༥༽ བསྟན་སྲུང་ཡེ་ཤེས་མགོན་པོ།
དེ་ཡང་ཀུན་སྤངས་ཆོས་གྲགས་དཔལ་ (1283-1363) གྱིས་མཛད་པའི་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད་འཕགས་པ་ཀླུ་སྒྲུབ་ཏུ་སྐྱེས་པའི་རབས་ལས[1]། སློབ་དཔོན་ཆུ་བོ་གངྒཱའི་འགྲམ་དུ་བྱོན། །དེར་ནི་རྡོ་སྐུ་བྱིན་རླབས་ཅན་ཞིག་གཟིགས། །གཏོར་མ་ཕུལ་ནས་ཁོང་གིས་བཀའ་བྱུང་བ། །
ལྷ་ཁྱོད་མུ་སྟེགས་ཕྱོགས་ལ་མངོན་དགའ་ན། །རང་སར་སྡོད་ཅིག་འོན་ཀྱང་སངས་རྒྱས་པའི། །བསྟན་སྐྱོང་ཡིན་ན་ཆོས་གཞི་ནཱ་ལེནྡྲར། །བསྟན་པ་ལེགས་སྐྱོང་ཕྱིར་དུ་མྱུར་ནས་བྱོན། །དེ་སྐད་གསུངས་རྗེས་ནངས་པར་ནཱ་ལེནྡྲའི། །ལྕགས་རིའི་ནང་དུ་དངོས་སུ་བྱོན་པར་འདུག །དེ་མཐོང་འཕགས་པས་སངས་རྒྱས་ཆོས་སྲུང་དུ། །དགོངས་ནས་དགོན་གཉེར་དགེ་འདུན་ལ་གསུངས་པ། །དེང་ནས་ཁྱེད་རྣམས་འདི་ལ་གཏོར་མཆོད་རྒྱུན། །མ་ཆད་བར་གྱིས་འཕྲིན་ལས་ཉེར་བཅོལ་མཛོད། །སྡོང་གྲོགས་དུས་སུ་མཛད་ཚུལ་ཞིབ་རྒྱས་གསུངས། །དེ་ནས་དུར་ཁྲོད་བསིལ་བའི་ཚལ་དུ་བྱོན། །དཔལ་མགོན་བྱ་རོག་གདོང་ཅན་ཞལ་གཟིགས་སྐབས། །ནཱ་ལེནྡྲ་ཡི་ཆོས་སྐྱོང་དུ་བསྐོས་ཏེ། །དགོན་དེར་ཙན་དན་རིན་ཆེན་སྣ་ཚོགས་པས། །བྱ་རོག་གདོང་ཅན་སྐུ་གཟུགས་ཁྱད་ཅན་བཞེངས། །རྟེན་ལ་ཆོས་སྐྱོང་བསྟིམས་ནས་ལས་གཉེར་གཏད། །ཅེས་ཞལ་གསལ་དུ་བྱུང་བ་ལྟར། དཔལ་ནཱ་ལེནྡྲའི་བསྟན་སྲུང་ཡེ་ཤེས་མགོན་པོ་ནི། དགེ་བསྙེན་ཆོས་དཔལ་དར་དཔྱང་ (དུས་རབས་13པ།) གིས་མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ (1197-1264) གྱི་རྣམ་ཐར་ལས[2]། དུས་གཅིག་ན་ན་ལེན་དྲ་ནས་ཤར་ཕྱོགས་སུ་ཉིན་ལམ་གཅིག་ན་ཨོ་ཏནྟའི་གཙུག་ལག་ཁང་ན་གར་ལོག་གི་དཔོན་གཅིག་གིས་གཞིས་ཁ་བྱས་ནས་ཡོད་པ་དེས། བླ་མ་རཱ་ཧུ་ལ་ཤྲཱི་བྷ་དྲའི་ཡོན་བདག་ཛ་ཡ་དེ་ཝ་བཟའ་མི་གཉིས་དབང་མེད་དུ་བོས་ནས་སོང་བ་ཞག་འགའ་ལོག་མ་བྱུང་། དེ་ནས་འགྲུལ་ཅིག་བྱུང་ནས་བླ་མ་དཔོན་སློབ་རྣམས་ལ། ཡོན་བདག་བྲམ་ཟེ་ན་རེ། ངེད་གར་ལོག་གིས་བླ་མའི་སྤྱན་སྔར་མགོ་ཟླུམ་མང་པོ་སྡོད་པ་ལ་བསྙེན་བཀུར་མང་དུ་བྱས་ཟེར་ནས་བཟུང་། ད་བླ་མ་དཔོན་སློབ་རྣམས་ཀྱང་བཀྲོང་ངེས་པར་འདུག་པས། བྲོས་ཤིག་ཟེར་བའི་འཕྲིན་བྱུང་བས། བླ་མ་ལ་འོ་སྐོལ་རྣམས་གཤེགས་པར་ཞུས་པས། ཁྱེད་རང་རྣམས་བྲོས་ཤིག །ང་(དགུང་ལོ་)དགུ་བཅུ་ལྷག་སོང་བས་ཐར་ཡང་མི་ཐར། འབྲོས་ཀྱང་མི་འབྲོས་གསུངས།
ཡང་བྲམ་ཟེའི་འཕྲིན་བྱུང་ནས་བླ་མ་ལ་ཞུས་པས། སློབ་མ་གཞན་ཐམས་ཅད་བྲོས། ཆོས་རྗེ་ལོ་ཙཱ་བ་གཅིག་པུ་བླ་མ་ལ་ཆགས་ནས་བཞུད་མ་ཕོད། བླ་མ་ལ་གཤེགས་པར་ཞུས་པས། ཁྱོད་བོད་ཀྱི་མི་གཅིག་ང་ལ་ཆགས་ནས་སྡོད་པ་གླེན། ཡུལ་མི་སློབ་མ་རྣམས་ཀྱང་འབྲོས་པ་ལ་ཁྱེད་མི་འབྲོས་པ་བསད་ཡོང་གསུངས་ནས་བཀའ་བཀྱོན་ཏེ། མི་བཞུད་ན་ང་བསད་ཀྱང་མི་འགྲོ་ཞུས་པས། མཉེས་ནས་དམ་ཚིག་ཅན་འོར་ཆེ། ད་འོ་ན། ཁྱེད་ཀྱིས་ཁུར་ན་ཐེག་གམ། ཐེག་ན་འུ་ཅག་གཉིས་བྲོས་སོ་གསུངས། བླ་མ་ཁུར་ནས་ཀ་བ་གཅིག་ལ་བསྐོར་བ་མཛད་པས། བླ་མའི་ཞལ་ནས་ཐེག་པ་འདུག །བུ་རམ་རྐྱལ་པ་ཆུང་བ་གང་དང་། འབྲས་ཚོམ་པ་གཅིག་དང་། དཔེ་གཅེས་པ་འདི་ཚོ་ཡང་ཁྱེར་ཅིག །ཐག་རིང་པོ་མི་ཐར་ཏེ། ང་ལ་ཐབས་ཡོད་ཀྱི་གསུངས་ནས་ལྷོ་ནུབ་ཕ་ཚད་ན་མགོན་ཁང་ཡོད་ས་དེར་བྱོན་ཏེ། བླ་མའི་ཞལ་ནས།

ཡེ་ཤེས་མགོན་པོ་འདི་ནི། དུར་ཁྲོད་བསིལ་བའི་ཚལ་དུ་རྡོ་ལ་རང་བྱོན་དུ་བྱོན་པ་ལ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྙེད་ནས་འདིར་སྤྱན་དྲངས་ནས་བཞུགས་སུ་གསོལ་བ་ཡིན། སྔོན་གར་ལོག་གིས་འདིའི་རྡོ་ཐམས་ཅད་ཁྱེར། སྐུ་ལ་སྣུམ་བྱུག་པ་དང་། ཕྱག་འཚལ་བའི་དོད་པོར་མི་གཙང་བས་བྱུགས། ཐལ་བ་གཏོར། འཕོངས་བསྟན་པས། མི་དེ་ཁོང་རང་ཨོ་ཏནྟ་པུ་རིར་སླེབས་ནས་ཕོ་བ་གླང་ཐབས་ཀྱིས་དེ་ནུབ་རང་ལ་ཤི་ནས་སང་ནངས་པར་རྡོ་བ་འདི་མ་ཉན་པ་ཞིག་འདུག་ཟེར་ཏེ། ཐེམ་པ་འདིར་ཡར་ལ་བསྐྱལ་བ་ཡིན། དུས་དེ་ནས་ཏུ་རུཥ་མུ་སྟེགས་ཀྱིས་ཐོན་ཀོར་ཉེ་མི་ནུས་པ་ཡིན་གསུངས་སོ། །ཞེས་གསལ་ལ། སློབ་དཔོན་ཨ་བྷ་ཡ་ཀཱ་རས་མཛད་པའི་དཔལ་མགོན་པོ་བྱ་རོག་མའི་བསྐངས་ཀྱི་ཆོ་གའི་རིམ་པའི་མཇུག་བྱང་ལས[3]། བླ་མ་ཨ་བྷ་ཡ་ཀཱ་རས། དཔལ་ནཱ་ལེནྟྲའི་གཙུག་ལག་ཁང་དུ། རྡོ་སྐུ་རང་བྱུང་གི་རྩར་མཛད་པའོ། །ཕྱིས་བླ་མ་ཆེན་པོ་དཔལ་རྒ་ལོས་རང་འགྱུར་མཛད་པའོ། །ཞེས་སོགས་ཞིབ་ཕྲ་གཤམ་དུ་བཀོད་པ་ལས་མཁྱེན་པར་མཛོད།


༼དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་ཤུལ་དུ་ལུས་པའི་སྐུ་འདྲ།༽
༡) ནཱ་ལེནྡྲའི་ཆོས་སྲུང་མགོན་པོ་བྱ་རོག་གདོང་ཅན།
དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ (C.150-250) ཀྱིས་མཛད་པའི་དཔལ་ཡེ་ཤེས་མགོན་པོའི་ཐུགས་སྒྲུབ་ལས[4]།
ཧཱུྃ། རྒྱ་གར་དབུས་ཀྱི་རྡོ་རྗེ་གདན། །འགྱུར་མེད་རྒྱུན་དུ་རྟག་པའི་གནས། །
དུས་གསུམ་སངས་རྒྱས་བྱོན་པའི་ཡུལ། །རྡོ་རྗེ་གདན་གྱི་ཤར་ཕྱོགས་ན། །
གཙུག་ལག་ཁང་ཆེན་ནཱ་ལེནྡྲའི། །ཆོས་སྐྱོང་སྲུང་མར་མངའ་གསོལ་བའི། །
ཡེ་ཤེས་མགོན་པོ་བྱ་རོག་མཚན། །ཁྲག་འཐུང་རྒྱལ་བའི་སྤྲུལ་པ་སྟེ། །
བསྟན་པ་བསྲུང་ཕྱིར་འཇིགས་པའི་གཟུགས། །ནག་པོ་ཆེན་པོ་མཐུ་སྟོབས་ཅན། །
ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར། །ཁམས་གསུམ་མ་ལུས་དབང་དུ་བསྡུས། །
དགྲ་བགེགས་མ་ལུས་རྡུལ་དུ་རློག །བདུད་དགྲ་འདུལ་ལ་ཕྱག་འཚལ་བསྟོད། །
ཅེས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོའི་ཆོས་སྐྱོང་སྲུང་མར་མངའ་གསོལ་བ་ནི་མགོན་པོ་བྱ་རོག་གདོང་ཅན་ཡིན་པར་གསུངས་ལ། དེ་བཞིན་རྒྱལ་དབང་ཀུན་དགའ་རིན་ཆེན་ (1475-1527) གྱིས་མཛད་པའི་དཔལ་འཁོར་ལོ་སྡོམ་པ་དང་ནག་པོ་ཆེན་པོ་སྒྲུབ་པའི་ལས་རིམ་གསལ་བར་བྱེད་པའི་སྒྲོན་མེ་ལས[5]། (འཇིག་རྟེན་མགོན་པོས་མཛད།)
དཔལ་ལྡན་ནཱ་ལེནྡྲ་ཡི་གནས་དང་སྡེ། །སྟོང་ཉིད་སྒོམ་དང་བདེ་མཆོག་རྣལ་འབྱོར་པ། །
ཉེ་བར་སྲུང་མཛད་མགོན་པོ་བྱ་རོག་གདོང༌། །བསིལ་བ་ཚལ་བཞུགས་མགོན་ལ་ཕྱག་འཚལ་བསྟོད། །
ཅེས་དང་། འབྲུག་ལུགས་སྨོན་ལམ་ཆེན་མོའི་ཆོག་ཁྲིགས་བཀླག་ཆོག་ཏུ་བཀོད་པ་བྱང་ཆུབ་ལམ་བཟང་ལས་[6]ཀྱང་།
ཆོས་དབྱིངས་འོག་མིན་ཞིང་དང་རྡོ་རྗེའི་གདན། །ནཱ་ལནྜ་སོགས་གནས་དང་དུར་ཁྲོད་བརྒྱད། །
ཉེར་བཞིའི་ཡུལ་དང་རང་རང་གནས་མཆོག་ནས། །འཁོར་བཅས་འབོད་ཀྱིས་མ་གཡེལ་ད་ཚུར་བྱོན། །
ཞེས་གསུངས་པ་ལྟར། མགོན་པོ་སྤྱན་འདྲེན་སྐབས་ཐོག་མའི་འབྱུང་ཁུངས་བསིལ་བ་ཚལ་གྱི་དུར་ཁྲོད་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བསྟན་སྲུང་དུ་བསྐོས་པ་ལྟར་དེ་ནས་སྤྱན་འདྲེན་པ་དང་། དེ་བཞིན་རྩེ་ལེ་སྣ་ཚོགས་རང་གྲོལ་ (1608-1677) གྱིས་མཛད་པའི༌མཉམ་མེད་སྒམ་པོ་མཆོག་གི་སྤྲུལ་པའི་སྐུས་འཇའ་ཚོན་ཟབ་གཏེར་ཆོག་ཁྲིག་གིས་དྲི་མེད་གནང་བའི་ལན་དུ་གསོལ་བ་སྙིལ་བཞི་ཆུ་སྐྱེས་ལས་[7]ཀྱང་། འོག་མིན། གསུམ་རྩེན། མ་ལ་ཡ། བསིལ་བ་ཚལ། ཨུ་ཙ་མ། རྡོ་རྗེ་གདན། ནཱ་ལེནྜ་སོགས་བཞུགས་གནས་རྣམས་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སྤྱན་དྲངས་ནས་དམ་ཚིག་པ་ལ་དབྱེར་མེད་བསྟིམ། ཞེས་སོགས་ལས་མགོན་པོ་བྱ་རོག་མཚན་ཅན་གདན་འདྲེན་སྐབས་ནཱ་ལེནྡྲའི་གནས་ནས་སྤྱན་འདྲེན་ཞིང་། ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་བརྒྱད་ཀྱི་འཕྲིན་ལས་དངོས་གྲུབ་འདོད་འཇོ་ལས་[8]ཀྱང་།
དཔལ་ལྡན་ནཱ་ལེནྡྲ་སོགས་[9]གྲུབ་པའི་གནས། །རྒྱལ་བས་བསྔགས་པའི་གནས་ཡུལ་དུར་ཁྲོད་དང༌། །
རྒྱ་མཚོའི་འགྲམ་སོགས་ཞིང་ཁམས་རྒྱ་མཚོ་ནས། །རྡོ་རྗེ་སྲིན་པོ་རབ་ཁྲོས་གཤེགས་སུ་གསོལ། །
ཞེས་དང་། གཞན་ཡང་ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་བསྟོད་པ་རྣམ་པར་རྒྱལ་བའི་བསྟོད་དབྱངས་ལས[10]།
བསིལ་བའི་ཚལ་ན་ཀླུ་སྒྲུབ་སྙིང་པོ་ཡིས། །གུས་པས་སྤྱན་དྲངས་རྐང་བརྒྱད་ཚིགས་ཀྱིས་བསྟོད། །[11]
བསྟན་པ་མི་ཉམས་ཡོངས་སུ་སྲུང་མཛད་པ། །ཀུན་ལས་རྣམ་རྒྱལ་བདུད་ཀྱི་བདུད་ལ་འདུད། །
ཅེས་དང་། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའི་བསྙེན་པའི་མན་ངག་ལས[12]། སྟོང་གསུམ་ཆེན་པོའི་འཇིག་རྟེན་དབུས། །རྡོ་རྗེ་གདན་གྱི་འཛམ་བུའི་དྲུང༌། །དཔའ་བོ་སངས་རྒྱས་བརྙེས་པའི་ཡུལ། །ཆོས་ཀྱི་གཡེ་ཡི་དགོན་པ་ནས། །སྤྲུལ་པའི་མགོན་པོ་སྤྱན་འདྲེན་གྱིས། །སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག །དམ་པ་ཆོས་ཀྱི་སྲོག་ཤིང་ཆེ། །བྱ་རོག་མིང་ཅན་གཤེགས་སུ་གསོལ། །ནཱ་ལེནྡྲ་དང་རྣམ་གནོན་ཚལ། །ཤྲཱི་དྷ་ནྱ་ཀ་ཊ་ཀ །པདྨ་གེ་སར་རྒྱས་པའི་ཡུལ། །ཆོས་ཀྱི་འབྱུང་གནས་ཆེན་པོ་ནས། །བཀའ་སྲུང་མགོན་པོ་རྣམས་འབོད་ཀྱིས། །བདུད་དང་བདུད་ཀྱི་ཕྱོགས་འཇོམས་ཤིང༌། །དཀར་པོ་སྐྱོང་བ་དགྲ་ལྷའི་རྒྱལ། །ལེགས་ལྡན་ཐམས་ཅད་གཤེགས་སུ་གསོལ། །བྱ་རྒོད་ཕུང་པོའི་རི་བོའི་འདབས། །འཇིགས་སུ་རུང་བ་བསིལ་བའི་ཚལ། །དུར་ཁྲོད་བརྒྱད་དང་ཉེར་བཞིའི་ཡུལ། །ལངྐ་གདོང་དམར་རྒྱ་ནག་ནས། །རྡོ་རྗེ་ཕོ་ཉ་རྣམས་འབོད་ཀྱིས། །ཕྱི་དང་ནང་དང་གསང་བ་ཡི། །མཁའ་འགྲོ་མ་ཡི་དྲྭ་བ་ཆེ། །ཞིང་སྐྱོང་ཐམས་ཅད་གཤེགས་སུ་གསོལ། །ཞེས་བསྟོད་ཕྱག་མཛད་ཡུལ་གྱི་མགོན་པོ་བྱ་རོག་མཚན་ཅན་དེ་ཉིད་ནཱ་ལེནྡྲ་དང་། བི་ཀྲ་མ་ཤཱི་ལ། དཔལ་ལྡན་འབྲས་སྤུངས་སོགས་ནས་སྤྱན་འདྲེན་པ་དང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་མགོན་པོ་བྱ་རོག་མཚན་ཅན་ལེགས་ལྡན་ཕྱག་བཞི་པའི་གཏོར་བསྐང་རྒྱུན་ཁྱེར་ཉུང་ངུ་ལས[13]།
འོག་མིན་ཆོས་ཀྱི་ཕོ་བྲང་དང་། །བསིལ་བ་ཚལ་གྱི་དུར་ཁྲོད་དང་། །
ནཱ་ལནྡ་ཡི་གཙུག་ལག་དང་། །ཕྱི་ཡི་རྒྱ་མཚོའི་འགྲམ་དག་དང་། །
རང་བཞིན་གར་བཞུགས་གནས་མཆོག་ནས། །ཆོས་སྐྱོང་མ་ཧཱ་ཀཱ་ལའི་ཚོགས། །
དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །སྤྱན་འདྲེན་མཆོད་ཀྱིས་ད་ཚུར་སྤྱོན། །
ཞེས་[14]གསུངས་པ་ལྟར། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ (1143-1217) གསུང་ཁམས་གསུམ་གྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ཐུན་མོང་མ་ཡིན་པ་ནང་གི་ཟབ་ཆོས་ནོར་བུའི་ཕྲེང་བའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོའི་ལོ་རྒྱུས་བསྡུས་པ་ལས[15]། སངས་རྒྱས་ཀྱི་བསྟན་སྲུང་དཔལ་ནག་པོ་ཆེན་པོ་འདི། སློབ་དཔོན་ཀླུ་སྒྲུབ་ཀྱིས་མངོན་དུ་བྱས་ཏེ། ཤྲཱི་ནཱ་ལེནྡྲའི་བསྟན་སྲུང་དུ་བསྐོས་སོ། །ནག་པོ་ཆེན་པོས་ཀྱང་དེའི་བྱ་བ་མཛད་དེ་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་གྱིས་བསྟན་པ་ལ་གནོད་པ་བྱས་པ་ལ། མགོན་པོ་ཉིད་ཀྱིས་བདག་བྱ་རོག་ཏུ་སྤྲུལ་ནས་འོང་བའི་མགུལ་དུ་འཕྲིན་གྱི་ཡི་གེ་ཐོགས་ཤིང་། ལྷོ་ཕྱོགས་དཔལ་གྱི་རི་ལ་སློབ་དཔོན་ཡབ་སྲས་གདན་འདྲེན་དུ་འགྲོ་འོ་ཞེས་དགེ་འདུན་གྱིས་ཐུགས་སུ་ཆུད་པར་བྱས་པ་ལས། དགེ་འདུན་གྱིས་ཀྱང་དེ་ལྟར་བྱས་ཏེ། མགོན་པོ་བྱ་རོག་ཏུ་སྤྲུལ་པ་དེ་ཉིད་དཔལ་གྱི་རི་ལ་གཤེགས་ནས། སློབ་དཔོན་ཡབ་སྲས་ཀྱི་གཏོར་བཏེགས་ཀྱི་སྟེང་དུ་བབས་ཏེ་སྐད་བཏོན་པས། སློབ་དཔོན་ཡབ་སྲས་ཀྱིས་རིག་སྟེ། ཡི་གེའི་དོན་རྟོགས་ནས། སློབ་དཔོན་ཨཱརྻ་དེ་བ་བྱོན་ནས། མུ་སྟེགས་ཀྱི་སྟོན་པ་