༦༽ དུས་རབས་ལྔ་པར་བཞེངས་ཏེ་དྲུག་པར་རྒྱ་བསྐྱེད་པར་འདོད་ཚུལ།
༡) རྒྱལ་པོ་ཀུ་མ་རཱ་གུཔྟས་བཞེངས་ཚུལ།
དེ་ཡང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། ཕྱི་ལོའི་དུས་རབས་ལྔ་པའི་ནང་རྒྱལ་པོ་ཀུ་མ་རཱ་གུཔྟས་གསར་བཞེངས་གནང་བ་དང་། རྒྱལ་པོ་འཇིག་རྟེན་ཉི་མས་གསར་བཞེངས་གནང་བ་གཉིས་དང་། དེ་གཉིས་ཀྱང་གང་ཟག་གཅིག་དང་ཐ་དད་གང་ཡིན་གྱི་བཞེད་ཚུལ་མང་དུ་སྣང་བ་ལས། ཕྱི་ལོའི་དུས་རབས་ལྔ་པའི་ནང་ཀུ་མ་རཱ་གུཔྟས་བཞེངས་པའི་བཤད་ཚུལ་ནི།
མཁས་དབང་ཐུབ་བསྟན་མཆོག་སྒྲུབ་ (1939-2002) ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[1]། ལོ་རྒྱུས་མཁན་ཚོས་དཔལ་ནཱ་ལནྡཱའི་གཙུག་ལག་ཁང་ཆེན་མོ་དེ་རྒྱལ་པོ་འདིས་ཕྱག་བཏབ་པ་ཡིན་པར་འདོད། འོན་ཀྱང་བོད་ཀྱི་བཤད་ཚུལ་ལ། དཔལ་ནཱ་ལནྡཱ་དེའི་ཐོག་མར་ཕྱག་འདེབས་པ་པོ་མྱ་ངན་མེད་ཡིན་ཅིང་། རྒྱས་པར་མཛད་པ་ཀླུ་སྒྲུབ་ཡིན། ཞེས་བཞེད་སྲོལ་འདུག་པ་འདི་དག་ལ་ཁུངས་གང་ཡོད་པར་མ་ཤེས་པས་བརྟག་དཔྱད་བྱ་འོས་སུ་མཐོང་། གང་ལྟར་གཙུག་ལག་ཁང་འདི་ནི་འཇིག་རྟེན་ལ་སྙན་པར་གྲགས་པའི་གཙུག་ལག་ཁང་ཆེན་མོ་ཞིག་ཡིན། ཞེས་གསལ་ལ། དེ་བཞིན་རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[2]། མཧཱ་བོ་དྷིའི་གཙུག་ལག་ཁང་ནས་བྱང་ཤར་མཚམས་སུ་རྟ་ཚིགས་བདུན་ལྷག་ཙམ་གྱི་སར་དཔལ་ནཱ་ལེནྡྲ་ཡོད་པ་དང་། དེ་ནི་རྒྱལ་པོ་གཞོན་ནུ་སྦས་པས་ (Kumara Gupta) ཀུ་མཱར་གུཔྟ། 414-455) རྒྱ་གར་བྱང་ཕྱོགས་ཀྱི་དགེ་སློང་ཧི་ལོ་འོ་ཧྲི་ཕཱན་གྱི་ཆེད་དུ་བཞེངས། ཐོག་མའི་བཀོད་པར་ཧྥང་ཀྲང་འགའ་ལས་མེད་ཀྱང་། ཕྱིས་སུ་ཆོས་རྒྱལ་རིམ་བྱོན་གྱིས་རྒྱ་བསྐྱེད་པས་རྔམ་བརྗིད་དང་ལྡན་པར་གྱུར། ཅེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ནི་ཕྱི་ལོ་ ༤༡༤ ནས་ ༤༥༥ བར་དུ་སྲིད་ཁྲིར་བཞུགས་པའི་གུཔྟའི་རྒྱལ་རབས་ཀྱི་རྒྱལ་པོ་དང་པོ་ཀུ་མཱར་གུཔྟའམ་གཞོན་ནུ་སྦས་པས་བཞེངས་པར་རྒྱ་ནག་གི་ལོ་ཆེན་ཞོན་ཙང་ཐང་སན་ཙང་[3]གིས་ཀྱང་གསུངས་ཏེ། སངས་རྒྱས་འདས་ནས་རིང་པོ་མ་ལོན་པའི་རྗེས་སུ། ཡུལ་འདིའི་སྔོན་གྱི་རྒྱལ་པོ་ཤ་ཀྲཱ་དི་ཏྱ་ཞེས་བྱ་བ། ཐེག་པ་གཅིག་ལ་མོས་ཤིང་། དཀོན་མཆོག་གསུམ་ལ་གུས་པས། ས་བསོད་ནམས་དང་ལྡན་པར་བརྟགས་ནས་གཙུག་ལག་ཁང་འདི་བཞེངས་སོ། །ཞེས་གསུངས་པས། རྒྱལ་པོ་ཤ་ཀྲཱ་དི་ཏྱ་ (Sakraditya) སྟེ་བརྒྱ་བྱིན་ཉི་མ་དང་། གུཔྟའི་རྒྱལ་པོ་དང་པོ་ཀུ་མཱར་གུཔྟ་གཉིས་མི་གཅིག་ཡིན་པར་བཤད་དོ།།
དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[4]། དེ་ནས་སྟོན་པ་འདས་ནས་རྒྱལ་པོ་ཤཀྲཱདིཏྱ་བརྒྱ་བྱིན་ཉི་མ་བྱ་བས་གཙུག་ལག་ཁང་བཏབ་ཟེར་རྭ་ལོའི་རྣམ་ཐར་ལས་ཞེས་བྱུང་བ་ཡང་འདི་བརྡའ་ཉམས་པ་ཨེ་ཡིན་སྙམ། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཤཀྲཱའིདིཏྱ་སྟེ་རྒྱལ་པོ་གཞོན་ནུ་སྦས་པ་དང་པོ་དང་གཅིག་པར་བྱེད། དེ་ལྟར་ན་གཙུག་ལག་ཁང་ཆེར་བསྐྱེད་པའི་འགོ་བཙུགས་པ་ཡིན་གྱི་དགོན་གནས་སྔར་ནས་ཡོད་པར་སེམས། རྨང་འདིང་པ་ན་ཀླུ་བསྡད་པའི་རྐྱེན་གྱིས་ལྟས་མཁན་དག་གིས་དགོན་གནས་དར་ཡང་བར་སྐབས་སུ་ཁྲག་རྒྱུན་འབྱུང་བར་ལུང་བསྟན་སྐད། དེ་ནས་དེའི་བུ་སངས་རྒྱས་སྦས་པས་ཡབ་ཀྱིས་བརྩིགས་པའི་ཤར་ཕྱོགས་སུ་གཙུག་ལག་ཁང་གཉིས་པ་བྱས། རྒྱལ་པོ་ཏ་ཐཱ་ག་ཏ་གུཔྟས་དེའི་ཤར་ཕྱོགས་སུ་གཙུག་ལག་ཁང་གསུམ་པར་བྱས། དེ་ནས་བཱལཱདིཏྱ་སྟོབས་ཀྱི་ཉི་མའི་བུས་དེའི་བྱང་ཤར་དུ་གཙུག་ལག་ཁང་བརྩིགས་ཤིང་། ཕྱོགས་བཞིའི་དགེ་འདུན་སྤྱན་དྲངས་ཏེ་དུས་སྟོན་ཆེན་པོ་བྱས་ནས་ཕུལ། ཞེས་གཙུག་ལག་ཁང་སྔར་ནས་ཡོད་པར་གསུངས་སོ།།
ཡང་གཏམ་རྒྱུད་གསེར་ཐང་མ་ལས[5]། དེ་ནས་རྒྱལ་པོ་དེ་བུ་བཛྲ་བྱ་བས་ནུབ་ངོས་སུ་གཙུག་ལག་ཁང་བཞེངས། ཕྱིས་ཙ་ན་ཡུལ་དབུས་ཀྱི་རྒྱལ་པོས་གཙུག་ལག་ཁང་ཤིན་ཏུ་ཆེན་པོ་ཞིག་བྱང་ངོས་སུ་བཞེངས་ཏེ་དགོན་པ་ལྕགས་རི་མཐོན་པོས་བསྐོར། བརྒྱ་བྱིན་ཉི་མས་བཞེངས་པའི་གཙུག་ལག་ཁང་དེ་ཉམས་ཀྱང་དྲིན་བཟོའི་ཆེད་དུ་ཉིན་རེ་བཞིན་དགེ་སློང་བཞི་བཅུ་དེར་བྱོན་ཏེ་གདུགས་ཚོད་སོགས་གསུངས། སངས་རྒྱས་སྦས་པ་ལ་སོགས་པའི་རྒྱལ་པོ་དེ་རྣམས་རིམ་པ་བཞིན་དུ་སྐནྡ་གུཔྟ་དང་། པུར་གུཔྟ། ནར་སིངྷ་གུཔྟ། ཀུ་མར་གུཔྟ་གཉིས་པ་རྣམས་དང་དོན་གཅིག་ཡིན་པར་བྱེད་ཅིང་། ཡུལ་དབུས་ཀྱི་རྒྱལ་པོའི་རྭ་བ་བསྐོར་བྱ་བ་ཧརྴ་ཡིན་ནམ་ཟེར། སྟོབས་ཀྱི་ཉི་མས་གཙུག་ལག་ཁང་བྱས་པ་ནི་བཙུན་པས་གསུངས་པའི་སྟེང་དུ་ནལནྡཱའི་ཤུལ་རང་ནས་ད་ལྟ་རྙེད་པའི་རྡོའི་གླེགས་བུ་ལ་ཡང་ཟས་གཙང་སྲས་ཀྱི་གཙུག་ལག་ཁང་ཆེན་པོ་རི་ཀེ་ལ་ཤ་ཕམ་པར་བཟོས་པ་འདི་རྒྱལ་པོ་བཱལཱདིཧྱ་སྟོབས་ཀྱི་ཉི་མས་བཞེངས་ཏེ་སོགས་བྱུང་། གཞན་ན་ཡང་ཟངས་ཀྱི་གླེགས་བུ་ཆོས་འཁོར་གྱི་རྟགས་ཅན་རྙེད་པར་གསེར་གླིང་གི་རྒྱལ་པོ་བཱ་ལཱ་པུཏྲ་དེ་བས་ཟས་གཙང་སྲས་ཀྱི་རྗེས་སུ་འཇུག་པའི་དགེ་སློང་མཁས་པ་རྣམས་ཀྱི་བསྟི་གནས་ནལནྡཱའི་གཙུག་ལག་ཁང་མཐོན་པོ་ཡིད་འཕྲོག་སྟེ། རང་གི་ཕོ་ཉ་བཏང་སྟེ་ཞུས་པའི་ངོར་རྒྱལ་པོ་དེ་བ་པཱ་ལས་སངས་རྒྱས་ཀྱི་ཡོ་བྱད་དང་། དགེ་འདུན་རྣམས་ཀྱི་ཆོས་གོས་དང་། འཚོ་བའི་སྦྱོར་བ་དང་། གནས་རལ་བ་གྲུམ་པ་བཅོས་པའི་ཆ་རྐྱེན་དུ་གར་མའི་གྲོང་དང་གླང་པོའི་གྲོང་སོགས་ལྔ་ཕུལ་སོགས་བྲིས། གུཔྟའི་རྗེས་སུ་བྷངྒ་ལའི་པ་ལཱ་རྣམས་ཀྱིས་གནས་གཞི་འདི་བསྐྱངས་པར་གྲགས་པ་བཞིན་ཡིན་ལ། གླེགས་བུ་གཞན་ཞིག་ལ་བྱུང་བ་བྲམ་ཟེ་མཁས་པ་ཆེན་པོ་བཻ་ར་དེ་བ་དཔའ་བོ་ལྷ་ཞེས་བྱ་བ་ཀནི་ཥྐའི་གཙུག་ལག་ཁང་དང་། གྲགས་པའི་གོ་ཆའི་གྲོང་ཁྱེར་སོགས་སུ་མཁས་པར་སྦྱངས་པ་འདི་དག་རྒྱལ་པོ་ལྷ་སྐྱོང་གིས་བཀུར་ཞིང་། དགེ་འདུན་གྱི་གཙོ་བོར་བསྐོས་ཏེ་སོགས་བྱུང་། འདི་སློབ་དཔོན་དཔའ་བོ་ཡིན་ནམ་ཅི། ཕྲ་ཞིབ་གཞན་མ་སྤྲོས། ཞེས་གསུངས་པ་ལྟར། གཙུག་ལག་ཁང་རྒྱ་བསྐྱེད་པ་དང་། གཙུག་ལག་ཁང་གཉིས་པ་བྱས་པ། ནུབ་དང་བྱང་དུ་གཙུག་གལ་ཁང་བཞེངས་ཞེས་པ་འདི་དག་གི་ཐོག་ནས་བལྟས་ཀྱང་ཐོག་མར་ཕྱག་འདེབས་པ་ཞིག་མིན་པར། སྔར་ནས་གཙུག་ལག་ཁང་ཞིག་ཡོད་མུས་ཐོག་དེའི་ཕྱོགས་མཚམས་རྣམས་སུ་གཙུག་ལག་ཁང་གཞན་དང་གཞན་གསར་བཞེངས་རྒྱ་སྐྱེད་མཛད་པ་ཞིག་ཡིན་པ་ཚིག་རིས་ལས་གསལ་བར་མངོན་ནོ།།
མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས[6]། སྐབས་དེར་གལ་ཆེ་ཞིག་མ་ཡིན་ཀྱང་། རྗེས་སོར་སྦས་པའི་རྒྱལ་རབས་སྐབས་སུ་མཚན་སྙན་འཛམ་གླིང་ཀུན་ཏུ་ཁྱབ་པའི་ནང་པའི་གཙུག་ལག་སློབ་གཉེར་ཁང་བཞེངས་ཏེ་ལོ་རྒྱུས་ཐོག་ཤིན་ཏུ་གལ་ཆེར་གྱུར། ཅེས་དང་། ཡང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས་[7]ཀྱང་། སྦས་པའི་རྒྱལ་རབས་སྐབས་སྲིད་དོན་ཐོག་ནས་བཤད་ན་ཁྲིམས་ལུགས་དང༌། དངུལ་གྱི་ཐང་གཞི་གཏན་འབེབས་དང་འབྲེལ། མཁས་དབང་ལ་བརྩི་མཐོང་གུས་བཀུར་དང་། བཟོ་རིག་དང་། ལྷག་པར་ལེགས་སྦྱར་སྐད་ཀྱི་རྩོམ་རིག་སྲུང་སྐྱོབ་གནང་ཡོད། སྙན་གྲགས་ཅན་གྱི་སྙན་ངག་མཁན་ཀཱ་ལི་ད་ས་ (Kalidasa) ཡང་སྦས་པའི་རྒྱལ་རབས་ཀྱི་མངའ་ཐང་རྩེ་མོར་སོན་སྐབས་སུ་བྱོན་པར་གྲགས།
བྲམ་ཟེའི་སྐད་ནི་ལེགས་སྦྱར་རྒྱ་གར་རྒྱལ་ཡོངས་ཀྱི་སྐད་དུ་གྱུར་པར་བརྟེན་ནང་པའི་གདན་ས་ཁག་ཏུའང་བསྟན་བཅོས་ལེགས་སྦྱར་སྐད་ཐོག་ནས་རྩོམ་སྲོལ་དར་བ་རེད། ཡང་ཕྱོགས་གཅིག་ནས་བསམ་ཞིབ་བྱས་ཚེ་སྦས་པའི་རྒྱལ་རྒྱུད་ཀྱིས་བྲམ་ཟེའི་ཆོས་ཡུལ་ཆོས་སུ་ངོས་འཛིན་བྱས་པ་དེ་ལྟར་ཡིན་རུང་། ནང་ཆོས་ལའང་གཟིགས་སྐྱོང་གནང་ཡོད། འཛམ་གླིང་ནང་ཡོངས་སུ་གྲགས་པའི་གདན་ས་ཆེན་པོ་ནཱ་ལནྡཱ་ (Nalanda) ཡང་རྒྱལ་རབས་འདིའི་མཐུན་འགྱུར་རྒྱབ་གཉེར་ལ་བརྟེན་ནས་བཞེངས་པ་ཞིག་རེད། རྒྱ་ནག་གི་གནས་གཟིགས་པ་བན་ཆེན་པོ་ཆོས་ཀྱི་སྣང་བས་ནཱ་ལནྡྲའི་ཆོས་སྡེའི་སྐོར་ལ་ཅི་ཡང་མ་གསུངས་པས་ན། སྐབས་དེར་ཆོས་སྡེ་དེ་མ་བཞེངས་པར་མཚོན་གྱི་ཡོད་པ་རེད། རྒྱ་ནག་གི་ལོ་ཆེན་ཧྱན་ཙང་གི་རྒྱ་གར་གྱི་ལམ་ཡིག་བམ་པོ་དགུ་པར་ (T Vol. 51, P. 923b) རྒྱལ་པོ་ཤ་ཀཱ་དི་ཏྲའི་ (Sakraditya) མཐུན་འགྱུར་ལ་བརྟེན་ནས་ནཱ་ལནྡའི་ཆོས་སྡེ་བཞེངས་ལ། དེའི་སྲས་སངས་རྒྱས་སྦས་པས་ (Buddhagupta 476-496) ལྷོ་ཕྱོགས་རྣམས་བཞེངས། དེ་བཞིན་གཤེགས་པ་སྦས་པས་ (Tathagatagupta) ཤར་ཕྱོགས་རྣམས་བཞེངས། བཱ་ལཱ་དི་ཏྲ་ (Baloditya) ཡང་ན་ (Narasimhagupta 467-473) ཡིས་བྱང་ཤར་རྣམས་བཞེངས་པ་[8]རེད། ཤ་ཀྲཱ་ཏྱ་ནི་རྒྱལ་པོ་བཞི་པ་གཞོན་ནུ་སྦས་པ་དང་པོ་ (144-455) དང་གཅིག་ཡིན་པར་མངོན།
སངས་རྒྱས་སྦས་པ་ནི་ས་ར་ན་ཏའི་བརྐོས་ཡིག་ (Shizutani) བརྩམས་པའི་སྦས་པའི་བརྐོས་ཡིག་དཀར་ཆག་ཏུ་མཚན་གསལ་ཞིང་། ཕྱི་ལོ་ ༤༧༦ ཙམ་ལ་རྒྱལ་ཁྲིར་མངའ་གསོལ་བྱས་པ་ཡིན་པས་ན། གཞོན་ནུ་སྦས་པ་དང་པོའི་བུ་མ་ཡིན་པར་བུའི་བུའམ་ཚ་བོ་ཡིན་ལ། རྒྱལ་པོ་བདུན་པ་བཱ་ལཱ་དི་ཏྱ་ནི་གཅེན་པོ་རེད། དེ་ལྟ་བུའི་གདན་ས་ཆེན་པོ་ནཱ་ལནྡཱ་ནི་རྒྱ་གར་གྱི་དགོན་སྡེ་ཆེ་ཤོས་དང་། དེ་རྗེས་མི་ལོ་བརྒྱད་བརྒྱ་ཙམ་གྱི་རིང་ནང་ཆོས་ཀྱི་གཞུང་ལ་ཉམས་ཞིབ་བྱེད་སའི་ལྟེ་བ་ཡིན་པ་ནི་ཤོད་ཅི་དགོས། གདན་ས་ཆེན་པོ་དེ་ནས་སློབ་དཔོན་ཆོས་སྐྱོང་དང༌། ངང་ཚུལ་བཟང་པོ་སོགས་ཀྱིས་མཚོན་མཁས་དབང་མང་པོ་བྱོན་ཅིང་། ཧྱན་ཙང་ (629-645) དང་རྒི་རྗོ་ (671-695) སོགས་རྒྱ་ནག་གི་གནས་གཟིགས་པ་དང་། སློབ་གཉེར་བའང་མི་ཉུང་བ་ཞིག་བྱོན་འདུག
གཞན་ཡང་གནད་ཀྱི་ཟླ་འོད་ (D No. 3805, Da 228a304) ཀྱི་མཇུག་བྱང་ལས[9]། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་གནད་ཀྱི་ཟླ་བའི་འོད་ཟེར་ཞེས་བྱ་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་དང་མཁས་པ་བནྡེ་ཤེས་རབ་དཔལ་གྱིས་དཔལ་ནཱ་ལེནྡྲར་བསྒྱུར་བའོ། །ཞེས་གསལ་བ་ལྟར། ལོ་པཎ་དེ་གཉིས་ཀྱང་དཔལ་ནཱ་ལེནྡྲའི་མཁས་པ་ཡིན་པ་ཤོད་ཅི་དགོས། ལྷོ་ཕྱོགས་རྒྱ་མཚོ་བརྒྱུད་རྒྱ་གར་ལ་གནས་སྐོར་གནང་མཁན་རྒྱ་ནག་གི་གནས་སྐོར་བ་དོན་དམ་པའི་ལྷོ་ཡི་རྒྱ་མཚོ་ནས་ཕྱིར་ལོག་ནང་ཆོས་བཤད་སྲོལ་ཞེས་པའི་མཚན་ཅན་ (T Vol. 54,p. 227a) ལམ་ཡིག་བམ་པོ་བཞི་པ་ལྟར་ན། ནཱ་ལནྡཱ་ལ་གྲྭ་པ་སུམ་སྟོང་དང་། གྲྭ་ཚང་བརྒྱད། ཁང་ཚན་སུམ་བརྒྱ་ཡོད་པར་གསལ། དེ་རྗེས་དུས་རབས་བཅུ་གསུམ་པར་ཁ་ཆེའི་དམག་དཔུང་གིས་རྩ་གཏོར་བཏང་རུང་། ད་ལྟ་དགོན་ཤུལ་ཙམ་མཇལ་རྒྱུ་ཡོད་པའང་སྐལ་བ་བཟང་། དགོན་ཤུལ་སྔོག་བྲུས་བྱས་ཏེ་ཐོན་པའི་དཀྱིལ་དུ་གནའ་དུས་ཀྱི་སྦས་པའི་དུས་རབས་ཀྱི་རྡོ་བརྐོས་མང་པོ་མཇལ་རྒྱུ་མེད་ནའང་སྤུས་དག་འགའ་ཤས་ཡོད། མང་བ་ནི་སྐྱོང་བའི་རྒྱལ་རབས་ཀྱི་གནའ་རྫས་དང་གསང་སྔགས་སྐུ་འདྲའང་མང་པོ་བཞུགས་ཡོད།
སྦས་པའི་རྒྱལ་པོ་ལྔ་པ་སཀནྡ་གུཔྟ་ (Skandagupta=Vikramoditya 455-467) དང༌། རྒྱལ་པོ་བདུན་པ་ན་ར་སིང་ཧ་གུཔྟ་ (Narasimhagupta=Balaitya 467-473) གཉིས་ཀྱིས་སློབ་དཔོན་དབྱིག་གཉེན་ལ་ཞབས་ཏོག་ཞུས་པ་ཡིན་ཟེར་ལ། དེའི་རྐྱེན་གྱིས་དབྱིག་གཉེན་གྱི་དུས་རབས་ ༤༠༠-༤༨༠ གཏན་འབེབས་བྱེད། སྦས་པའི་རྒྱལ་རབས་སྐབས་སུ་སངས་རྒྱས་མངོན་པར རྫོགས་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་དང་། ཆོས་འཁོར་བསྐོར་བའི་གནས་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ནགས་ཀྱི་གནས་དང་། མྱ་ངན་ལས་འདས་པའི་གནས་རྩྭ་མཆོག་གྲོང་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་ཨ་ཅན་ཏ་དང་། ཨེ་ལོ་ར་སོགས་སུ་ནང་ཆོས་དར་རྒྱས་བྱུང་། ས་ར་ན་ཐ་ནས་ཤུང་ཀ་དང་ཀུ་ཤཱ་ཎའི་དུས་རབས་ཀྱི་སྐུ་འདྲ་མང་པོ་ཐོན་ཞིང་། ཕལ་ཆེ་བ་སྦས་པའི་སྐབས་ཀྱི་སྐུ་འདྲ་ཡིན། ཡིད་དབང་འཕྲོག་པའི་ངོ་མཚར་ཅན་གྱི་སངས་རྒྱས་ཆོས་འཁོར་ཕྱག་རྒྱ་ཅན་གྱི་སྐུ་འདྲའང་ཐོན། སྐུ་འདྲ་མང་བ་སྤྱན་རས་གཟིགས་ཡིན། ཉམས་ཆག་ཆེན་པོ་ཡོད་པའི་ད་ལྟ་མཇལ་རྒྱུ་ཡོད་པའི་དྷཱ་མེ་ཁ་ (Dhomekh) མཆོད་རྟེན་ནི་དུས་རབས་དྲུག་པར་བཞེངས་པ་རེད། རྩྭ་མཆོག་གྲོང་ནས་ཀྱང་རྡོ་སྐུ་མང་པོ་ཐོན་ཞིང་། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་གཙུག་ལག་ཁང་ཆེན་པོ་ (Mahaparinir vana-Mahavihara) དང་། སངས་རྒྱས་མྱ་ངན་ལས་འདས་པའི་སྐུ་བརྙན་བཅས་བཞུགས་པར་ཧྱན་ཙང་གི་ལམ་ཡིག་ཏུ་གསལ་ལོ། །ཞེས་བྱུང་ངོ་།།
