ་བྱུང་། རིག་པའི་གནས་ལྔ་ལ་སྦྱངས། ནཱ་ལནྡར་མཁན་པོ་ཆོས་ཀྱི་བཤེས་གཉེན་ལ་བསྙེན་པར་རྫོགས་ཤིང་ཐེག་པ་ཆེ་ཆུང་གི་ཆོས་མཐའ་ཀླས་པ་དང་། ཁྱད་པར་རྣལ་འབྱོར་གསང་མཐའ་འཁོར་ལོ་སྡོམ་པ་གསན། གནས་བརྟན་དཔལ་ལྡན་ཆོས་སྐྱོང་ཞེས་གྲགས་ཏེ་ནཱ་ལནྡའི་མཁན་པོར་གྱུར། ཞེས་གནས་བརྟན་ཆོས་སྐྱོང་ངམ་གྲུབ་ཆེན་བི་རཱུ་པའི་སྔོན་དུ་སློབ་དཔོན་ཆོས་བཤེས་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་སྐབས་གྲུབ་ཆེན་ཉིད་བསྙེན་པར་རྫོགས་པར་གསལ་ལོ།།

ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཀྱི་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[12]།  དེའི་ཚེ་སློབ་དཔོན་ཆོས་བཤེས་ (དྷརྨ་མི་ཏྲ།) བྱོན་ཏེ་འདུལ་བ་རྒྱ་ཆེར་འགྲེལ་བརྩམས། སྐབས་དེར་མུ་སྟེགས་ཀྱི་རྒོལ་བ་ཤིན་ཏུ་མང་བར་གྱུར་ནས། ནང་པ་རྣམས་ཐུགས་འཚབ་འཚབ་པོར་གནས་དགོས་པ་བྱུང༌། འདིས་ཞྭ་རྩེ་རིང་གྱོན་ནས་མུ་སྟེགས་ཀྱི་རྒོལ་བ་ཞིག་བརྩད་པས་རྒྱལ་བ་ན། དེ་ཕྱིན་ཆད་པཎྜི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་དར། རྒྱལ་པོ་གོ་སཱ་ལ་ཞེས་བྱ་བས་ལྷ་མོ་ཙུནྡའི་གྲུབ་པ་ཐོབ་སྟེ། གཙུག་ལག་ཁང་བཞེངས་ནས་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཤིང་མཆོད་པ་ཆེན་པོ་བྱས་སོ།།

འདིའི་དུས་སུ་སློབ་དཔོན་ཤཱཀྱ་འོད་བྱུང་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་ཆེར་མཛད། འདུལ་བ་སུམ་བརྒྱ་པ་བརྩམས། དེའི་ཚེ་ཁ་ཆེའི་ཡུལ་དུ་དཱ་ན་ཤཱི་ལ་ཆེན་པོ་སོགས་འདུལ་འཛིན་མཁན་པོ་མང་དུ་བྱོན། ཞེས་གསུངས་པ་ལྟར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་དང་། དཱ་ན་ཤཱི་ལ། སློབ་དཔོན་ཤཱཀྱ་འོད་རྣམ་པ་གསུམ་སྐུ་དུས་མཉམ་པ་དང་། སྐབས་དེར་ཐོག་མར་སློབ་དཔོན་ཆོས་བཤེས་ཀྱིས་མུ་སྟེགས་པ་དང་རྩོད་པ་མཛད་སྐབས་པཎ་ཞྭ་བཞེས་པ་ནས་ཐོག་མར་དར་སྲོལ་བྱུང་བར་གསུངས་པས། སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་སློབ་དཔོན་ཤཱཀྱ་འོད་དང་སྐུ་དུས་མཉམ་པས་ན། ཤཱཀྱ་འོད་དུས་རབས་བརྒྱད་པའི་བྱོན་པར་གསུང་སྲོལ་ཡོད་པས་པཎ་ཞྭ་ཡང་དུས་རབས་བརྒྱད་པ་ཙམ་ནས་བཞེས་སྲོལ་བྱུང་བ་ཞིག་ཆགས་ཡོད།

དེ་ལྟར་དུས་རབས་གང་དུ་བྱོན་མིན་ནི། རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[13]། དུས་རབས་ནི་འཕགས་པ་རྣམ་གྲོལ་སྡེའི་སློབ་ཚོགས་རྣམས་བརྒྱ་ཕྲག་ལྔ་པའི་སྨད་ཙམ་ནས་བྱོན་པར་སྣང་ཡང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་ལས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མར་གསུངས་པ་ལྟར་ན་བརྒྱ་ཕྲག་དགུ་པའི་ནང་བྱོན་པ་ཞིག་ཡིན་འདུག །ཅེས་གསུངས། འོན་ཀྱང་སློབ་དཔོན་སྔ་མ་གཉིས་དུས་རབས་བཅུ་གཉིས་པའི་ནང་བྱོན་ཚུལ་ཡིག་ཆ་འགའ་ཞིག་ཏུ་གསལ་བས་དེ་ལྟར་ན་སློབ་དཔོན་འདི་གསུམ་དུས་མི་མཉམ་པས་དཔྱད་དགོས་ལ། དཔྱད་གཞིའི་ཡིག་ཆ་དཀོན་པས་འདི་ཙམ་གྱིས་འཐུས་པར་བྱས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཉ༽ དེབ་ཨང་ ༥༢ པ། ༢༠༠༨ ལོ། ཤོག་གྲངས་ ༩༦༦

[2] བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༥ པ། ༢༠༠༩ ལོ། ཤོག་ ༡༥༥

[3] སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༠༨

[4] ཐོ་གར་ནི་ Tukhara ཟུར་ཆག་པ་ཞིག་སྟེ། ཐོ་གར་གྱི་བཙུན་པ་ཆེན་པོ་དབྱངས་སྒྲོག་ཅེས་པ་ལྟར་ཀ་ཤི་སྨིར་ལའོ།།

[5] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༥༦

[6] འདུལ་བའི་ཆོས་འབྱུང་། པཎ་ཆེན་བསོད་གྲགས་ཀྱི་གསུང་འབུམ། ༼ད༽ དཔེ་གཟུགས། ཤོག་གྲངས་ ༧ན༦

[7] ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༡༩༢

[8] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༥

[9] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༥

[10] གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༩༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ ༢༠༠༩ ལོ། ཤོག་ ༣༦༩

[11] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༧༡

[12] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧

[13] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་གྲངས་ ༥༥༦

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༣༥ ནས་ ༡༤༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *