ག༽ ནཱ་ལེནྡྲའི་མཚན་སྙན་དང་མཁས་པའི་འཕྲིན་ལས། 

ག༽ ནཱ་ལེནྡྲའི་མཚན་སྙན་དང་མཁས་པའི་འཕྲིན་ལས།

 

དེ་ཡང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/5-1064) ཀྱིས་མཛད་པའི་ཇོ་བོ་རྗེས་རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པའི་རྣམ་པར་ཐར་པ་ལས[1]།

ཆོས་གྲྭ་ཆེན་པོ་དཔལ་གྱི་ན་ལེནྡྲར། །

རྒྱ་མཚོ་ལྟ་བུའི་ནོར་བུ་རིན་ཆེན་གླིང༌། །

པཎ་ཆེན་གནམ་གྱི་སྐར་མ་ལྟ་བུ་ཡོད། །

ཅེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི་གནའ་བོའི་རྒྱ་གར་ཡུལ་དབུས་ཀྱི་ཆེས་ཆེ་བའི་ནང་པའི་གཙུག་ལག་ཁང་སློབ་གཉེར་ཁང་ཞིག་དང་། གཞུང་བརྒྱ་བགྲོ་བའི་བསྟི་གནས་ཆེན་པོ་ཞིག །གཞི་རྒྱ་ཤིན་ཏུ་ཆེ་བའི་དགོན་སྡེ་ཞིག་ཀྱང་ཡིན་པར་མ་ཟད། ཆོས་སྡེ་འདི་ནི་ནང་པའི་མཁས་གྲུབ་ཁྲི་སྟོང་མང་པོ་རིམ་པར་བྱོན་པའི་མཁས་པའི་འབྱུང་གནས་ཤིག་ཀྱང་ཡིན། དཔལ་ནཱ་ལེནྡྲའི་བཞེད་གཞུང་ལ་མཚོན་ནའང་། ལུང་རིགས་གཉིས་ལས་རིགས་པ་གཙོ་བོ་དང་། དབང་པོ་རྣོ་རྟུལ་གཉིས་ལས་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལུགས་གཙོ་བོར་མཛད་པས་གཙུག་ལག་ཁང་ཆེན་པོ་འདི་ཉིད་ཀྱི་མཚན་སྙན་དང་། གཙུག་ལག་ཁང་འདི་ནས་བྱོན་པའི་པཎ་གྲུབ་ཉི་ཟླ་དང་མཚུངས་པ་རྣམས་ཀྱི་ཐུགས་བསྐྱེད་སྨོན་ལམ་ལས་འཕྲིན་ལས་ཀྱི་འོད་སྣང་ཕྱོགས་མཚམས་སུ་འཕྲོས་པའི་ཚུལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་པའི་བཀའ་སློབ་ལས[2]། སངས་རྒྱས་པའི་ཆོས་ནི་མི་རྣམ་དཔྱོད་དང་བློ་གྲོས་མཆོག་ཏུ་གྱུར་པ་དག་གིས་དགོངས་པ་མང་དུ་བཞེས་ནས་བྱུང་བ་ཞིག་སྟེ། དེ་ཡང་ཐོག་མར་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་། དེ་རྗེས་པཱ་ལིའི་ཆོས་བརྒྱུད་རྣམས་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ལུང་ལ་གཙོ་བོར་བརྟེན་ནས་འགྲོ་བ་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་ནི་དཔལ་ནཱ་ལེནྡྲར་དར་བ་དང་། ནཱ་ལེནྡྲ་ནི་ཤེས་ཡོན་གྱི་ལྟེ་གནས་ཤིག་ཏུ་གྱུར་པར་མ་ཟད། ནཱ་ལེནྡྲའི་ལམ་ལུགས་ནང་རིགས་པས་དཔྱད་པ་བྱ་རྒྱུའི་རིགས་ཤུགས་ཆེར་ཐོན་ཡོང་གི་ཡོད། བོད་ལ་ཡོད་པའི་ནང་ཆོས་ནི་ནཱ་ལེནྡྲ་ནས་བརྒྱུད་པ་དེ་ཡིན།

དེ་ཡང་མཁན་ཆེན་ཞི་བ་འཚོས་ནཱ་ལེནྡྲའི་ཆོས་བརྒྱུད་དེ་ཉིད་བོད་དུ་སྤེལ་གནང་བ་ཞིག་ཡིན་ལ། དེ་ནི་ཚད་མ་རིགས་པའི་ལམ་ནས་བརྟག་དཔྱད་བྱ་རྒྱུ་གཙོ་བོ་ཞིག་སྟེ། གང་ཞིག་ཡིན་ཡང་རིགས་པས་དཔྱད་པ་བྱ་རྒྱུའི་ལམ་སྲོལ་འདི་ནི་ཧ་ཅང་རྩ་ཆེན་པོ་ཞིག་རེད་འདུག །དེར་བརྟེན་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་རིགས་པས་དཔྱད་པ་བྱ་རྒྱུ་ཞིག་ཆགས་ཡོད་ལ། རིགས་པ་དཔྱད་པ་བྱས་ཏེ་འགལ་འདུ་ཡོད་ན། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་། དེ་ནི་གདུལ་བྱའི་དབང་གིས་གསུངས་པ་ལས་སྒྲ་ཇི་བཞིན་པར་ཁས་བླངས་ན་མི་འགྲིག་ཅེས་གསུང་གི་ཡོད། དེང་སྐབས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་པ་དེ་ཡང་ལས་སླ་པོའི་ཐོག་ནས་བྱེད་ཐུབ་པ་ནི། ང་ཚོས་ལུང་ཙམ་ལ་སྐྱབས་སུ་མི་མཆི་བར་རིགས་པ་ཁོ་ནའི་ཐོག་ནས་དཔྱད་པ་བྱས་ནས་འགྲོ་བས་ཡིན།

མདོར་ན། དབུ་མའི་གཞུང་ལ་སློབ་གཉེར་བྱེད་མཁན་ཚང་མས་མགོན་པོ་ཀླུ་སྒྲུབ་ནི་རྒྱལ་བ་གཉིས་པར་བརྩི་བཞིན་ཡོད་ལ་དོན་ལའང་དེ་ལྟར་ཆགས་ཡོད། ཤེར་ཕྱིན་གྱི་གཞུང་གི་བརྗོད་བྱའི་སྙིང་པོ་རྣམས་བསྡུས་ཏེ་ཆོས་རྣམས་མིང་བརྡས་བཞག་ཙམ་ཞིག་ལས། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་དག་གི་ཐོག་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་ཚོགས་རྣམས་ཧ་ཅང་རྩ་ཆེན་པོ་རེད་འདུག །མགོན་པོ་ཀླུ་སྒྲུབ་ཀྱིས་གཞུང་ལུགས་དེ་དག་མཛད་པ་དང་། སློབ་དཔོན་ཨཱརྱ་དེ་ཝས་དབུ་མ་བཞི་བརྒྱ་པ་བརྩམས་ནས་སྟོང་པ་ཉིད་ཀྱི་འགྲེལ་བཤད་མཛད་པ་དང་། དེ་བཞིན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བུདྡྷ་པཱ་ལི་ཏ་མཛད་པ། གཞན་ཡང་ཀླུ་སྒྲུབ་ཀྱི་དགོངས་པ་བཀྲལ་བ་ལ་མཆོག་ཏུ་གྱུར་པ་ནི་དཔལ་ལྡན་ཟླ་བ་གྲགས་པ་ཡིན་ཅིང་། དེ་ལ་བསམ་བློ་གཏོང་སྐབས། ང་ཚོ་ཆུང་ངུའི་དུས་ནས་དབུ་མ་འཇུག་པ་བློ་ངོར་འཛིན་བཞིན་ཡོད། དེ་བཞིན་མངོན་རྟོགས་རྒྱན་སོགས་བློ་འཛིན་བྱས་པ་འདི་དག་ནི་དངོས་གནས་ཧ་ཅང་སྐལ་བ་བཟང་པོ་ཞིག་རེད་འདུག །དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་མཛད་ཡོད། ངོས་ནས་འཇུག་པ་རང་འགྲེལ་ཡང་ཡང་ཀློག་བཞིན་ཡོད། ཧ་ཅང་ཡག་པོ་འདུག །ཧ་ལས་པའི་གཞུང་ཞིག་རེད་འདུག །ཁྱེད་རང་ཚོས་ཀྱང་དེ་ནི་རྒྱུན་དཔེའི་གྲས་སུ་བཞག་ནས་ལྟ་དགོས་པ་ཞིག་རེད་འདུག །དེ་ཡང་རིགས་ཚོགས་དྲུག་ལས་རྩ་བ་ཤེས་རབ་དང་། དབུ་མ་རིན་ཆེན་ཕྲེང་བའི་གཤམ་དུ་ཚིགས་སུ་བཅད་པ་ཉི་ཤུ་[3]ཞེས་པ་ཞིག་གསུངས་ཡོད། མདོར་ན།

བདག་ལ་དེ་དག་སྡིག་སྨིན་ཞིང༌། །བདག་བདེ་མ་ལུས་དེར་སྨིན་ཤོག །

ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །

དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །

ཅེས་གསུངས་པ་ནི་ཧ་ལས་པ་ཞིག་རེད་འདུག །བྱང་ཆུབ་ཀྱི་སེམས་ཀྱི་སྐོར་རྣམས་ཧ་ཅང་ཡག་པོ་ཞིག་འདུག །སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་རྩ་བ་ཤེས་རབ་ནས་གསུངས་པ་རྣམས་མ་རྩ་ཡིན་ལ། དེ་བཞིན་རིགས་པ་དྲུག་ཅུ་པ་དང་། རྩོད་བཟློག་སོགས་ཀྱང་ཧ་ཅང་ཡག་པོ་རེད་འདུག །དེ་དག་གི་ནང་དོན་བསྡོམས་ནས་དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པར་གསུངས་པ་ཧ་ཅང་ཡག་པོ་འདུག།

དེ་དག་ལ་ཐོས་བསམ་སྒོམ་གསུམ་ཞེས་པ་དེར་བསམ་བློ་གཏོང་དགོས་པ་ཡིན། དེ་ཡང་ཐོག་མར་དཔེ་ཆའི་འགྲེལ་པ་སོགས་ལ་བལྟ་བ་དང་། གསུང་ཆོས་ཀྱི་རིགས་ཀྱང་ཉན་པ་དེ་དག་གི་ཐོག་ནས་ཐོས་བྱུང་གི་ཤེས་རབ་སྐྱེས། རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་ཐོག་མཐའ་མ་ལས[4]།

ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས། །ཉིན་དང་མཚན་དུ་ཚུལ་བཞིན་རབ་བརྟགས་ནས། །

བསམ་བྱའི་གནས་ལ་བསམ་ལས་བྱུང་བ་ཡི། །རྣམ་དཔྱོད་བློ་ཡི་ཐེ་ཚོམ་ཆོད་པར་ཤོག །

ཅེས་གསུངས་པ་ལྟར། ཐོས་པའི་དོན་དེར་ཡང་ཡང་བསམ་བློ་གཏོང་བ་དང་། འབྲེལ་ཡོད་ཀྱི་གཞུང་གཞན་མང་པོ་གུང་བསྒྲིགས་ནས་བལྟས་ཏེ་སེམས་ཀྱི་གཏིང་ནས་འདི་ལས་འགྲོ་ས་མི་འདུག་སྙམ་པའི་ཁོ་ཐག་ཆོད་པ་ཞིག་བློ་ངོར་སླེབས་རྒྱུ་ཞིག་ཡོད། དེ་ནི་བསམ་བྱུང་གི་ངེས་ཤེས་རྙེད་པ་དེ་ཡིན་ལ། དེ་ལྟར་བསམ་བྱུང་གི་ངེས་པ་ཐོབ་པ་དེར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་གྲོགས་དང་བཅས་པས་ཡང་ཡང་དཔྱད་པ་བྱས་ནས་ཕྱིན་ན་རིམ་བཞིན་ཉམས་མྱོང་སྐྱེ་ཐུབ་པ་ཞིག་ཡོང་བ་དང་། ཐོས་བྱུང་གི་ཤེས་རབ་དང་། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་བཅས་དང་། དེ་རྗེས་ཞི་གནས་དང་འབྲེལ་ནས་ལྷག་མཐོང་སོགས་ཀྱང་རིམ་བཞིན་འགྲོ་དགོས་པ་ཡིན། དེས་ན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་རིགས་པ་དང་ལྡན་པ། ཚན་རིག་དང་མཐུན་པ་ཞིག་དངོས་གནས་རེད་འདུག །འདི་ལྟར་འགྲོ་རྒྱུ་ཡོད་པ་ཞིག་ཆགས་ཡོད། ཅེས་སོགས་གལ་ཆེའི་བཀའ་སློབ་ཟབ་རྒྱས་ཕེབས་པ་བཅས་སོ།།

