༡༽ ནཱ་ལེནྡྲའི་གཙུག་ལག་ཁང་གི་བྲིས་རིས།
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བཟོ་བཀོད་ཇི་ལྟ་བུ་ཞིག་ཡོད་པའི་བྲིས་རིས་ནི། སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[1]། ཕྲན་གྱིས་དཔལ་ནཱ་ལེནྡྲའི་མཐོང་ཐོས་མྱོང་གསུམ་རྣམས་ཡི་གེར་བཀོད་ཡོད་མོད། ཕྱི་རབས་པ་རྣམས་སླར་རྨོངས་པར་གདོན་མི་ཟ་བས།
འདིར་གཙུག་ལག་ཁང་ཕྱི་ནང་གི་བཀོད་པ་རྣམས་གསལ་བས་བྲིས་རིས་ཤིག་སྤྱན་བསྟར་དུ་ཕུལ་ཡོད། རི་མོ་འདི་ལ་བརྟེན་ནས་ཕྱི་རབས་པ་རྣམས་ཀྱིས་དཔལ་ནཱ་ལེནྡྲའི་བཀོད་པ་གསལ་བར་མཁྱེན་རྟོགས་ཡོང་རེ་ཅི་ནས་ཀྱང་ཆེ། མཧཱ་ཙི་ནའི་ཡུལ་དུ་ཕྲན་གྱི་བྲིས་རིས་འདི་བཞིན་གཙུག་ལག་ཁང་ཞིག་ཕྱག་འདེབས་གནང་ཐུབ་ཚེ། གནས་མཆོག་འཕགས་པའི་ཡུལ་གྱི་ཆོས་སྡེ་ཆེན་པོ་དཔལ་ནཱ་ལེནྡྲ་དང་གཉིས་སུ་མེད་པ་ཞིག་ཡོང་རྒྱུར་གདན་མི་ཟའོ།།
སྐྱེས་ཆེན་རྣམས་ནི་ཞིང་མཆོག་གཞན་དུ་གཤེགས་གྱུར་ཀྱང་། །
ཤུལ་རྗེས་སཱ་ལའི་རི་མོ་གླིང་འདིར་བཀོད་པའི་ཕྲེང་བསྟར་མཛེས། །
སྐྱེ་འཆིའི་ས་མཚམས་ལམ་མེར་དབང་པོའི་ཡུལ་དུ་འཆར་བ་ན། །
ཐུགས་ཡིད་སྐྱོ་བའི་ཤུགས་རིང་མི་འཐེན་ག་ལ་སྲིད། །
ནཱ་ལེནྡྲའི་གཙུག་ལག་ཁང་གི་བྲིས་རིས། (གོང་གི་ནཱ་ལེནྡྲའི་བྲིས་རིས་བསྟན་པའི་མཚམས་ནས་ལཱ་རེ་ལགས་ཀྱིས་དབྱིན་འགྱུར་དེ་ཙམ་གསལ་པོ་མེད་ཁར། འོག་གི་བར་སྐབས་ཀྱི་ཚིགས་སུ་བཅད་པ་དང་། དེ་ལས་ཀྱང་གལ་ཆེ་བ་ནཱ་ལེནྡྲའི་གཙུག་ལག་ཁང་གི་བྲིས་རིས་ཞེས་པ་འདི་དག་ཆད་བསྒྱུར་བྱུང་འདུག་པ་པར་སྐྲུན་ཁང་གི་སྐྱོན་ནམ་ཡང་ན་སྒྱུར་བ་པོས་ཐུགས་བློ་མ་གཏད་པ་གང་ཡིན་མ་ཤེས། ཆེས་ཤིན་ཏུ་ཕངས་པ་ནི། གཙུག་ལག་ཁང་གི་བྲིས་རིས་དེ་སོན་རྒྱལ་རབས་ཀྱི་དུས་མཇུག་ཏུ་བོར་བརླག་ཏུ་སོང་བར་བཤད།)
དེ་བཞིན་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[2]། ཕྲན་དེ་སྔ་རྒྱལ་སར་བཞུགས་དུས་མི་ཞིག་གིས་ཁྲོམ་དཀྱིལ་དུ་འོལ་ཚོད་ཀྱིས་དཔལ་ནཱ་ལེནྡྲའི་རི་མོ་འབྲི་བཞིན་ཡོད་པ་དྲན་སོས་ཀྱིན་འདུག །འདིར་སྐྱེ་བོ་མང་པོས་དཔལ་ནཱ་ལེནྡྲའི་བཀོད་པ་དངོས་དེ་མཁྱེན་རྟོགས་ཡོང་ཕྱིར་གུས་པས་ངོ་མཚར་ཅན་གྱི་གཙུག་ལག་ཁང་དེའི་བཀོད་པ་མདོར་ཙམ་ཞིག་བྲིས་པའི་ཚུལ་ལོ། །ཞེས་དང་། བྲིས་རིས་དེ་ཉིད་ཡུལ་གང་དུ་བརྩམས་པ་དང་། ཡུལ་གང་ནས་གང་དུ་བསྐུར་མིན་ནི། དེ་ཉིད་ཀྱི་གླེང་བརྗོད་ལས[3]། ཕྲན་བཙུན་པ་ཡཱི་ཅེན་ནུབ་ཕྱོགས་འཕགས་ཡུལ་ནས་ཕྱིར་ལོག་པ་དང་གསེར་གླིང་དུ་གནས་བཅས་ཏེ་བསྡད། ལྷོ་རྒྱ་མཚོ་ནས་སྤྲིངས་པའི་དམ་ཆོས་འདུལ་བའི་སྐོར་གྱི་འཕྲིན་དང་། དཔལ་ནཱ་ལེནྡྲའི་ཕྱི་ནང་གི་བཀོད་པ་ཀུན་འདུས་ཀྱི་ས་ཁྲ་ཞིག་གནས་འདིར་བརྩམས་གྲུབ་གནང་སྟེ་ཆེན་པོ་ཐང་གི་ཡུལ་དུ་སྐྱེས་སུ་བསྐུར་བའོ། །ཞེས་ཀྱང་བྱུང་ངོ་།།
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དེ་ཉིད་དམ་ཆོས་འདུལ་བའི་གཞུང་ནས་གཙུག་ལག་ཁང་གི་ཚད་དང་བཀོད་དབྱིབས་གསུངས་པ་ལྟར་བཞེངས་སྐྲུན་གནང་ཡོད་ངེས་ལྟར། དམ་ཆོས་འདུལ་བ་གཙོ་གྱུར་གྱི་ཚིག་མཛོད་ལས[4]། གཙུག་ལག་ཁང་སོགས་ཀྱི་ཚད་དབྱིབས་ནི། དགེ་སློང་ཕའི་གཙུག་ལག་ཁང་ལྔ་བརྩེགས་དང་། གཙང་ཁང་། སྒོ་ཁང་། རབ་གསལ་རྣམས་བདུན་བརྩེགས་བྱེད། དགེ་སློང་མའི་གཙུག་ལག་ཁང་སུམ་བརྩེགས་དང་། གཙང་ཁང་དང༌། སྒོ་ཁང་། རབ་གསལ་རྣམས་ལྔ་བརྩེགས་དང༌། རྒྱ་ཚད་ཀྱང་དེས་ཚད་ཀྱིས་རིགས་པར་གསུངས། དེ་དག་གི་དབྱིབས་གྲུ་བཞི་བཟང་ལ། གཞན་ཟུར་བརྒྱད་དང་། ཟླུམ་པོ་སོགས་ཀྱང་རུང་ངོ༌། །དེ་དག་ལ་ཐུན་མོང་དུ་སྟེང་དུ་འཛེགས་པའི་ཐེམ་སྐས། རྡོ་དང་ས། ཤིང་གིས་བྱས་པ་གསུམ་དང༌། ཡང་ན་ཤིང་སྨྱུག་མ་ཐག་པའི་ཡ་གད་གསུམ་བྱས་ཀྱང་རུང༌། ཁྱམས་ཀྱི་དབུས་སུ་སེང་ཁྲི་ལ་རྒྱན་རྐང་རྟེན་དང་བཅས་པ། སྟེང་དུ་བླ་རེ་དར་དཔྱངས། གནས་དེ་དག་གི་འཁོར་གྱི་ཁྱམས་ཟླུམ་པོ་དང་། བསིལ་བའི་ཆེད་དུ་ཕྱི་རྩིག་པས་བསྐོར་ཞིང་། ཀ་ཚར་གྱིས་ཐོག་ཕུག་པ། སྐར་ཁུང་སྒོ་གླེགས་ཅན་དང་། ཆུའི་རྫིང་བུ་སོགས་བྱེད། རབ་བྱུང་གི་ཀུན་དགའ་ར་བ་རྩིག་པས་བསྐོར་བ་དང༌། དེའི་ཕྱི་རོལ་ཏུ་ཤིང་འཛུགས་པ་དང༌། གཙང་དང་འོབས་སོགས་བྱེད་པར་གསུངས། གཙུག་ལག་ཁང་གི་ཁྱམས་སུ་སྟོན་པའི་སྐྱེས་རབས་སོགས་བྲི། དེ་དག་བཞེངས་སའི་གནས་ནི། དགེ་འདུན་གྱི་ཐོས་བསམ་སྒོམ་པ་འཕེལ་བའི་ཆེད་ཡིན་ན། དབེན་པའི་གནས་སུ་བྱེད་པ་དང་། སྐྱེ་བོ་མང་པོས་མཆོད་པའི་ཆེད་ཡིན་ན། སྐྱེ་བོ་མང་པོ་འགྲོ་འོང་གི་གནས་སུ་བྱེད་པར་གསུངས་སོ། །ཞེས་གསུངས་པའི་ཁྱད་ཆོས་དག་ཀྱང་ཚང་བར་ངེས་སོ་སྙམ་མོ།།
དེ་བཞིན་གཙུག་ལག་ཁང་ནི་འདུལ་བ་ལས[5]། འོག་གཞིར་སོ་ཕག་གི་གཅལ་བདུན་བརྩེགས་སམ་བརྒྱད་བརྩེགས་བྱ་བ། དེའི་སྟེང་དུ་ཕྱོགས་སོ་སོར་ཀ་སྟན། དེའི་སྟེང་དུ་ཀ་བའི་ཚར་དང་། བྲེ་གདན་དང་། བྲེ་གཞུ་དང་། གདུང་སྟན་དང་། གདུང་དང་། གདུང་ཁེབས་དང༌། མཆོད་བརྩེགས་ཁེབས་མ་དང་། བར་མཆོད་རྣམས་བརྩེགས་ཤིང་། དེའི་སྟེང་དུ་གདུང་མིག་མངས་རིས་དང༌། ཁྱམས་ཚར་ལ་ཕྱོགས་སོ་སོར་གདུང་རྒྱུག་པ་དང༌། དེའི་སྟེང་དུ་ལྕམ་དང༌། ལྕམ་ཁབ་དང་། དེའི་སྟེང་དུ་ཤིང་ལེབ་བམ་གྲལ་མ་དང་། དེའི་སྟེང་དུ་སོ་ཕག་འགྲེམས་པ་དང་། རྫ་འདག་གིས་མཚམས་སྦྱར་བ་དང་། སྟེང་དུ་ཞལ་ཞལ་བྱེད་པ་དང་། དབུས་སུ་རྒྱ་མཐོངས་དང་། དེའི་སྟེང་དུ་དབུས་སུ་གཉྫི་ར་དང༌། ཕྱོགས་གཉིས་སུ་ཁྱུང་མགོ་དང༌། བྱ་འདབས་སུ་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ་སྟེ་སྤྱིའི་རྣམ་གཞག་གོ །དེའི་ཕུགས་སུ་དྲི་གཙང་ཁང་དང༌། ཡང་སྒོ་དང་རྟ་བབས་ཀྱི་སྒྲུབ་ཚུལ་དང་། གཞན་ཡང་རབ་གསལ་ལྔ་བརྩེགས་བདུན་བརྩེགས་བྱ་བ་སོགས་མང་དུ་ཡོད་དོ། །ཞེས་བྱུང་བ་ལྟར་རོ།།

༼དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་ས་ཁྲ།༽
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༠
[2] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༡
[3] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣
[4] དམ་ཆོས་འདུལ་བའི་ཚིག་མཛོད། ཐེ་ཝན་པར་མ། ༢༠༠༩ ལོ། ཤོག་གྲངས་ ༨༢༢
[5] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༢༠༢
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༣༠༡ ནས་ ༣༠༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།