མ་ཁོལ་བཏུལ་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་མེད་པར་བྱས་སོ། །དེས་ན་ཡེ་ཤེས་ཀྱི་མགོན་པོ་དེ་ནཱ་ལེནྡྲ་ནས་དཔལ་གྱི་རི་ལ་བྱ་རོག་ཏུ་སྤྲུལ་ཏེ་བྱུང་བས། བྱ་རོག་མ་ཞེས་པའི་མཚན་ཡང་ཐོགས་སྐད། ཅེས་གསུངས་པ་ལྟར་མགོན་པོའི་བྱུང་རབས་དང་། མགོན་པོའི་ཆོས་སྐོར་གྱི་དབང་ལུང་མན་ངག་གི་རྒྱུན་ལ་གཞིགས་ནའང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི་མགོན་པོ་ཀླུ་སྒྲུབ་ཀྱི་སྔོན་ནས་ཚུགས་ཟིན་པ་ལས། ཀླུ་སྒྲུབ་ཀྱི་སྐུ་དུས་སུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་བྱུང་མེད་པར་འདོད་ཚེ་ཀླུ་སྒྲུབ་ཀྱི་རྣམ་ཐར། ཨཱརྱ་དེ་ཝ་དང་མུ་སྟེགས་རྟ་དབྱངས་ཀྱི་རྩོད་པ་མཛད་ཚུལ། མགོན་པོ་བྱ་རོག་གདོང་ཅན་གྱི་བྱུང་བ་སོགས་ཀྱང་ཁུངས་མེད་རྫུན་བཟོ་ཞིག་ཏུ་ཁས་ལེན་དགོས་པར་འགྱུར་རོ།།
དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བསྟན་སྲུང་མགོན་པོ་ཕྱག་བཞི་པའི་[16]ལོ་རྒྱུས་ནི། ༸རྒྱལ་བ་བསོད་ནམས་རྒྱ་མཚོའི་གསུང་ལྟར་བྲིས་ན། སྔོན་དགེ་སློང་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་ཞིག་གིས་དཔལ་བདེ་མཆོག་སྒྲུབ་བཞིན་པ་མཚན་ཞིག་མནལ་ལམ་དུ་མི་ནག་པོ་ཞིག་ཡོང་སྟེ། ཁྱེད་རང་འདིར་མ་སྡོད་པར་བྱང་ཕྱོགས་ཨོ་ཏའི་ཡུལ་དུ་སོང་དང་། དེ་ན་བདེ་མཆོག་གི་སྤྲུལ་པ་ཡེ་ཤེས་ཀྱི་མགོན་པོ་བདེ་བྱེད་འཁོར་ལོ་བྱ་བ་ཞིག་ཡོད་པ་དེས་ཁྱེད་ལ་དངོས་གྲུབ་སྟེར་བར་འགྱུར་ཞེས་པ་ཞིག་རྨིས་པ་ལྟར། དགེ་སློང་ཡུལ་དེར་ཕེབས་པའི་ལམ་ཁར། རྒྱལ་པོ་དགེ་བའི་དཔལ་བྱ་བ་འཇིག་རྟེན་པའི་ལྷ་ཡི་དམ་དུ་བྱེད་པ་ཞིག་ཡོད་པ་དེ་དང་འཕྲད་ནས། རྒྱལ་པོས་ལྷ་ཁང་དུ་ཁྲིད་པས། འཇིག་རྟེན་པའི་ལྷ་ཁང་དུ་སོང་གཤིས། དགེ་སློང་གིས་ཕྱག་མ་འཚལ་སྟབས། རྒྱལ་པོ་ཁྲོས་ཏེ་དགེ་སློང་གི་མིག་བྲུས་ཏེ་གསོད་པའི་སྐབས། དགེ་སློང་ཐུགས་ཆད་ནས། ངས་ཚོགས་བསགས་པ་དང་། གསང་སྔགས་སྒྲུབ་པ། དཔལ་མགོན་ལ་དམིགས་ནས་ཡོང་བའི་བདེན་པའི་བྱིན་རླབས་ཀྱིས། སྲིད་པ་གསུམ་ན་དབང་ཆེ་བའི་གནོད་སྦྱིན་བྱ་རོག་ཅན་ཞིག་ཏུ་སྐྱེས་ནས་རྒྱལ་པོ་འཁོར་བཅས་ཀྱི་མིག་འབྲུ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ། དེ་ནས་ཚེ་འཕོས་ཏེ་བྱང་ཕྱོགས་རྒྱལ་བའི་གྲོང་ཁྱེར་ཞེས་པ་དེར་ཡབ་རྣམ་སྲས་དང་། ཡུམ་བྱ་རོག་མིག་ཅན་གཉིས་ལ་བུ་ཞིག་སྐྱེས་པ་གཏུམ་དྲག་ཆེ་ཞིང་། འཇིགས་སུ་རུང་བ་ཞིག་བྱུང་སྟེ། སྔར་གྱི་རྒྱལ་པོའི་མིག་བྲུས། སྙིང་ཕྱུངས་ནས་ཟས། འཁོར་རྣམས་ཚར་བཅད་དེ། སེམས་ཅན་མཐོང་ཚད་ཟས་ནས་བཞུགས་བཞིན་པའི་སྐབས། དཔལ་བདེ་མཆོག་གིས་འདུལ་བས། གནོད་སྦྱིན་བྱ་རོག་མཆུ་ཅན་ན་རེ། བཅོམ་ལྡན་འདས་ལ་བཀའ་ཉན་ཇི་འདྲ་ཞིག་ཡོད་དམ་ཞེས་བཀའ་འདྲི་ཞུས་ཚེ། ང་ལ་བཀའ་ཉན་བྱ་རོག་མཆུ་ཅན་ཞིག་ཡོད་གསུངས་ཏེ། མགོན་པོ་འདི་ལ་དབང་བསྐུར། བྱིན་གྱིས་བརླབས་ནས་བཀའ་སྲུང་དུ་བསྐོས།

དེ་ནས་སློབ་དཔོན་ཀླུ་སྒྲུབ་དཔལ་ན་ལེནྡྲའི་མཁན་པོ་ལས་ཐོགས་པ་གནང་བཞིན་པའི་སྐབས། ཉིན་ཞིག་དགེ་འདུན་གཞན་དག་དང་མཉམ་དུ་མེ་ཏོག་གི་ལྡུམ་ར་ཞིག་ཏུ་སྤྲོ་བསངས་ལ་ཕེབས་དུས། ཆུ་འགྲམ་ཞིག་ན་མུ་མན་གྱི་རྡོ་སྐུ་རང་བྱོན་ཞིག་ཡོད་པ་ཞིབ་ཏུ་གཟིགས་པས། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་འཛིན་པ། བྱ་ཁྭ་ཏའི་མགོ་ཅན། སྐུ་སྨད་ཆུ་ནང་དུ་ཡོད་པ། སློབ་དཔོན་འཁོར་བཅས་ཀྱིས་གཏོར་མ་ཞིག་ཕུལ་ནས། ཁྱོད་སྲུང་མ་ཞིག་ཡིན་པར་གདའ། ཕྱི་པའི་སྲུང་མ་ཞིག་ཡིན་ན་དེ་གར་སྡོད། ནང་པའི་སྲུང་མ་ཞིག་ཡིན་ན། ན་ལེན་དྲའི་གཙུག་ལག་ཁང་དུ་འབྱོན་པར་ཞུ། ཞེས་ཞུས་པས། ཞོགས་པར་གཙུག་ལག་ཁང་གི་སྒོ་རྩར་སླེབས་འདུག་པ་ཆོས་སྐྱོང་ཡིན་པར་གོ་ནས། དགེ་འདུན་རྣམས་ལ་གཏོར་མ་འཆར་ཅན་ལྟར་འབུལ་དགོས་པའི་ཞལ་བཀོད་མཛད།
སྐབས་ཤིག་དུ་རུ་ཀའི་དམག་ཡོང་སྟེ། ན་ལེན་དྲའི་དགོན་པ་གཏོར། རྡོ་སྐུ་དེའི་རྡོ་སྟེགས་བཤིག །གཏོར་སྣོད་བཅག་པའི་ཤུལ་དུ་མི་གཙང་བའི་རྫས་བླུགས་ནས་སོང་། དེ་ནུབ་དཀོར་གཉེར་གཏོར་མ་འབུལ་དུ་ཡོང་དུས། གཏོར་གཞོང་བཅག་ཡོད་པ་མཐོང་སྟེ། ཁྱོད་འདྲ་བའི་ཆོས་སྐྱོང་གིས་རང་གི་ཕོར་པ་སྲུང་མི་ཐུབ་ན། སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་བསྲུང་ཞེས་ཞུས་པས། རྡོ་སྐུ་དེ་མ་དགྱེས་པར་སྔར་སྡོད་སར་སོང་སྟེ། ཞལ་ཡང་དུ་རུ་ཀའི་ཡུལ་དུ་བསྟན་ནས་བཞུགས།
དེ་ནས་དགེ་འདུན་པ་རྣམས་ཀྱིས་མགོན་པོ་དཔང་དུ་བཙུགས་ཏེ། དྲག་པོའི་གཏོར་མ་བསྐྱལ། ཆོས་གོས་ཕུད་དེ་ས་ལ་བརྡབས་ནས་གསོལ་བ་ཤུགས་དྲག་ཏུ་བཏབ་པས། དུ་རུ་ཀའི་དམག་རྣམས་ས་གཡོས་པའི་ནང་དུ་བརྡིབས་ཏེ་ཤི །དེ་ནས་སློབ་དཔོན་ཀླུ་སྒྲུབ་རྡོ་སྐུའི་དྲུང་དུ་ཕེབས་ནས་ན་ལེན་དྲར་འབྱོན་པའི་གསོལ་བ་བཏབ་པས། ང་དེར་མི་ཡོང་། བསིལ་བ་ཚལ་གྱི་དུར་ཁྲོད་དུ་འགྲོ་དགོས་པར་ཡོད། ཁྱེད་ལ་སྲུང་མ་དགོས་ན། ངའི་དཔོན་གཅིག་རྒྱ་མཚོའི་འགྲམ་གྱི་ལྷོ་ཕྱོགས་ན། ཨིནྡྲ་ནི་ལའི་རྡོ་སྐུ་རང་བྱོན་ཞིག་ཡོད་པ་དེ་སྤྱན་དྲོངས་ལ་སྲུང་མ་མཛད་པར་ཞུ་ཞུས་ན་གནང་བ་ཡིན་གསུངས།
དེ་ལྟར་སློབ་དཔོན་རྒྱ་མཚོའི་འགྲམ་དུ་བྱོན་ནས་འཚོལ་བཞིན་པའི་སྐབས། ཉིན་ཞིག་བྱེ་ཐང་ཞིག་ན་སྔར་གྱི་ལུང་བསྟན་པ་བཞིན་འདུག་པ་གཏོར་མ་ཕུལ་ནས་ན་ལེན་དྲར་འབྱོན་པའི་གསོལ་བ་བཏབ་པས། ད་ལན་ང་མི་ཡོང་། བདེ་མཆོག་འཁོར་ལོའི་བཀའ་སྲུང་ཐམས་ཅད་འདུ་ས། བི་ཀཱ་མ་ཤི་ལའི་གཙུག་ལག་ཁང་ཞེས་པ་དེར་འགྲོ་དགོས། ཁྱེད་ལ་སྲུང་མ་བྱེད་དགོས་ན་འདི་ནས་ཤར་ཕྱོགས་སུ་སོང་དང་། ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་པ་ཞིག་ཡོད་པ་དེ་ན་ངའི་ཆོས་སྐོར་རྣམས་གཏེར་དུ་སྦས་ནས་ཡོད། དེ་བཏོན་ནས་སྒྲིབ་སྦྱོང་གྱིས། ངའི་འབག་ཙན་དན་ལས་བཟོས་པ་ཞིག་ལ་རབ་གནས་ལེགས་པར་གྱིས་ལ། གཙུག་ལག་ཁང་དུ་འཇོག་དགོས། དེ་ལ་མཆོད་པ་ཆག་མེད་ཕུལ་དང་བསྟན་པ་བསྲུང་བ་ཡིན་གསུངས་པ་ལྟར། ན་ལེན་དྲར་ཕེབས་ནས་ཇི་ལྟར་བསྟན་པ་བཞིན་མཛད་པས། ཆོས་སྐྱོང་གི་ཞལ་དངོས་སུ་བསྟན་ནས་གྲོགས་མཛད།
ནམ་ཞིག་ན་ལེན་དྲའི་དགོན་ལག་བརྒྱ་རྩ་བརྒྱད་གསར་བཞེངས་གྲུབ་སྟེ། དེ་དག་ལ་སྲུང་མ་བརྒྱ་རྩ་བརྒྱད་དགོས་པར་བརྟེན། སླར་ཡང་སློབ་དཔོན་དེ་ཉིད་ལྷོ་ཕྱོགས་མྱ་ངན་མེད་པའི་གླིང་དུ་ཕེབས་ནས། ཆོས་བཟང་སྤྲིན་གྱི་ཡང་རྫོང་བྱ་བ་སྔར་གྱི་ལུང་བསྟན་པ་དེར་སླེབས་དུས། བྲག་འདབས་ཤིག་ན་ཤེལ་གྱི་མཆོད་རྟེན་རང་བྱོན་འོད་འཕྲོ་བ་ཞིག་ཡོད་པ་དེའི་ནང་། ཕྱག་ན་རྡོ་རྗེའི་རྒྱུད་སྡེ་རིན་པོ་ཆེ་མང་པོ་གཏེར་དུ་སྦས་ཡོད་པ་མཁྱེན་ནས་གཏེར་བཏོན་སྐབས། མཁའ་འགྲོ་མ་རྣམས་ཀྱིས་སྐོར་བ་བྱེད་ཅིང་སྲུང་བཞིན་པས་གཏེར་བཏོན་མ་ཐུབ། དེ་ནས་སློབ་དཔོན་གྱིས་ཐབས་ཤིག་དྲན་ཏེ། རང་གི་ཆོས་གོས་སྤྱན་རས་གཟིགས་སུ་སྤྲུལ་ནས་ལས་སྣ་ཚོགས་མཛད་པས། མཁའ་འགྲོ་མ་རྣམས་ལྟད་མོ་ལ་གཡེང་བའི་སྐབས། ཡེ་ཤེས་ཀྱི་མགོན་པོ་[17]བརྒྱ་རྩ་བརྒྱད་ཀྱི་སྒྲུབ་ཐབས་གཏེར་ནས་བཞེས་ཏེ། དེ་དག་ལ་འབྲེལ་བའི་ཕྱི་སྒྲུབ་ནང་སྒྲུབ་ཁག་བརྒྱ་དང་བརྒྱད་བརྩམས་ནས་དགོན་པ་དེ་དག་གི་སྲུང་མར་གཉེར་གཏད་མཛད་ཅིང་། དཔལ་བདེ་མཆོག་གི་བཀའ་སྡོད་སྲུང་མར་བསྐོས་པར་གྲགས།
དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ཞི་བ་ལྷ་ (འཕགས་པ་ལྷ་སྟེ་ཨཱརྱ་དེ་ཝ་) ལ་མགོན་པོ་འདིའི་མན་ངག་དང་ཆོས་སྐོར་ཡོངས་རྫོགས་གནང་། སྐབས་ཤིག་རྒྱ་གར་ལྷོ་ཕྱོགས་ཤ་ཀེ་རའི་བྲམ་ཟེ་གསེར་མིག་པའི་བུ་དབང་ཕྱུག་ལ་དད་པ་ཞིག་ཡོད་པ་དེ། ནང་པའི་པཎྜི་ཏ་སུས་ཀྱང་རྩོད་པས་མི་ཐུབ་པར་ན་ལེན་དྲར་རྩོད་དུ་ཡོང་དུས། མགོན་པོ་འདིས་སློབ་དཔོན་ཀླུ་སྒྲུབ་དཔལ་གྱི་རི་ལ་བཞུགས་པ་མུ་སྟེགས་པ་སླེབས་པའི་ལན་བསྐྱལ། མཐའ་མ་སློབ་དཔོན་འཕགས་པ་ལྷས་བསྟན་པ་དཔང་དུ་བཙུགས་ནས་རྩོད་པའི་སྐབས། མགོན་པོ་འདིས་གྲོགས་མཛད་ནས་ཕམ་པར་མཛད་པའི་པཎྜི་ཏ་དེའི་མིང་ལ་རྟ་དབྱངས་སམ་ཡོངས་གྲགས་སུ་སློབ་དཔོན་དཔའ་བོ་ཟེར་ཞིང་། རྗེས་སུ་སློབ་མར་གྱུར་པ་དེར་མགོན་པོ་འདིའི་མན་ངག་ཡོངས་རྫོགས་གནང་ཞིང་། སློབ་དཔོན་འདིས་མངོན་པར་འབྱུང་བའི་རྒྱུད་ལེའུ་བཅུ་པ་ལ་བརྟེན་ནས་སྒྲུབ་ཐབས་ཀྱང་བརྩམས། དེའི་དྲུང་ནས་སློབ་དཔོན་ཀླུའི་བྱང་ཆུབ་དང་། དེས་བིང་ཡ་ཀིརྟི་ལ་གནང་། དེས་དེ་བ་ཨཱ་ཀཱ་ར་ལ་གནང་། དེས་དུས་ཞབས་པ་ཆེ་ཆུང་གཉིས་ལ་གནང་། དེ་གཉིས་ཀྱི་དྲུང་ནས་སློབ་དཔོན་ཨ་བྷ་ཡ་གུཔྟ་ལ་གནང་། དེས་བོད་ཀྱི་ལོ་ཙཱ་བ་རྒ་ལོར་གདམས་ངག་ཡོངས་རྫོགས་གནང་། བླ་མ་རྒ་ལོའི་དྲུང་ནས་གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་ (1122-1193) གསན། འདིའི་དྲུང་ནས་གྲུབ་ཐོབ་གླིང་པ་རྒྱ་རས་ (1128-1188) འདིས་སྟོན་ཤི་ལ་རཏྣ་ལ་གནང་། དེས་འཕགས་སྡེ་ལོ་ཙཱ་བ་དགེ་འདུན་བཀྲ་ཤིས་ལ་གནང་། དེ་ནས་རིམ་པར་བརྒྱུད་པའི་སྙན་བརྒྱུད་༸རྒྱལ་མཆོག་ཡོན་ཏན་རྒྱ་མཚོས་གསན་པའོ།།
གོང་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་དངོས་སློབ་སློབ་དཔོན་ཨཱརྱ་དེ་ཝར་མགོན་པོའི་མན་ངག་དང་ཆོས་སྐོར་ཡོངས་རྫོགས་གནང་བར་གསུངས་པ་ལྟར། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་བྱ་རོག་མ་བསྟན་སྲུང་གི་སྐོར་གྱི་ཆོས་ཚན་ཐོ་ཡིག་གསེར་གྱི་ཐུར་མ་ལས[18]། བྱ་རོག་ཅན་གྱི་ནང་སྒྲུབ་ཅེས་བྱ་བ་སློབ་དཔོན་ཨཱརྱ་དེ་ཝས་མཛད་པ། ཞེས་དང་། ཡང་དེ་ཉིད་ལས[19]། སུམ་དྲིལ་རྒྱན་ཅན་ཞེས་བྱ་བའི་གསང་སྒྲུབ་སློབ་དཔོན་འཕགས་པ་ལྷས་མཛད་པར་མ་ཟད། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་བྱ་རོག་མ་བསྟན་བསྲུང་གི་སྐོར་གྱི་ཆོས་ཚན་ཐོ་ཡིག་གསེར་གྱི་ཐུར་མ་ལས[20]། ནང་གནད་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པ་ལ་ཞིང་སྐྱོང་མགོན་པོ་བྱ་རོག་གདོང་ཅན་བཞིས་སྐོར་ཀླུ་སྒྲུབ་ཀྱིས་ན་ལེནྡའི་རྡོ་སྐུའི་རྩར་མཛད། ཅེས་གསལ་བ་དག་ལས་མགོན་པོའི་རྡོ་སྐུ་འདི་ཉིད་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པ་རྟོགས་ཐུབ་བོ།།
གཞན་ཡང་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་གུར་མགོན་གྱི་ཆོས་སྐོར་རྣམས་རྒྱ་གར་དུ་བཤད་སྲོལ་བྱུང་ཚུལ་ལས[21]། དེ་ནས་ཡང་སྐབས་ཤིག་ཏུ་ཁ་ཆེའི་པཎྜི་ཏ་རྣམས་མུ་སྟེགས་རྣམས་དང་རྩོད་པ་བྱས་ནས་ཕམ་ནས། དགེ་འདུན་སྟོང་ཕྲག་ལྷག་པ་ཙམ་མུ་སྟེགས་ཀྱི་བསྟན་པ་ལ་འཇུག་དགོས་པ་བྱུང་ལ། སློབ་དཔོན་གྱིས་ཆོས་སྐྱོང་ལ་ལས་བཅོལ་བས། མུ་སྟེགས་ཀུན་ཀྱང་ནང་པའི་བསྟན་པ་ལ་བཙུད། ན་ལེནྡྲའི་མཁན་པོ་མུ་སྟེགས་ཀྱིས་འཆི་དུས་བཏབ་པ་དང་། སྒྲོལ་མའི་འབྱུང་གནས་ཀྱི་གཙུག་ལག་ཁང་གི་དགེ་འདུན་རྣམས་མུ་སྟེགས་ཀྱིས་ཕམ་པར་བྱས་ཏེ། གྲུབ་མཐའ་སྤོང་དགོས་པ་བྱུང་བ་རྣམས་ལའང་ཕན་བཏགས། མ་ཙ་ལ་པརྟི་ཀ་ཞེས་བྱ་བའི་རྒྱལ་པོ་དཔུང་འཁོར་གསུམ་འབུམ་གྱི་སྟོབས་ཡོད་པས། རང་ཉིད་ཀྱི་སྦྱིན་བདག་ཏུ་གྱུར་པའི་རྒྱལ་པོ་བཅོམ་པར་བརྩམས་པའི་ཚེ། སློབ་དཔོན་གྱིས་ཆོས་སྐྱོང་ལ་གསོལ་བ་བཏབ་ཅིང་ལས་བཅོལ་བས། མགོན་པོ་འདི་ཉིད་དངོས་སུ་བྱོན་ནས་མིང་མེད་པར་བཏུལ། གཞན་ཡང་ཀྱེ་རྡོ་རྗེའི་ལས་ཀྱི་ཚོགས་རབ་འབྱམས་རྣམས་ཐོགས་པ་མེད་པར་གྲུབ་ཅིང་། དེས་བསྟན་པ་ལ་ཕན་པར་མཛད་པས། ཀུན་གྱིས་བྲམ་ཟེ་མཆོག་སྲེད་ཅེས་པར་མཚན་གྲགས་སོ། །ཞེས་ཀྱང་བྱུང་ངོ་།།
ལྷག་དོན་༸རྒྱལ་མཆོག་དགེ་འདུན་གྲུབ་ (1391-1474) ཀྱི་སྐུ་དུས་ནས་བཟུང་མགོན་པོ་འདི་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་བྱུང་བར་མངོན་ཏེ། དཔེར་ན། ༸རྒྱལ་བ་དགེ་འདུན་གྲུབ་ཀྱི་རྣམ་ཐར་ངོ་མཚར་རྨད་བྱུང་ནོར་བུའི་ཕྲེང་བ་ལས[22]། དང་པོ་ང་སྐྱེས་པའི་ནུབ་མོ་འབྲོག་པ་ལ་དགྲ་ཇག་བྱུང་སྟེ། མས་ང་རྡོའི་གསེབ་ཏུ་སྦས་ཏེ་བྲོས། སང་ལྟར་འོངས་པས་བྱ་རོག་ཅིག་གིས་བྱ་རོག་གཞན་དག་དང་གཅན་གཟན་སོགས་ཀྱིས་གནོད་པ་བྱེད་པར་བསྲུངས་ཏེ་བུ་ཚ་མ་ཤི་བར་འདུག་པ་ལ། རྨོ་མོ་ཞིག་ཡོད་པ་ན་རེ། ཝཱ། སྐྱོབ་པའི་སྲུང་མ་ཞིག་ཡིན་ན་ནི། རུ་བ་ཡང་མི་འཁྱེར་ཐང་། མ་ཡང་མི་འཁྲིད་ཐང་། གནོད་པའི་འདྲེ་ཞིག་ཡིན་ན་ནི། བུ་ཆུང་ཡང་མི་སྲུང་ཐང་། ཟེར་ཏེ་བུ་ཆུང་ཁུར་ཏེ་བྲོས་ནས་ཕྱིན་ཟེར་ཅིང་། ང་རང་གི་དྲན་ཡུལ་ནའང་དེ་འདྲ་ཞིག་འདུག །བྱ་རོག་དེ་དཔལ་མགོན་ཞལ་གྱི་རྣམ་འཕྲུལ་དུ་འདུག །མགོན་པོ་འདིས་ཕྱིས་ཀྱང་དེ་དུས་ཀྱི་དྲིན་ངོ་དང་། ཁྱོད་ལྟ་བུའི་བསྟན་འཛིན་ལ་ང་ལྟ་བུའི་ཆོས་སྐྱོང་བསྟེན་དགོས་པ་ཡིན་ནོ། །ཞེས་ཡང་ཡང་གསུང་གིན་ཡོད་གསུང་སྟེ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་རོ། །[23]ཞེས་གསལ་བ་ལྟར། ༸རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་དུས་ནས་མགོན་པོ་འདི་དང་ཐུན་མོང་མ་ཡིན་པའི་དམ་ཚིག་འབྲེལ་བའི་ལོ་རྒྱུས་ཡོད་པ་ལྟར་རི་བོ་དགེ་ལུགས་པར་མགོན་པོ་འདི་དང་། དམ་ཅན་ཆོས་རྒྱལ་གཉིས་སྲུང་མའི་གཙོ་བོ་ཡིན།[24] དེ་ལྟ་བུའི་དཔལ་ནཱ་ལེནྡྲའི་བསྟན་སྲུང་ནག་པོ་ཆེན་པོ་ནི་བཀའ་གཉན་ལ་བྱིན་ཅན་ཐུན་མོང་མ་ཡིན་པ་ཞིག་གོ།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་སྐྱེས་རབས་རྟོགས་བརྗོད། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༨༤
[2] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠ ནས་ ༤༨ བར།
[3] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ༢༠༠༨ ལོ། ཤོག་གྲངས་ ༦༡༢
[4] སྒྲུབ་ཐབས་ཀུན་བཏུས། པོད། ༼ཏ༽ དཔེ་རིང་། ཤོག་གྲངས་ ༢༦༦ན༢
[5] ཀུན་དགའ་རིན་ཆེན་གྱི་གསུང་འབུམ། པོད། ༼༦༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༨༠ན༢
[6] བཀའ་རྙིང་གི་ཆོ་ག་སྣ་ཚོགས། བལ་ཡུལ་ཀརྨ་ལེགས་བཤད་གླིང་། ༢༠༡༢ ལོ། ཤོག་གྲངས་ ༡༢
[7] སྣ་ཚོགས་རང་གྲོལ་གྱི་གསུང་འབུམ། ༼ཆ༽ ཁམས་བྲིས། དཔེ་ཐུང་། ཤོག་གྲངས་ ༡༦ན༦
[8] དྷརྨ་ཀཱིརྟི་ཤཱསྟྲཾ། ༼ཆ༽ ༼ཇ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༡བ༦
[9] དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དང་། ནཱ་ལེནྡྲའི་གཙུག་ལག་ཁང་དང་། བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ལ་སོགས་པ་ནས། དཔལ་ཡེ་ཤེས་ཀྱི་མགོན་པོའི་ལྷ་ཚོགས་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཞེས་ (ཀུན་དགའ་རིན་ཆེན་གྱི་གསུང་འབུམ། པོད། ༼༦༽ འཕྲུལ་པར་དཔེ་རིང་། ཤོག་ ༤༨བ༥) ཐོག་གསལ་ལོ།།
[10] རོང་སྟོན་བཀའ་འབུམ། ༼ཀ༽ ༼ག༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦༣བ༦
[11] བསྟན་འགྱུར་དུ་ཀླུ་སྒྲུབ་ཀྱིས་མཛད་པའི་དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་རིགས་གསུམ་བཞུགས་སོ།།
[12] ཀུན་མཁྱེན་བཀའ་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་ཤོག་གྲངས་ ༡༧བ༣
[13] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༦༡
[14] འབྲོང་ངུར་ཆོས་རྗེ་དགེ་བའི་དབང་པོ། འབྲོང་ངུར་ཆོས་མཛོད། པོད། ༼༣༽ མཿ ཤོག་ ༨༣ ཐོག་གཅིག་མཚུངས་གསལ།
[15] སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་འབུམ། གླེགས་བམ་དང་པོ། ཤིང་དཔར། ཤོག་གྲངས་ ༨༦༢
[16] མགོན་པོ་ཕྱག་བཞི་པ། མཧཱ་ཀ་ལ་ཁྲག་འཐུང་གི་རྒྱལ་པོ། དཔལ་མགོན་བྱ་རོག་མཚན་ཅན། སྡེ་དཔོན་ཆེན་པོ། གནོད་སྦྱིན་བྱ་རོག་གདོང་ཅན་བཅས་མགོན་པོ་འདི་ཉིད་ཀྱི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་པས་བརྟག་དགོས།
[17] སྤྱིར་ན་མགོན་པོ་ལ་བདུན་ཅུ་རྩ་ལྔ་ཡོད་པར་བཤད་པ་དེ་དག་གི་ནང་ནས་གཙོ་བོ་དང་ཡོངས་གྲགས་ལྟ་བུ་ནི། མགོན་པོ་ཕྱག་དྲུག་པ་དང་། ཞལ་བཞི་པ། མ་ནིང་། མགོན་པོ་གུར། ཕྱག་བཞི་པ་སོགས་ཡིན་ཅིང་། དེ་ཡང་རྒྱ་གར་དུ་མགོན་པོ་ཕྱག་བཞི་པ་ལ་ཀླུ་སྒྲུབ་ཀྱི་ལུགས་དང་། ཞི་བ་སྦས་པའི་ལུགས། བོད་དུ་ཕག་གྲུ་དང་། བླ་མ་ཞང་གི་ལུགས་སོགས་སྣ་ཚོགས་ཤིག་ཡོད་ཀྱང་། ཐམས་ཅད་ཀྱི་གཙོ་བོ་ནི་ཕྱག་བཞི་པ་ཡིན་པར་གསུངས། མགོན་པོ་ཞལ་བཞི་པ་ལ་རྣམ་འགྱུར་མི་འདྲ་བ་བཅུ་གསུམ་ཡོད་པ་དང་། ཡང་བཀའ་བརྒྱུད་པའི་མགོན་པོ་བེར་ནག་སོགས་མགོན་པོའི་རིགས་མང་ལ། གཉན་ལོ་ཙཱ་བ་དང་། དཔལ་ས་སྐྱ་པ་རྣམས་ནས་མགོན་པོ་ཟངས་ཀྱི་གྲི་ཅན་ལྷ་བཅུ་གསུམ་མ་འདི་མགོན་པོ་ཞལ་བཞི་པའི་འཁོར་དུ་གཏོགས་པར་བཤད། ཡང་སྒྲུབ་ཐོབ་འདར་ཕྱཱ་བ་སོགས་ནས་རྟ་མགྲིན་ཡང་གསང་གི་བཀའ་ཉན་ཡིན་པར་བཤད་པ་སོགས་མགོན་པོའི་སྐོར་ལ་བཤད་ཚུལ་སྣ་ཚོགས་མཆིས་ཀྱང་། ཞིབ་ཆ་རིན་ཆེན་གཏེར་མཛོད་པོད། ༼ཇི༽ པའི་ནང་གི་མགོན་པོའི་ཆོས་སྐོར་དེ་དག་ལ་གཟིགས་པར་འཚལ་ལོ།།
[18] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༣ན༡
[19] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༦ན༡
[20] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༤བ༦
[21] ཡི་དམ་ཆོས་སྐྱོང་ཁག་ཅིག་གི་བྱུང་བ་བརྗོད་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༢༠༠
[22] ༸རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་འབུམ། ༼ཅ༽ (10) སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༩
[23] ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དཔེ་ཚོགས། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༨
[24] ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གསོད་བྱེད་སྲོག་གཟེར་ནག་པོའི་རྒྱུད་ལེའུ་བདུན་པ་དང་། དཔལ་མགོན་བྱ་རོག་མིང་ཅན་གྱི་རྒྱུད་ཁྲག་མཚོ་ཁོལ་མ་སྙིང་འབྱིན་གསོད་བྱེད་སྤུ་གྲི་ལྟ་བུའི་རྒྱུད། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད། མེ་ལྕེ་ཕྲེང་བའི་རྒྱུད། ལེགས་ལྡན་སྟག་ཞོན་གྱི་རྒྱུད་གསང་བ་འཁོར་ལོ་ནག་པོ། རྡོ་རྗེ་གུར་གྱི་རྒྱུད་ལེའུ་བཅུ་པ། བུ་སྟོན་ཆོས་འབྱུང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་སྦས་དོན་ཀུན་གསལ། རྗེ་དྲུང་བཞད་པའི་རྡོ་རྗེས་མཛད་པའི་བསྟན་སྲུང་རྒྱ་མཚོའི་རྣམ་ཐར། ༸རྒྱལ་བ་བསོད་ནམས་རྒྱ་མཚོས་མཛད་པའི་མགོན་པོ་ཕྱག་བཞི་པའི་ལོ་རྒྱུས། འབྲུག་པ་པདྨ་དཀར་པོས་མཛད་པའི་མགོན་པོ་མ་ནིང་གི་རྣམ་བཤད་རྡོ་རྗེ་སྙིང་པོ། བདག་ཆེན་ཨ་མྱེས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་སྒྲུབ་བརྒྱུད་ཀརྨ་ཀམ་ཚང་གི་ཆོས་འབྱུང་རབ་འབྱམས་ནོར་བུའི་ཟླ་ཤེལ་བཅས་སུ་གསལ་བ་རགས་བསྡུས་སུ་བཀོད་པ་ལགས་ན། ཞིབ་པ་རྒྱུད་དང་། གཞུང་ལུགས་སོ་སོར་གཟིགས་པར་འཚལ་ལོ།།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༣༥ ནས་ ༣༥༡ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།