གཞན་ཡང་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ལས[5]།

དམ་ཆོས་འཆད་པ་རྒྱུ་སྐར་ཕྲེང་བ་བཞིན། །

པཎ་ཆེན་མཁས་པའི་མཆོག་གྱུར་བརྒྱ་ཕྲག་ལྔ། །

གྲུབ་པའི་དབང་ཕྱུག་ཆེན་པོ་བཅུ་ཕྲག་བདུན། །

རབ་ཏུ་གྲགས་པ་ངོ་མཚར་དུ་མའི་གནས། །

ཞེས་བསྔགས་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། བཅུ་ཕྲག་རིག་པའི་གནས་ལ་ནང་བྱན་ཆུད་པའི་པཎ་ཆེན་མཁས་པའི་མཆོག་ཏུ་གྱུར་པ་ ༥༠༠ དང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་གྲུབ་ཆེན་ ༧༠ འམ་བརྒྱད་ཅུ་རྩ་བཞི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་སོགས་མཁས་གྲུབ་བྱེ་བའི་འབྱུང་གནས་ཀྱི་གདན་ས་ཞིག་སྟེ། དེ་ཡང་ཕྱི་ལོའི་སྔོན་གྱི་དུས་རབས་བཞི་པ་ཙམ་ནས་དུས་རབས་བཅུ་གསུམ་པའི་འགོ་སྟོད་ཙམ་གྱི་བར་མི་ལོ་བརྒྱ་ཕྲག་བཅོ་ལྔའི་རིང་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདི་ནས་མཐར་ཕྱིན་པའི་མཁས་བཙུན་བཟང་གསུམ་གྱི་བསུང་ཞིམ་སྲིད་པའི་རྩེ་མོར་འཐུལ་ཞིང༌། འཆད་རྩོད་རྩོམ་གསུམ་གྱི་ཕ་རོལ་ཏུ་ཕྱིན་པའི་པཎྜི་ཏ་དང་། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གྲངས་ཀྱིས་མི་ཆོད་ལ། དེ་རྣམས་ཀྱིས་བསྟན་པ་རིན་པོ་ཆེར་བྱ་བ་མཛད་པའི་རླབས་ཆེན་གྱི་ཤུལ་རྗེས་ད་ལྟའི་དུས་མཐའ་འདིར་ཡང་དངོས་སུ་མཇལ་དུ་ཡོད་པ་འདི་དག་གིས་ཀྱང་ཤེས་ནུས། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང༌། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་ཏེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང༌། སློབ་དཔོན་ཡོན་ཏན་འོད་དང་ཤཱཀྱ་འོད་དེ་འདུལ་བའི་བསྟན་པ་རིན་པོ་ཆེ་འཛིན་པའི་མཆོག་གཉིས། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཞི་བ་ལྷ། ཞི་བ་འཚོ། འཕགས་པ་རྣམ་གྲོལ་སྡེ། སློབ་དཔོན་པདྨའི་ངང་ཚུལ། སློབ་དཔོན་སེངྒེ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་བསྟན་པ་སྐྱོང་བའི་པཎ་ཆེན་བཅུ་བདུན། ཨོ་རྒྱན་གྱི་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་དང་། འཕགས་ཡུལ་གྱི་པཎ་ཆེན་བི་མ་ལ་མི་ཏྲ་[6]སྟེ་འཛམ་གླིང་མཁས་གྲུབ་རྣམ་གཉིས། གཞན་ཡང་རབ་འབྱམས་ལེགས་བཤད་རྒྱ་མཚོས་ (1903-1960) མཛད་པའི་འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་རྣམས་ལ་བསྟོད་པ་ལས[7]།

ཤར་སྒོ་ཤཱནྟི་ལྷོ་སྒོ་ངག་དབང་གྲགས། །ནུབ་སྒོ་རིན་འབྱུང་བྱང་སྒོ་ནཱ་རོ་པ། །

དབུས་ཀྱི་ཀ་ཆེན་རིན་རྡོར་ཛྙཱ་ན་ཤྲཱི། །འཕགས་ཡུལ་མཁས་པ་སྒོ་དྲུག་རྣམས་ལ་འདུད། །

གཞན་ཡང་རྨད་བྱུང་སློབ་དཔོན་རྣམ་པ་གཉིས། །ཆེན་པོ་བཞི་དང་དཔའ་བོ་ཤར་གསུམ་སོགས། །

རྒྱལ་བསྟན་རིན་ཆེན་འཛིན་སྐྱོང་སྤེལ་མཛད་པ། །མཚུངས་ཟླ་བྲལ་བ་རྣམས་ལ་གུས་པས་འདུད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། ཤར་སྒོ་བ་རཏྣ་ཨ་ཀ་ར་ཤཱནྟི་པ་དང༌། ལྷོ་སྒོ་བ་ཤེས་རབ་འབྱུང་གནས་བློ་གྲོས། ནུབ་སྒོ་བ་ངག་གི་དབང་ཕྱུག་གྲགས་པ། བྱང་སྒོ་བ་པཎ་ཆེན་ནཱ་རོ་པ་སྟེ་མཁས་པ་སྒོ་བཞི། ལོ་རྒྱུས་ལ་ལར་ཤར་སྒོ་བ་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ། ལྷོ་སྒོ་བ་སློབ་དཔོན་ནག་པོ་བརྟུལ་ཞུགས། ནུབ་སྒོ་བ་ནཱ་རོ་པ། བྱང་སྒོ་བ་ཤེས་རབ་འབྱུང་གནས་ཞེས་ཀྱང་བྱུང་། བྲམ་ཟེ་ཆེན་པོ་རཏྣ་བཛྲ། པཎྜི་ཏ་ཛྙཱ་ན་ཤྲཱི་མི་ཏྲ་ལྟ་བུའི་དབུས་ཀྱི་ཀ་ཆེན་གཉིས་ཏེ་མཁས་པ་སྒོ་དྲུག་དང་། གཞན་ཡང་རྨད་བྱུང་གི་སློབ་དཔོན་གཉིས་ཏེ། རྒྱལ་སྲས་ཞི་བ་ལྷ་དང་། སློབ་དཔོན་ཙནྡྲ་གོ་མི་གཉིས། སློབ་དཔོན་ཆེན་པོ་བཞི་སྟེ། སློབ་དཔོན་དཔའ་བོ་དང་། སྒྲ་གཅན་འཛིན། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཆོས་སྐྱོང་བཅས་བཞི་དང་། ཤར་གསུམ་མཁན་པོ་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོ་དང་། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨའི་ངང་ཚུལ་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འགྲན་ཟླ་དང་བྲལ་བའི་པཎ་གྲུབ་མང་དུ་བྱོན་པ་ལགས་སོ།།

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་[8]ལས་ཀྱང་། སྔར་རྒྱ་གར་འཕགས་ཡུལ་དུ་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་བསྐོར་ཟིན་རྗེས་རིམ་བཞིན་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་སླེབས་སྐབས་ཤེས་ཡོན་གྱི་བསྟི་གནས་སམ། ཡོན་ཏན་སྦྱོང་ས་ནཱ་ལེནྡྲ་ཞེས་པ་དེ་ཉིད་ཆགས་ཤིང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་ནས་ཐོན་པ་རེད། འདིར་ཡོད་ཆོས་གྲོགས་རྣམས་ལ་ཆ་མཚོན་ནའང་། ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་ཡོད། དེས་ན་ང་ཚོ་ཚང་མ་དུས་ཚོད་གཉན་འཕྲང་ཅན་འདི་ལྟ་བུའི་སྐབས་སུ་སྟོན་པའི་ཆོས་ལུགས་ཟབ་ཅིང་རྒྱ་ཆེ་བ་འདི་དག་ལ་སློབ་སྦྱོང་བྱ་རྒྱུ་ཡོད་པ་དང་། སློབ་སྦྱོང་བྱས་པ་ལྟར་བསམ་བློ་གཏོང་རྒྱུ་ཡོད་པ། བསམ་བློ་བཏང་བ་ལྟར་རིམ་བཞིན་སེམས་ནང་མྱོང་བ་སྐྱེ་རྒྱུ་ཡོད་པ་འདི་དག་མངོན་སུམ་ཚད་གྲུབ་ལྟ་བུ་ཞིག་ཆགས་ཡོད། ཅེས་ཀྱང་བཀའ་སྩལ་ཏོ།།

གཞན་ཡང་སྒེའུ་སྟེང་བློ་བཟང་དཔལ་ལྡན་ (1881-1944) མཆོག་གིས[9]། དེ་ལྟ་བུའི་བསྟན་པ་རིན་པོ་ཆེ་དེ་ཀ་རིགས་རུས་སྟོབས་འབྱོར་དང་མངའ་ཐང་བཙན་བརྗིད་ཀྱིས་འཛིན་སྐྱོང་སྤེལ་བར་བྱེད་པ་མ་ཡིན་པར། ལུང་གི་བསྟན་པའི་ངོ་བོ་འཆད་ཉན་རྣམ་དག་དང་། རྟོགས་པའི་བསྟན་པའི་ངོ་བོ་སྒྲུབ་པ་རྣམ་དག་གིས་འཛིན་སྐྱོང་བྱེད་དགོས་པས། འཛམ་གླིང་མཁས་པ་འདུས་པའི་གཙུག་རྒྱན་པཎྜི་ཏ་དབྱིག་གི་གཉེན་པོས་ཀྱང་།

སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །

དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །[10]

ཞེས་རྣམ་བཅད་ཡོངས་གཅོད་ཀྱི་སྒྲ་དང་བཅས་ནས་བཀའ་སྩལ་པ་འདི་གོ་དགོས་པ་ཡིན། སངས་རྒྱས་ཀྱི་བསྟན་པ་འཛིན་པའི་ཐབས་མ་ནོར་བ་བཤད་སྒྲུབ་ཀྱི་བྱ་བ་གཉིས་པོ་དེ་ཡང་། ང་དང་ང་འདྲ་བ་བླ་མ་སྤྲུལ་སྐུ་ཞེས་མིང་སྙན་ལ་དོན་སྟོང་པ། རྒྱལ་པོ་བློན་པོ་ཞེས་མཐོ་ཆེ་ལ་ཆོས་ཆུང་བ་དེ་འདྲ་ལ་རག་མ་ལས་པར། ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱེད་མཁན་གྱི་དགེ་འདུན་གྱི་སྡེ་ལ་རག་ལས་པ་ཡིན། དེ་ལྟ་བས་ན།

སྐྱེ་རྒུ་རྣམས་ཀྱི་ཕན་བདེ་ནི། །མ་ལུས་རྒྱལ་བའི་བསྟན་ལས་འབྱུང་། །

བསྟན་པའི་ཆུ་བོ་འཕེལ་བའི་གཞི། །དགེ་འདུན་ཆུ་གཏེར་ཆེན་པོ་ལགས། །

ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པའི་གསུང་ཚངས་པའི་དབྱངས་ཀྱིས་བཀའ་སྩལ་འདུག་པ་དེ་རེད། དེའི་གནད་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུའང་པཎྜི་ཏ་ཇི་སྙེད་ཅིག་བྱོན་པ་དག་གིས་དཔལ་ནཱ་ལེནྡྲ་དང་། བྲི་ཀ་མ་ཤཱི་ལ་ལྟ་བུའི་ཆོས་གཞི་སུམ་བརྒྱ་བཙུགས་པ་དང་། དྲུག་བརྒྱ་བཙུགས་པ་ལྟ་བུ་ཆོས་འབྱུང་སོ་སོ་ན་གསལ་བ་ལྟར་ལ། བོད་འདིར་ཡང་མཁན་སློབ་ཆོས་གསུམ་གྱི་དུས་ན་ཀློག་པ་ཐོས་བསམ་གྱི་ཆེད་དུ་ཆོས་གྲྭ་ཞེས་པ་བཤད་པའི་སྡེ་དང་། སྤོང་བ་བསམ་གཏན་གྱི་ཆེད་དུ་སྒོམ་གྲྭ་ཞེས་པ་སྒྲུབ་པའི་སྡེ་མང་དུ་བཙུགས་པས་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་ཡུག་གཅིག་གིས་ཁྱབ་པར་མཛད། ཅེས་གསུངས་པ་ནི་དོན་ལ་གནས་པ་ཞིག་གོ།

གཞན་ཡང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལས[11]། ཇོ་བོས་ནག་ཚོ་ལོ་ཙཱ་བ་ལ། ད་ནི་འོ་ཅག་བོད་དུ་འགྲོ་བ་ཡིན་པས་ལོ་ཙཱ་བ་རྒྱ་བརྩོན་སེང་ཡང་གདན་དྲོངས་གསུངས། དེའི་དུས་ན་རྒྱ་བརྩོན་སེང་དཔལ་ཤྲཱི་ན་ལེནྡྲ་ན་ཚད་པ་དང་རུས་ཐེབས་ནས་ཡོད་པ་འདོ་ལེ་ལ་སྤྱན་དྲངས། ཞེས་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་དཔལ་ནཱ་ལེནྡྲར་བསྙུན་བཞིན་པར་བརྟེན་ཕེབས་བྱམས་ལ་གདན་དྲངས་ནས་དེ་རྗེས་ཇོ་བོ་དང་ལྷན་དུ་བོད་དུ་ཕེབས་ཤིང་། དེ་ནས་བལ་ཡུལ་དུ་བྱོན་པའི་དུས་སུ་ལོ་ཙཱ་བ་རྒྱ་བརྩོན་སེང་ཤིན་ཏུ་བསྙུང་ནས་འདས་པར་གྲགས་སོ།།

དེ་བཞིན་དུ་རྒྱ་ནག་གི་མཁས་པ་ཧྥ་ཤཱན་དང༌། ཞོན་ཙང༌། ཨིའ་ཙིང་སོགས་སྡེ་སྣོད་འཛིན་པ་མང་པོས་གནས་འདི་ནས་སློབ་སྦྱོང་གནང་སྟེ་རང་ཡུལ་ཆོས་ཀྱི་བསྟི་གནས་སུ་བསྒྱུར། གཞན་ཡང་ཀོ་རི་ཡའི་སྡེ་སྣོད་གསུམ་པ་ཝེན་ཚེག་ (613-696) སོགས་ཀྱིས་ཀྱང་རྒྱལ་བསྟན་ཉི་མ་ཤར་བ་ལྟར་སྤེལ་བར་མཛད། མདོར་ན། ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་སྤྱད་སྙིང་རུས་ཀྱིས་གདན་འདྲེན་གནང་བའི་དམ་པའི་ཆོས་ཀྱི་རྒྱུན་དུས་མཐའ་འདིར་ཡང་མ་ཉམས་པར་སྐྱེ་བོའི་ཚོགས་ལ་ཕན་པ་དང་བདེ་བ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ། རྣོ་མྱུར་ཚན་རིག་གི་རིག་འཕྲུལ་དང་འགྲོགས་ཏེ་འཛམ་གླིང་གི་སྐྱེ་འགྲོའི་ཚོགས་ལ་ཞི་བདེའི་འོད་སྣང་སྤྲོ་བཞིན་པའང་སློབ་གཉེར་ཁང་འདི་དང་། ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱི་འཕྲིན་ལས་ཉག་ཅིག་ལས་བྱུང་བ་ཡིན་ནོ།།

དེ་བཞིན་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཚན་སྙན་ཕྱོགས་ཀྱི་བུ་མོའི་མཐའ་གྲུར་ཁྱབ་པའི་ཚུལ་ནི། ནཱ་ལནྡཱ་ཞིབ་འཇུག་ལས[12]། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ནང་། ཨ་ཤོ་ཀས་ནཱ་ལེནྡྲར་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་མ་བཞེངས་གོང་ཤཱ་རིའི་བུའི་གདུང་རྟེན་བཞུགས་པའི་མཆོད་རྟེན་ཞིག་ལས་མེད་པར་དེ་སྔོན་ཡུལ་དེར་གནས་པའི་བྲམ་ཟེ་བ་ཕལ་ཆེར་གནས་གཞན་དུ་སྤོས་པས་ཐང་སྟོང་ཡིན་ན་ཡང་ཨ་ཤོ་ཀས་ལྷ་ཁང་ཞིག་བཞེངས་པ་དང་། དེ་རྗེས་མཐོ་བཙུན་སྐུ་མཆེད་ཀྱིས་ལྷ་ཁང་བརྒྱད་བཞེངས་ནས་དང་པོའི་སློབ་དཔོན་ལྔ་བརྒྱས་ཐེག་ཆེན་གྱི་ཆོས་དར་རྒྱས་བཏང་བ་དང་། ས་ར་ཧ་དང་མགོན་པོ་ཀླུ་སྒྲུབ་སོགས་བྱུང་བ་ནས་ཐེག་ཆེན་གྱི་གྲུབ་མཐའ་དང་། ལྷག་པར་དུ་རྡོ་རྗེ་ཐེག་པ་དར་བར་བྱས་པ་ནས་བཟུང་ནཱ་ལེནྡྲའི་མཚན་སྙན་དབྱར་སྐྱེས་འབྲུག་སྒྲ་བཞིན་ཕྱོགས་བཞིར་ཁྱབ་ཡོད་ཅེས་བྲིས་འདུག་ཀྱང་། དེ་ནི་དེང་སང་གི་ལོ་རྒྱུས་ཞིབ་འཇུག་གི་གྲུབ་དོན་དང་མི་མཐུན་པར་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ནི། ཕྱི་ལོའི་དུས་རབས་ལྔ་པའི་ནང་གསར་དུ་བྱུང་བ་ཞིག་ཡིན་སྟབས། དེ་ཉིད་ཨ་ཤོ་ཀ་དང་ཀླུ་སྒྲུབ་ཡབ་སྲས་དང་འབྲེལ་བ་གང་ཡང་མེད་པ་ཞིག་རེད།

ཡིན་ན་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསེར་ཐང་[13]ནང་གུཔྟའི་རྒྱལ་རྒྱུད་ཀྱི་སྐབས་འདི་རྒྱ་གར་གྱི་རྒྱལ་ཁམས་ཆ་གང་ཐད་ནས་ཉི་མ་ཉིན་གུང་ལ་སླེབས་པ་བཞིན་དུ་དར་བའི་སྐབས་ཡིན་པར་གྲགས་ཤིང་། གསུངས་པ་ལྟར་རྒྱ་གར་གྱི་ཤེས་རིག་དར་རྒྱས་ཆེ་བའི་དུས་སྐབས་གུཔྟའི་རྒྱལ་རབས་སྐབས་སུ་སྤྱིར་ནང་བསྟན་ཆོས་ལུགས་དང་། ལྷག་པར་ཐེག་ཆེན་གྱི་ལྟ་གྲུབ་ལ་དམིགས་ནས་རང་གི་དད་མོས་དང་སྐྱབས་རྟེན་བཅོལ་སའི་ལྟ་གྲུབ་དེ་ཡུན་གནས་ཆེད་ནཱ་ལེནྡྲ་རྩ་འཛུགས་བྱས་ཤིང་། དར་རྒྱས་དང་མཚན་སྙན་གང་ཡང་ཐེག་པ་ཆེན་པོར་འབྲེལ་ནས་བྱུང་བ་ཞིག་རེད། དེ་ཡང་ཏཱ་ར་ནཱ་ཐས་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ཐེག་ཆེན་ཆེད་བཙུགས་གནང་མཛད་ཚུལ་གསུངས་པ་དེ་ཉིད་ཧ་ཅང་ཡིད་འཕྲོག་པའི་གསུང་ཞིག་ཡིན།

ལོ་རྒྱུས་དེའི་བདེན་དོན་དེ་ཉིད་དུས་རབས་བདུན་པ་ནས་ད་ལྟའི་བར་གྱི་གནས་ཚུལ་ཇི་སྙེད་ཅིག་གིས་ར་སྤྲོད་བྱས་དང་བྱེད་བཞིན་ཡོད་པ། དཔེར་ན། ཐང་སན་ཙང་གནས་དེར་ཕེབས་ནས་ཐེག་ཆེན་གྱི་ལྟ་གྲུབ་ལ་སློབ་གཉེར་བྱས་ཁར། དགོན་པ་དེར་དབུ་སེམས་གཉིས་ཀའི་བར་དུ་ཡང་བགྲོ་གླེང་ཤུགས་ཆེ་ཚུལ་གསུངས་པ་དང་། གཞན་ཡང་ཐང་སན་ཙང་གི་བཤེས་གཉེན་འདུལ་བ་བཟང་པོ་དང་། མར་པའི་བླ་མ་ནཱ་རོ་པ་སོགས་མཁས་གྲུབ་ཇི་སྙེད་ཅིག་ནཱ་ལེནྡྲ་རང་ནས་ཕེབས་པ་ཙམ་དུ་མ་ཟད། ལྷག་པར་བོད་དུ་སྤྱིར་ནང་ཆོས་དང་། བྱེ་བྲག་ཐེག་ཆེན་གྱི་ཆོས་གནས་འདི་ནས་བྱུང་བ་སོགས་ལོ་རྒྱུས་དང་དོན་དངོས་གང་ལ་གཞིགས་ཀྱང་། ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་གི་མཚན་སྙན་ནི་ཐེག་པ་ཆེན་པོའི་མཚན་སྙན་ཉིད་དུ་ངེས་ཤིང་། སྔར་རྒྱ་གར་ནས་ཐེག་པ་ཆེན་པོ་ཅི་ཙམ་གྱིས་དར་རྒྱས་སོང་བ་དེའི་ཚོད་ཀྱིས་ནཱ་ལེནྡྲའི་མཚན་སྙན་ཡང་དར་རྒྱས་ཆེན་པོ་སོང་ཡོད་ལ། ཕྱིས་སུ་བོད་དང་རྒྱ་ནག་སོགས་སུ་ཡང་གཙུག་ལག་སློབ་གཉེར་ཁང་འདི་ནས་ཐེག་པ་ཆེན་པོའི་ཆོས་པོ་ཏི་གང་མང་གདན་འདྲེན་ཞུས་སྟབས། ནཱ་ལེནྡྲའི་མཚན་སྙན་ཡིད་འཇགས་བྱུང་བ་ཞིག་རེད།

དེས་ན་ནཱ་ལེནྡྲ་འདི་ཉིད་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་ཏུ་ཐེག་པ་ཆེན་པོའི་གཞུང་ལུགས་ལ་འཆད་རྩོད་རྩོམ་གསུམ་གྱི་ལྟེ་གནས་གལ་ཆེན་ཞིག་ཡིན་སྟབས། དེ་ལས་བྱུང་བའི་བསྟན་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱང་ཟབ་རྒྱས་ཀྱི་ཆོས་ཚུལ་སྨྲ་བ་ལ་ཟླ་དང་བྲལ་བ་ཤ་སྟག་ཡིན་པར་མ་ཟད། ཁོང་རྣམ་པའི་གསུང་རྩོམ་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཚུལ་གྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅིག་ཡིན་པ་ལས། གལ་ཏེ་དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་གི་ཟླ་བྲལ་གྱི་བསྟན་བཅོས་དེ་དག་མེད་ཚེ། སངས་རྒྱས་ཀྱི་ཆོས་ཚུལ་ཇི་འདྲའི་མཆོག་ཏུ་གྱུར་པ་ཞིག་ཡིན་ན་ཡང་། དེའི་འཕྲིན་ལས་ནི་ཁྱབ་ཆེ་བ་ཞིག་དར་མི་ཐུབ་པ་ཡིན་སྟབས། པཎ་གྲུབ་དེ་དག་གི་བརྟག་དཔྱད་ཉམས་བཞེས་ཀྱིས་དྲི་མ་མེད་པའི་བཀའ་རྩོམ་མང་དུ་གནང་བ་དང་། རིགས་ལམ་གྱིས་ཕས་རྒོལ་མཐའ་དག་ཚར་བཅད་པ་ལ་སོགས་པའི་བསྟན་པའི་སྲི་ཞུ་བླ་མེད་བསྒྲུབས་པ་ལ་བརྟེན་ནས་ཤྲཱི་ནཱ་ལེནྡྲ་ཞེས་འཛམ་གླིང་མཁས་རྒུའི་མདུན་སར་མངོན་པར་འཕགས་པ་དེ་ཉིད་བྱུང་ནས་དུས་དེང་སང་ཡང་ནཱ་ལེནྡྲ་འཇིག་ནས་ཆེས་བློ་ཕམ་པའི་ཡུལ་དུ་གྱུར་མོད། ཡིན་ན་ཡང་འདིའི་མཚན་ཙམ་བརྗོད་སྐབས་སངས་རྒྱས་ཆོས་ལུགས་ཀྱི་མཚོན་བྱེད་ལྟ་བུའི་གཙུག་ལག་སློབ་གཉེར་ཁང་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་ཞིག་བློ་ངོར་ལྷམ་མེར་ཤར་བ་ཙམ་དུ་མ་ཟད། ད་དུང་ཆེས་བློ་སྤོབས་ཆེར་སྐྱེ་འོས་པ་ཞིག་ནི། པཎ་གྲུབ་བྱེ་བའི་འབྱུང་གནས་དཔལ་ནཱ་ལེནྡྲའི་གདན་ས་རྨེག་མེད་དུ་སོང་ནས་བགྲང་བྱ་བརྒྱ་ཕྲག་མང་པོ་སོང་ཡང་། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་སོགས་བསྟན་པའི་སྦྱིན་བདག་རིམ་བྱོན་དང་། ཐོན་མི་སམ་བྷོ་ཊ་སོགས་ལོ་ཙཱ་བ་རིམ་བྱོན་རྣམས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། པཎ་གྲུབ་མཁས་པའི་ལེགས་བཤད་ཀྱི་བསྟན་བཅོས་དེ་དག་ད་ཆ་ཡང་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་མངོན་པར་ཤར་ནས་ཡོད་སྟབས། དུས་རབས་ཉེར་གཅིག་པ་འདིར་ཡང་གདན་ས་གཞན་ཀུན་ལས་ཆེས་ཁྱད་པར་དུ་འཕགས་པའི་ནཱ་ལེནྡྲའི་མཚན་སྙན་ནི་འཛམ་གླིང་ཆེན་པོ་འདིར་འོད་ཟེར་བྱེ་བའི་བདག་པོ་རྟ་བདུན་དབང་པོ་ཇི་བཞིན་མངོན་པར་གསལ་ཞིང་ཁྱབ་པ་འདི་བྱུང་བ་ཡིན་ནོ། །ཞེས་བྱུང་བ་ལྟར་རོ།།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལས་[14]ཀྱང་། དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ནང་ཆོས་དེ་ཉིད་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བརྟན་པོ་ཞིག་སྤེལ་ཐུབ་ཐབས་ལ་དགོངས་ནས་སྐབས་དེར་རྒྱ་ནག་གི་ཧྭ་ཤང་རིགས་ཡོད་ཀྱང་། གཙོ་བོ་རྒྱ་གར་རང་ལ་དགོངས་པ་བཞེས་ཏེ། རྒྱ་གར་དུ་དེའི་ཚེ་དེའི་དུས་སུ་ནཱ་ལེནྡྲ་ཡར་རྒྱས་ཀྱི་རྩེ་སོར་སོན་པའི་སྐབས་ཡིན་འདུག་ཅིང་། རྩ་བའི་ནཱ་ལེནྡྲ་དེ་བཞིན་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་ནས་སློབ་གཉེར་ཁང་ཞིག་དང་། མཁས་པའི་བསྟི་གནས་ཆུང་ངུ་ཞིག་ཡོད་པ་རེད་ཅེས་བརྗོད་མཁན་ཡང་འདུག །མདོར་ན། དེའི་ཚེ་དེའི་དུས་སུ་རྒྱ་གར་གྱི་རིག་གནས་གཙོ་བོ་ཆེ་ཚང་མར་སློབ་སྦྱོང་བྱེད་སའི་བསྟི་གནས་ཆུང་ཆུང་ཡོད་པ་དེ་ཉིད་རིམ་བཞིན་ནང་པའི་མཁས་དབང་དུ་མ་ཐོན་ནས་ནང་པའི་བསྟི་གནས་དང་། ནང་པའི་བཤད་གྲྭ་གཙོ་བོ་ཞིག་ཆགས་པ་ཞིག་ཡིན་ཚུལ་གསུང་གི་འདུག །དེ་རྗེས་མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བ་གྲགས་པ་སོགས་དཔལ་ནཱ་ལེནྡྲ་ནས་ཐོན་པ་ཞིག་ཡིན། བྷ་སུ་བནྡུ་སྟེ་སློབ་དཔོན་དབྱིག་གཉེན་ཏག་ཤི་ཤི་ལྟར་འབྲེལ་བ་ཡོད་པ་ཞིག་ཀྱང་གསུང་རྒྱུན་ཡོད། བཅོམ་ལྡན་འདས་མྱ་ངན་ལས་འདས་རྗེས་བཀའ་བསྡུ་རྣམས་མཛད་ཅིང་། དེ་རྗེས་ཏག་ཤི་ཤི་ལར་བཤད་གྲྭ་ཆེན་པོ་ཞིག་ཚུགས་པ་ཡིན་འདུག །དེ་ནི་དེང་སྐབས་པ་ཀི་སི་ཐན་ནང་དུ་ཡོད། བཤད་གྲྭ་དེ་བཞིན་རྗེས་སུ་རིམ་བཞིན་ཉམས་ནས་བྷི་ཧར་མངའ་སྡེའི་ནང་ནཱ་ལེནྡྲ་ཚུགས་པ་དང་། ཡང་ནཱ་ལེནྡྲ་རིམ་བཞིན་ཉམས་འགོ་ཚུགས་སྐབས་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ཚུགས་པ་ཡིན་འདུག །འདི་ལྟར་བྱས་ཏེ་ཕྱིན་ཡོད། མདོར་ན། དུས་རབས་བརྒྱད་པར་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་རྒྱལ་སྲིད་སྐྱོང་སྐབས་རྒྱ་གར་འཕགས་ཡུལ་གྱི་དཔལ་ནཱ་ལེནྡྲ་རང་ནས་མཁས་པ་གདན་ཞུ་གནང་དགོས་དགོངས་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་བ་རེད། ཅེས་བཀའ་སྩལ་ཏོ།།

གཞན་ཡང་ཐང་སན་བླ་མ་རྒྱ་གར་དུ་ (603-644) ཕེབས་སྐབས་ཡངས་པ་ཅན་དང་། མཧཱ་བྷོ་དྷིའི་གཙུག་ལག་ཁང་། ནཱ་ལེནྡྲ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་བཅས་སུ་གཙུག་ལག་ཁང་དང་། དགེ་འདུན་གྱི་སྡེ་མང་བ་ལས་གཞན་ཀཽ་ཤམ་བྷི་དང་། རྒྱལ་བྱེད་ཚལ། སེར་སྐྱའི་གྲོང་། ལུམྦི་ནིའི་ནྱ་གྲོ་དྷའི་སྐྱེད་ཚལ། འོད་མའི་ཚལ་བཅས་སུ་དགེ་འདུན་གྱི་སྡེ་དང་། གཙུག་ལག་ཁང་རྒྱ་ཆེན་པོ་གང་ཡང་མེད་པར་ལྷ་ཁང་གོག་པོ་རེ་གཉིས་ཙམ་ལས་མེད་ཚུལ་གསལ་བ་སོགས་ལ་གཞིགས་ན་སངས་རྒྱས་ཞལ་བཞུགས་པའི་དུས་ཀྱི་དགོན་སྡེ་ཕལ་མོ་ཆེ་ཉམས་ཆག་ཏུ་སོང་བ་དང་། དུས་ཕྱིས་གསར་དུ་འཛུགས་སྐྲུན་བྱས་པའི་ནཱ་ལེནྡྲ་སོགས་དར་རྒྱས་ཆེ་བའི་དུས་སྐབས་ཡིན་པར་གསལ་སྟོན་བྱས་ཡོད།

