༡༡༽ དོན་དམ་བདུན་ཅུ་པ།
དེ་ཡང་བྱང་ཆུབ་སེམས་དཔའི་ཡུལ་པ་སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས་ཀྱི་ཞབས་ཀྱིས་མཛད་པ་ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད་ལས[1]། ཇི་ལྟར་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་དོན་དམ་པ་བདུན་ཅུ་པ་ལ་སོགས་པ་རྣམས་སུ་དང་འདིར་ཡང་བསྟན་ཏོ། །ཞེས་དང་། དེ་བཞིན་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་[2]ཀྱང་། ཇི་སྐད་དུ།
ལྟ་བའི་མཆེ་བས་སྨས་པ་དང་། །ལས་རྣམས་འཇིག་པ་ལ་ལྟོས་ནས། །
སྟག་མོས་ཕྲུ་གུ་ཁྱེར་བ་ལྟར། །རྒྱལ་བས་ཆོས་རྣམས་བསྟན་པ་མཛད། །
ཅེས་བྱ་བ་དེ་ལྟ་བུ་སློབ་དཔོན་དབྱིག་གཉེན་ལ་སོགས་པས་མཛོད་དང་དོན་དམ་པ་བདུན་ཅུ་པ་ལ་སོགས་པར་དགོངས་པ་གསལ་བར་བྱས་པའི་ཕྱིར་རོ། །བརྩོན་པ་བྱས་པ་ཡིན་ན་དེའི་ཕྱིར་རྟོགས་པ་དེ་ཉིད་དུ་གོ་བར་བྱའོ། །ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་དོན་དམ་པ་བདུན་ཅུ་པ་ཞེས་པའི་བསྟན་བཅོས་མཛད་པ་སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས་དང་། སློབ་དཔོན་པདྨའི་ངང་ཚུལ་ཞབས་གཉིས་ཀྱིས་མཛད་པའི་གཞུང་དུ་བསྟན་བཅོས་ཀྱི་མཚན་དང་བཅས་པ་གསལ་བར་བྱུང་ཡང་། བསྟན་བཅོས་དངོས་བཞུགས་པར་མ་གྲགས་ལ། མ་ཡིག་ཀྱང་མ་རྙེད་དོ།།
དེ་བཞིན་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[3]། ཕོ་ཉ་མངགས་ནས་བིན་ཊ་ཥ་རིར་ཕྱི་རོལ་པ་དེ་བཙལ་དུ་བཏང་ཡང་། ཕྱི་རོལ་པ་དེ་རྡོར་གྱུར་འདུག་པས་དངོས་སུ་རྩོད་རྒྱུར་མ་སོང་བས། སློབ་དཔོན་གྱིས་ཡང་དག་བདུན་ཅུ་པ་ཞེས་པའི་གཞུང་བརྩམས་ནས་གྲངས་ཅན་གྱི་གཞུང་སུན་འབྱིན་པར་བྱས་སོ། །ཞེས་དོན་དམ་བདུན་ཅུ་པ་དང་། ཡང་དག་བདུན་པ་གཉིས་འགྱུར་ཁྱད་ལས་དོན་ལ་བསྟན་བཅོས་ཡིན་འདུག་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྡེ་དགེ་བསྟན་འགྱུར། ཚད་མ། ༼ཡེ༽ པོད། ༡༩༣ པ། ཤོག་གྲངས་ ༣༡༣ན༥
[2] སྡེ་དགེ་བསྟན་འགྱུར། ཚད་མ། ༼ཟེ༽ པོད། ༡༩༡ པ། ཤོག་གྲངས་ ༢༢༤ན༤
[3] ཀུ་མ་ར་ཛི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥། ༣ ཤོག་ ༡༣༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༣ ནས་ ༣༢༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།