ཡིག་ཆ་ལ་ལར། སྦས་པའི་རྒྱལ་ཐོག་དང་པོ་ཙནྡྲ་གུཔྟའམ་ཟླ་བ་སྦས་པ་ནི། ཕྱི་ལོའི་དུས་རབས་བཞི་པའི་འགོ་སྟོད་དུ་རྒྱལ་པོ་ཆུང་ངུ་ཞིག་སྟོབས་ཆེན་ཞིག་ཏུ་གྱུར་ཏེ་ཡུལ་མ་ག་དྷར་དབང་བསྒྱུར་བྱས་ཤིང་། དེ་ནི་ཙནྡྲ་གུཔྟ་སྟེ་ཟླ་བ་སྦས་པ་དང་པོ་དེ་ཡིན་པར་མ་ཟད། གུཔྟའི་རྒྱལ་རབས་འགོ་འཛུགས་གནང་མཁན་དེ་ཡང་ཡིན། གུཔྟའི་རྒྱལ་རབས་ནི་ཕྱི་ལོ་ ༣༢༠ ལོའི་ཟླ་བ་ ༢ ཚེས་ ༢༦ ཉིན་ཁོང་ཁྲི་ལ་འཁོད་པའི་དུས་ཚེས་ཡིན། དེ་རྗེས་ཁོང་གི་སྲས་ས་མུདྲ་གུཔྟ་སྟེ་རྒྱ་མཚོ་སྦས་པས་རྒྱལ་སྲིད་བཟུང་ཞིང་། མངའ་ཐང་ཆེ་བའི་རྒྱལ་པོའི་གྲས་ཤིག་ཡིན། ཁོང་གི་མངའ་འོག་ཏུ་བསྡུས་པའི་མངའ་རིས་རྒྱ་ཆེན་པོ་དེའི་ནང་ཞི་བདེ་དང་། ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁམས་ཤིག་འཛུགས་སྐྲུན་གནང་། རྒྱལ་པོ་འདི་དག་སྐབས་རྒྱ་གར་རིག་བྱེད་ཀྱི་གྲུབ་མཐའ་དར་རྒྱས་ཆེན་པོ་བྱུང་ཡོད་པར་མ་ཟད། ནང་པ་སངས་རྒྱས་པ་དང་། རྒྱལ་བ་པའི་རྗེས་འཛིན་པ་དག་ཀྱང་སྲུང་སྐྱོབ་གནང་ཡོད། སྐབས་དེར་དཔལ་ནཱ་ལེནྡྲ་ཅུང་ཟད་ཉམས་ཆག་བྱུང་ཡོད།

(གུཔྟའི་ (Gupta Empire) རྒྱལ་རབས་ཕྱི་ལོ་ ༣༢༠ ནས་ ༦༠༥ བར།)
ཕྱི་ལོ་ ༣༢༠ ནས་ ༦༠༥ བར་སྦས་པའི་རྒྱལ་རབས་རིམ་པར་བྱུང་བ་ལས། རྒྱལ་རབས་བཞི་པ་ཀུ་མཱར་གུཔྟ་སྟེ་གཞོན་ནུ་སྦས་པ་ཕྱི་ལོ་ ༤༡༥ ནས་ ༤༥༥ བར་བྱུང་ཞིང་། ཁོང་གི་སྤུན་མཆེད་འཇིག་རྟེན་ཉི་མ་གཉིས་ནས་སྔོན་གྱི་ཐེག་ཆེན་གྱི་བསྟན་པ་དར་ཡུལ་གཙོ་བོ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཉམས་གསོ་དང་། རྒྱ་སྐྱེད་གནང་འགོ་བཙུགས་པ་ཡིན། རྒྱ་གར་སྤྱིའི་རྒྱལ་རབས་ལོ་རྒྱུས་ནང་རྒྱལ་པོ་གཞོན་ནུ་སྦས་པ་གྲགས་ཆེ་བའི་གྲས་སུ་མི་བརྩི་ནའང་། ནང་པ་སངས་རྒྱས་པའི་བསྟན་པ་དང་། ལྷག་པར་ཐེག་ཆེན་གྱི་བསྟན་པ་དུས་ད་ལྟའང་ཉམས་མེད་གནས་པ་འདི་དག་བྱས་རྗེས་ཅན་གྱི་རྒྱལ་བློན་འདི་རྣམས་ཀྱི་བཀའ་དྲིན་ཡིན་ནོ།།

(ཀུ་མཱར་གུཔྟ་སྟེ་གཞོན་ནུ་སྦས་པ་ཕྱི་ལོ་ ༤༡༥ ནས་ ༤༥༥ བར།)
མདོར་ན། དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་དེ་ཐོག་མར་གསར་འཛུགས་གནང་མཁན་ནི་ཕྱི་ལོ་ ༤༥༠ ནས་ ༤༧༠ གཡས་གཡོན་གྱི་གུཔྟའི་རྒྱལ་པོ་ཀུ་མཱར་གུཔྟའི་རྒྱབ་སྐྱོར་ལ་བརྟེན་ནས་གསར་འཛུགས་གནང་བ་ཞིག་དང་། གུཔྟའི་རྒྱལ་བརྒྱུད་ཀྱི་རྗེས་ལ་རྒྱ་གར་གྱི་རྒྱལ་པོ་མང་པོས་ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་ལ་མཐུན་འགྱུར་རམ་འདེགས་གནང་བར་མ་ཟད། ཧིན་དྷུའི་རྒྱལ་པོ་དག་གིས་ཀྱང་རོགས་ཕན་གནང་བ་དང་། ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་དེ་ཕྱི་ལོ་བརྒྱ་ཕྲག་དྲུག་པའི་ནང་དུ་རྒྱལ་པོ་ཧར་ཤའི་སྐབས་ལ་སྙན་གྲགས་ཀྱི་རྩེ་མོར་སོན་ཞིང་། དེ་བཞིན་པཱ་ལའི་རྒྱལ་རྒྱུད་དག་གིས་བི་ཀྲ་མ་ཤཱི་ལ་དང་། ཨོ་ཏནྟ་པུ་རི། སོ་མ་པཱུ་རིའི་གཙུག་ལག་ཁང་སོགས་ལ་རམ་འདེགས་གནང་བ་ལྟར། ནཱ་ལེནྡྲ་ལ་ཡང་མཐུན་འགྱུར་སྦྱར་འདུག །སློབ་གཉེར་ཁང་དེ་དག་ཕན་ཚུན་དབར་ལ་འགྲན་རྩོད་ཡོད་ཀྱང་སློབ་ཕྲུག་གཏོང་ལེན་བྱེད་སྲོལ་ཡོད་པར་གྲགས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་རྒྱལ་རབས། སྟོད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༦༣
[2] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་ ༡༠༥
[3] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༢
[4] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༠
[5] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༠
[6] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༡༤
[7] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༧༠
[8] ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ་ཧྱན་ཙང་གི་རྒྱ་གར་ལམ་ཡིག་ (otani No. 1259) ནི་བཤད་ཚུལ་དེ་དང་ཅུང་མི་མཐུན།
[9] བསྟན་འགྱུར་དཔེ་བསྡུར་མ། ཤེས་ཕྱིན། ༼ད༽ དེབ་ཨང་ ༥༤ པ། ༡༩༩༥ ལོ། ཤོག་གྲངས་ ༥༦༢
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༩༧ ནས་ ༢༠༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།