ལྷག་པར་དེ་སྐབས་ནཱ་ལེནྡྲ་མཚན་སྙན་ཆེ་བའི་རྒྱུ་མཚན་གཙོ་བོ་ཞིག་ནི། ནཱ་ལེནྡྲ་འདི་ཉིད་ཐེག་ཆེན་ནམ་བྱང་སེམས་སྡེ་པའི་ལྟ་གྲུབ་སློབ་གཉེར་དང་། རྒྱུད་འཛིན་ཆེད་གསར་འཛུགས་བྱས་པ་དང་གཅིག །རང་རེ་བོད་ཡུལ་གྱིས་མཚོན་པའི་ཡུལ་ལུང་མང་པོ་ཞིག་ཏུ་སངས་རྒྱས་ཆོས་ལུགས་གདན་འདྲེན་བྱེད་སྐབས་ཆོས་སྡེ་འདི་ནས་གདན་དྲངས་པ་དང་གཉིས། ཆོས་སྡེ་འདིར་རྒྱ་གར་ནང་ཁུལ་གྱི་དགོན་སྡེ་སྔོན་མ་རྣམས་དང་མི་འདྲ་བའི་ཁྱད་ཆོས་སུ་སྤྱིར་ཐེག་ཆེན་དང་། ཡང་སྒོས་གསང་སྔགས་སྐོར་སློབ་གཉེར་བྱེད་རྒྱུ་ཡོད་པའི་མཚན་སྙན་ལ་བརྟེན་ནས་རྒྱ་ནག་དང་། བོད། ཉི་ཧོང་། ཀོ་རི་ཡ་སོགས་ནས་རྒྱ་གར་དུ་སློབ་གཉེར་ཆེད་ཕེབས་མི་མང་པོ་ཞིག་ནཱ་ལེནྡྲར་ཕེབས་ནས་སློབ་གཉེར་གནང་སྟབས། རྒྱུ་རྐྱེན་སྣ་ཚོགས་སྒོས་རིམ་པ་མཐོ་བའི་ནང་བསྟན་ཆོས་ལུགས་འདི་ཉིད་སློབ་གཉེར་གྱི་ཆོས་སྡེ་ཆེན་པོ་དང་། ནང་བསྟན་ཆོས་ལུགས་ལ་བླ་མེད་ཀྱི་ཕན་ཐོགས་བཞག་པའི་དགོན་སྡེ་ཞིག་ཡིན་ཚུལ་སོགས་སྤྱིར་རྒྱ་གར་ལོ་རྒྱུས་དང་། བྱེ་བྲག་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཞིབ་འཇུག་པར་མེད་དུ་མི་རུང་བའི་བཤད་པ་མང་དུ་ཡོད་པ་འདི་ཉིད། ཏཱ་ཐང་སིའི་ཡུས་ཀྱིས་འདིའི་དམིགས་བསལ་དགེ་མཚན་ཞིག་ཡིན་ནོ།།[15]

དེ་ལྟར་དཔལ་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་སྙན་གྲགས་ཆེ་བའི་ལོ་རྒྱུས་སྐོར་རྒྱའི་ལམ་ཡིག་ཁག་ཏུ་བྲིས་པ་རྣམས་རྒྱ་ནག་ཏུ་ནང་ཆོས་དར་རྒྱས་ཡོང་རྒྱུར་ཕན་ནུས་དམིགས་བསལ་ཞིག་ཐོན་ཡོད་ལ། སྐབས་ཤིག་ལ་ནཱ་ལེནྡྲའི་ནང་རྒྱ་རིགས་སློབ་ཕྲུག་ཞལ་གྲངས་ ༣༠༠༠ ཙམ་བྱུང་བ་དང་། སློབ་གཉེར་བ་ཐོག་མ་དེ་ཕྱི་ལོ་བརྒྱ་ཕྲག་ ༥ པའི་ནང་བྱོན་པའི་རྒྱའི་བཙུན་པ་ཧྥ་ཤཱན་ཡིན་ཅིང་། དེ་རྗེས་ཐང་སན་བླ་མ་ཕེབས་ནས་ལོ་བདུན་བར་སློབ་གཉེར་གནང་བར་མ་ཟད། ལོ་ངོ་གསུམ་རིང་དགེ་རྒན་ཡང་གནང་ཡོད་བཟོ་འདུག །དེ་རྗེས་ཕྱི་ལོ་ ༦༧༣ ལོར་རྒྱ་ནག་ནས་བཙུན་པ་ཡཱི་ཅིན་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཡོད་ལ། ཁོང་གིས་བྲིས་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ཞེས་པའི་ནང་དཔལ་ནཱ་ལེནྡྲའི་སྐོར་ཞིབ་ཕྲ་བྲིས་པས་མཚོན་ནོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གདམས་ངག་མཛོད། པོད། ༼ག༽ བློ་སྦྱོང་བརྒྱ་རྩ། རྣམ་ཐར། དཔེ་རིང་། ཤོག་གྲངས་ ༧ན༣

[2] ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༤ ཉིན་དེང་དུས་བོད་རིགས་ན་གཞོན་རྣམས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་སྐབས་སྩལ་པ་ཡིག་འབེབས་ལས་ཟུར་འདོན་ཞུས་པའོ།།

[3] བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༣༢

[4] རྗེ་ཙོང་ཁ་ཆེན་པོའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༥༡

[5] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༤༦བ༡ ཨིན་ཨང་ ༤༦༦

[6] སློབ་དཔོན་དྲི་མ་མེད་པའི་བཤེས་གཉེན་ནམ་བི་མ་ལ་མི་ཏྲ་ནི། དུས་རབས་ ༨ པའི་ནང་དུ་ནུབ་ཕྱོགས་གླང་པོའི་ཚལ་ཞེས་བྱ་བར་སྐུ་འཁྲུངས། ཁོང་གིས་རིམ་གྱིས་འཇུག་པའི་བསྒོམ་དོན་སོགས་བསྟན་བཅོས་དུ་མ་མཛད་དོ།།

[7] པདྨ་འཕྲིན་ལས་སྙིང་པོའི་བཀའ་འབུམ། ༼ཨོཾ༽ ཤོག་ ༨བ༤ ནས་ ༩ན༢ བར།

[8] ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༡༥ ཉིན་ལྷོ་ཤར་ཨེ་ཤེ་ཡའི་ཆོས་ཞུ་བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཇུག་པ་རང་འགྲེལ་གྱི་བཀའ་ཆོས་སྨིན་སྩལ་སྐབས་ཀྱི་བཀའ་ཆོས་ལས་བཏུས་པའོ།།

[9] བློ་བཟང་དཔལ་ལྡན་གྱི་གསུང་འབུམ། ༼༣༽ ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་ ༡༢༦

[10] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཁུ༽ དེབ་ཨང་ ༧༩ པ། ༢༠༠༨ ལོ། ཤོག་གྲངས་ ༨༧༥

[11] ཇོ་བོ་རྗེའི་རྣམ་ཐར། སྣར་ཐང་གསེར་ཕྲེང་། པོད། ༼༡༽ བྲིས་མ། དཔེ་ཐུང་། ཤོག་གྲངས་ ༡༠༠བ༥

[12] སྐྱེས་སར་ཀླུ་སྒྲུབ། ནཱལཱནྡཱ་ཞིབ་འཇུག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༣

[13] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༢༨

[14] ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༧ ཚེས་ ༡༧ ཉིན་ལ་དྭགས་ཟངས་དཀར་ཕོ་བྲང་དུ་སྩལ་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་ལས་ཟུར་འདོན་ཞུས།

[15] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༧

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༧ ནས་ ༤༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *