༢༽ ཤཱ་རིའི་བུའི་རྣམ་ཐར་སྙིང་བསྡུས།

༢༽ ཤཱ་རིའི་བུའི་རྣམ་ཐར་སྙིང་བསྡུས།[1]

 

དེ་ཡང་སྟོན་པའི་ཉན་ཐོས་མཆོག་ཟུང་དུ་གྲགས་པའི་འཕགས་པ་ཤཱ་རིའི་བུ་ནི། ཡུལ་ནཱ་ལེནྡྲའི་བྲམ་ཟེ་སྐར་རྒྱལ་གྱི་བུ་ཡིན་པས་ཉེ་རྒྱལ་དང་། མ་ཤཱ་རི་ཀ་ཏའི་བུ་ཡིན་པས་ཤཱ་རིའི་བུར་བཏགས་པའི་རྣམ་ཐར་ནི། རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[2]།

སྤྲུལ་པའི་ཉན་ཐོས་ཉི་ཟླ་ཟུང་མཆོག་ནི། །བལྟམས་པའི་གནས་དེ་ཉེ་བར་འཛིན་པ་ལས། །

སངས་རྒྱས་བསྟན་པའི་རྨང་གཞི་ཆོས་འཁོར་ཆེ། །འཛམ་གླིང་འགྲན་ཟླས་དབེན་པ་ལ་ཕྱག་འཚལ། །

ཞེས་བསྔགས་པ་ལྟར། ཕྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་ཙམ་དུ་དཔལ་ནཱ་ལེནྡྲའི་ཡུལ་དུ་ཡབ་བྲམ་ཟེ་སྐར་རྒྱལ་དང་། ཡུམ་ཤཱ་རི་ཀཱ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་འཕགས་པ་ཤཱ་ར་དཱ་ཏིའི་བུའམ། ཤ་རི་པུཏྲཿ (Shariputra) སྟེ་ཤཱ་རིའི་བུ་ནི། མདོ་སྡེ་ལས་བརྒྱ་པ་ལས[3]། འདམ་བུ་སྦྱིན་ཞེས་བྱ་བའི་གྲོང་ན་ནི་བྲམ་ཟེ་རྒྱལ་ཞེས་བྱ་བ་ཞིག་གནས་ཏེ། དེ་གཉིས་མཛའ་ཞིང་བཤེས་ལ་གཅུགས་པར་གྱུར་ཏོ། །དེ་ནས་བྲམ་ཟེ་རྒྱལ་ཆུང་མ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཆུང་མ་ལ་བུ་ཆགས་ནས་དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། མིང་ཤཱ་རིའི་བུ་ཞེས་བྱ་བ་དང་ཉེ་རྒྱལ་ཞེས་བྱ་བར་བཏགས་སོ། །ཞེས་རྒྱལ་བའི་བཀའ་འགྱུར་ལས་བྱུང་ངོ་།།

དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས་བརྩམས་པའི་རྒྱ་གར་གྱི་ནང་པའི་གསང་སྔགས་ཀྱི་ལྟ་གྲུབ་ཆོས་འབྱུང་ལས[4]། དེ་ཡང་ཤཱ་རིའི་བུའི་མཚན་ལ་ཉེ་རྒྱལ་ཞུ། འཁྲུངས་ཡུལ་ན་ལ་ཀའམ་ནཱ་ལནྡཱ་ཡིན། པཱ་ལིའི་ཡོངས་སུ་མྱང་འདས་མདོར་སངས་རྒྱས་སྐུ་ཚེ་མཐའ་མར་འགྲུལ་སྐྱོད་སྐབས་ན་ལནྡའི་གྲོང་གསེབ་ཏུ་ཤཱ་རིའི་བུ་དང་མཇལ་བར་གསལ་ཡང་། བོད་འགྱུར་སོགས་གསུམ་དུ་མེད་པས་རྗེས་སུ་བསྣན་པ་ཡིན། དོན་ལ་ཡང་མི་འགྲིག་ཅིང་། ཤཱ་རིའི་བུ་སངས་རྒྱས་ཀྱི་གོང་རོལ་ཏུ་མྱ་ངན་ལས་འདས་པའི་སྐོར་ལྷོ་བྱང་མཁས་པ་ཀུན་ལ་རླུང་ལྟར་གྲགས། པཱ་ལིའི་ཡང་དག་ལྡན་པའི་སྡེར་ཤཱ་རིའི་བུ་ན་ལནྡཱའི་གྲོང་གསེབ་ཏུ་མྱ་ངན་ལས་འདས། དེ་རྗེས་སངས་རྒྱས་ཀྱིས་ཁོང་གི་ཡོན་ཏན་ལ་བསྔགས་བརྗོད་གནང་བར་གསལ་ཡོད། འདུལ་བ་གཞི་ལས། བྲམ་ཟེ་སྐར་རྒྱལ་གྱི་བུ་ཡིན་པས། བྲམ་ཟེའི་ཁྱེའུ་འདིའི་མིང་ཉེ་རྒྱལ་དུ་གདགས་སོ་སྙམ་ནས་དེའི་མིང་ཉེ་རྒྱལ་ཞེས་བྱ་བར་བཏགས་སོ། །དེས་བསམ་པ། མེས་པོས་བྲམ་ཟེའི་ཁྱེའུ་འདིའི་མིང་ཕ་ལས་དྲས་ཏེ་བཏགས་ཀྱི། བདག་གིས་འདིའི་མིང་མ་ལས་དྲས་ཏེ་གདགས་སོ་སྙམ་ནས་བྲམ་ཟེའི་ཁྱེའུ་འདི་མ་ཤཱ་རི་ཀཱའི་བུ་ཡིན་པས་འདིའི་མིང་ཤཱ་རིའི་བུ་གདགས་སོ་སྙམ་ནས་དེའི་མིང་ཤཱ་རིའི་བུ་ཞེས་བྱ་བར་བཏགས་སོ། །ཞེས་སོགས་ཞིབ་པར་གསལ་ལ། མདོར་ན། མ་ཤཱ་རི་ཞེས་པའི་བུ་ཡིན་པས་མ་ཡི་ཆ་ནས་ཤཱ་རིའི་བུ་དང་། རིགས་ནི་ཤཱ་ར་དྭ་ཏི་ཡིན་པས་རིགས་ཀྱི་ཆ་ནས་ཤཱ་ར་དྭ་ཏིའི་བུ་ཞེས་བཏགས་ཤིང་། དོན་ལ་ཤཱ་ར་དྭ་ནི་སྟོན་པ་དང་། བ་ཏི་ནི་ལྡན་པ་ལ་འཇུག་པས་སྟོན་ལྡན་མའི་བུ་ཞེས་པའི་དོན་ཡིན་ནོ།།

གཞན་ཡང་སིངྒ་ལའི་གནས་བརྟན་སཱི་རི་དྷམ་མས་ (དུས་རབས་20པ།) བརྩམས་པའི་སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་ལས[5]། སློབ་མ་མཆོག་ཟུང་གཉིས་ནང་། རྒྱལ་པོའི་ཁབ་ཀྱི་ཉེ་འཁྲིས་སུ་མིང་ལ་ཨུ་པ་ཏི་ས་ (UPATISSA) དང་། ཀོ་ལི་ཏ་ (KOLITA) ཟེར་བའི་གྲོང་གསེབ་གཉིས་ཡོད་ཅིང་། གྲོང་གསེབ་དེའི་འགོ་དཔོན་རྣམ་གཉིས་ཀྱི་མིང་ལ་ཡང་ཨུ་པ་ཏི་ས་དང་ཀོ་ལི་ཏ་ཟེར། ཁྱིམ་ཚང་དེ་གཉིས་ནི་ཧ་ཅང་གི་སེམས་ཐག་ཉེ་བའི་གྲོགས་པོ་བློས་ཐུབ་ཅིག་ཀྱང་ཡིན། ཉིན་གཅིག་ཨུ་པ་ཏི་ས་ཡི་ཆུང་མ་སཱ་རི་ (SARI) ལ་སྲས་གཅིག་འཁྲུངས་ཤིང་། དེའི་ཉིན་ཏག་ཏག་དེར་ཀོ་ལི་ཏའི་ཆུང་མ་མོ་ག་ལི་ (MOGGALI) ལ་ཡང་སྲས་གཅིག་འཁྲུངས། ཨུ་པ་ཏི་ས་ཡི་སྲས་ཀྱི་མཚན་ལ་ཡབ་ཀྱི་ཆ་ནས་ཨུ་པ་ཏི་ས་དང་། མ་ཡུམ་སཱ་རི་ལ་འཁྲུངས་པའི་ཆ་ནས་སཱ་རིའི་བུ་ (SARIPUTTA) ཞེས་ཀྱང་བཏགས། ཀོ་ལི་ཏ་ཡི་སྲས་ཀྱི་མཚན་ལ་ཡང་ཡབ་ཀྱི་ཆ་ནས་ཀོ་ལི་ཏ་དང་། མ་ཡུམ་མོའུ་འགལ་ལི་ལ་འཁྲུངས་པའི་ཆ་ནས་མོའུ་འགལ་གྱི་བུའམ་ཡང་ན་མོག་གལ་ལ་ན་ (MOGGAL LANA) ཞེས་ཀྱང་བཏགས་སོ། །ཞེས་མཆོག་ཟུང་གཉིས་ཀྱི་འཁྲུངས་ཡུལ་གྲོང་གསེབ་ཀྱི་མིང་དང་། ཡབ་ཡུམ་གྱི་མཚན། མཆོག་ཟུང་གཉིས་ཀྱི་མཚན་ཡབ་ཡུམ་གྱི་མཚན་ཟུར་ནས་ཇི་ལྟར་འདོགས་ཚུལ་སོགས་གསལ་བར་བྱུང་ལ། འཁྲུངས་ཡུལ་གྱི་གྲོང་ཚོའི་མིང་ལ་ཨུ་པ་ཏི་ས་ཞེས་པ་ལས་ནཱ་ལེནྡྲར་འཁྲུངས་ཚུལ་མི་གསལ་བས་དེ་ནི་མིང་གི་རྣམ་གྲངས་ཡིན་འདུག་སྙམ།

འོན་ཀྱང་ཐང་སན་ (603-664) ལམ་ཡིག་ལས[6]། དེའི་ཤར་ཕྱོགས་སུ་རྒྱང་གྲགས་ཉི་ཤུ་ལྷག་བགྲོད་པ་ན་ཀ་བི་ཀའི་ལྗོངས་ཡོད། དེར་མཆོད་རྟེན་ཞིག་ཡོད་པ་ནི། འཕགས་པ་ཤཱ་རིའི་བུ་བལྟམས་པའི་གནས་ཏེ་དེ་ཉིད་ཀྱི་ཁྱིམ་ཤུལ་ཡོད། དེའི་ལོགས་སུ་ཨ་ཤོ་ཀས་བཞེངས་པའི་མཆོད་རྟེན་ཞིག་ཡོད་པ་ནི། འཕགས་པ་དེ་ནི་ཤིང་སཱ་ལ་ཆེན་པོ་ལྟ་བུའི་རིགས་སུ་འཁྲུངས་ཏེ། ཡུམ་གྱི་མིང་ཤཱ་རི་ཀ་ཟེར་ཞིང་། ནུབ་ཅིག་ཡུམ་གྱི་རྨི་ལམ་ན། སྐྱེས་བུ་གསེར་གྱི་གོ་ཆ་གྱོན་པ་ཕྱག་ན་རྡོ་རྗེ་ཐོགས་པ་ཞིག་གིས་རྡོ་རྗེ་གསོར་ཞིང་། རི་བྲག་ཐམས་ཅད་ཐལ་བར་བརླགས། རི་བྲག་མཐོན་པོ་ཆིག་སྐྱ་གཅིག་ལུས་པའི་རྩ་བར་བགྲེང་སྟེ་འདུག་པ་རྨིས་སོ། །སད་ནས་ཁྱོ་གར་བཤད་པས་ཁྱོད་ཀྱི་རྨི་ལྟས་བཟང་། རྒོལ་བ་ཐམས་ཅད་རྨེག་མེད་དུ་འཇོམས་པའི་སྐྱེས་བུ་འགྲན་གྱི་དོ་ཟླ་མེད་པ་གཅིག་ལ་བརྟེན་པར་ལུང་བསྟན། མི་རིང་བར་སྲོག་ཆགས་དང་ལྡན་པར་གྱུར་ནས་ཟླ་བ་བཅུ་རྫོགས་པ་ན་འཕགས་པ་ཤཱ་རིའི་བུ་འཁྲུངས། རིམ་གྱིས་ལོ་བརྒྱད་ལོན་པ་ན་རིག་པ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། ཅེས་གསལ་བ་ལྟར་ནཱ་ལེནྡྲ་ནི་འཕགས་པ་ཤཱ་རིའི་བུའི་འཁྲུངས་འདས་ཀྱི་གནས་[7]ཡིན་ཚུལ་དེབ་ཐེར་མང་པོར་གསལ་ལོ།།

དེ་ཡང་འཕགས་པ་ཤཱ་རིའི་བུའི་རྣམ་ཐར་ནི། རོང་སྟོན་ཤེས་བྱ་ཀུན་རིག་ (1367-1449) གིས་མཛད་པའི་ཉེ་བའི་སྲས་མཆོག་ཟུང་ལ་བསྟོད་པ་སྙན་པའི་སྒྲ་དབྱངས་ལས[8]།

མཆོག་ཏུ་གྱུར་པའི་ཤེས་རབ་ཕུལ་ཕྱིན་པས། །ལྷག་པའི་ཤེས་རབ་ལྷག་པའི་ཡོན་ཏན་བརྙེས། །

རྒྱལ་བའི་གསུང་རབ་གྲངས་མེད་མཐའ་ཡས་པས། །སྐད་ཅིག་གཅིག་ལ་འཛིན་པའི་ཤེས་རབ་ལྡན། །

ཤེས་རབ་ཅན་ཞེས་བརྗོད་པ་མ་ནོར་ཞིང༌། །ཤེས་རབ་འཁོར་ལོར་སྲིད་པའི་འཆིང་བ་དག །

མ་ལུས་བཅད་ནས་ཡེ་ཤེས་སྣང་བ་ཡིས། །སྲིད་པའི་མུན་པ་རིང་དུ་སྤོང་བར་མཛད། །

ཅེས་བསྟོད་ཕྱག་མཛད་ཡུལ་ཤཱ་རིའི་བུ་ཤེས་རབ་ཅན་གྱི་མཆོག་ཏུ་བསྔགས་པ་ནི། སིངྒ་ལའི་གནས་བརྟན་སཱི་རི་དྷམ་མས་ (དུས་རབས་20པ།) བརྩམས་པའི་སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་ལས[9]། ཐེངས་ཤིག་སངས་རྒྱས་བཅོམ་ལྡན་འདས་ནཱ་ལེནྡྲ་ (NALANDA) ཡི་པ་ཝ་རི་ཀ་ཞེས་པའི་སྐྱེད་མོས་ཚལ་ (PAVARIKA GROVE) དུ་བཞུགས་སྐབས། མིང་ལ་ཀེ་ཝད་དྷ་ (KEVADDHA) ཞེས་པའི་མི་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ཏེ་གུས་ཞབས་ཆེན་པོའི་ཐོག་ནས་ཞུས་པ། ཀྱེ། བདག་ཉིད་ཆེན་པོ་ལགས། ནཱ་ལེནྡྲ་ནི་ཆེས་ཕུན་སུམ་ཚོགས་ཤིང་ཚགས་ཚུད་པའི་གྲོང་ཁྱེར་ཞིག་ཡིན་ལ། དེའི་ཡུལ་མི་རྣམས་ཀྱང་ཧ་ཅང་གི་དར་རྒྱས་གོང་འཕེལ་ཆེ་ཞིང་། ཁྱེད་ལ་ཡིད་ཆེས་ཀྱི་དད་པ་དང་ལྡན་པ་ཞིག་ཡིན། དེས་ན་བརྩེ་བའི་བདག་ཉིད་ཆེན་པོ་ལགས། གལ་སྲིད་ཁྱེད་ཀྱིས་རང་གི་ཉན་ཐོས་ཤིག་རྨད་དུ་བྱུང་བའི་རྫུ་འཕྲུལ་གྱི་བྱ་བ་བྱེད་རྒྱུའི་ཐད་བསྐོ་གཞག་གནང་ན། ནཱ་ལེནྡྲའི་ཡུལ་མི་རྣམས་ཁྱེད་ལ་དེ་སྔོན་ལས་ཀྱང་ཆེས་ཆེར་ལྷག་པའི་ཡིད་ཆེས་ཀྱི་དད་པ་འཕེལ་བར་ངེས་སོ། །ཞེས་ཞུས། ཞེས་གསལ་བ་ལྟར། རྗེས་སུ་ཉན་ཐོས་མཆོག་ཟུང་གཉིས་ལས་ནཱ་ལེནྡྲར་སྐུ་འཁྲུངས་པའི་ཤཱ་རིའི་བུ་ཤེས་རབ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པ་དང་། ནཱ་ལེནྡྲའི་ཉེ་འགྲམ་དུ་སྐུ་འཁྲུངས་པའི་མོངྒལ་གྱི་བུ་རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ཏུ་གྱུར་པར་བསྐོ་གཞག་སྩལ་བ་ཡང་འདི་དང་འབྲེལ་ཆགས་པར་སེམས་ལ། དེ་བཞིན་བཅོམ་ལྡན་འདས་ཀྱིས་འདུལ་བ་རྣམ་འབྱེད་ལས་[10]ཀྱང་།

དེ་བཞིན་གཤེགས་པ་མ་གཏོགས་པར། །འཇིག་རྟེན་ཀུན་གྱི་ཤེས་རབ་གང་། །

ཤཱ་རིའི་བུ་ཡི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ །

གལ་ཏེ་ལྷར་བཅས་འཇིག་རྟེན་འདི། །ཤཱ་རིའི་བུ་དང་མཉམ་གྱུར་པས། །

དེ་བཞིན་གཤེགས་པའི་ཤེས་རབ་ཀྱི། །བཅུ་དྲུག་ཆར་ཡང་མི་ཆོག་གོ །

ཞེས་གསུངས་པ་ལྟར། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[11]། ཡུལ་ནཱ་ལེནྡྲར་ཡབ་བྲམ་ཟེ་སྐར་རྒྱལ་དང༌། ཡུམ་ཤཱ་རི་ཀ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡབ་ཀྱིས་ཡུམ་གྱི་མཚན་ལ་ཤཱ་རི་ཀ་ཞེས་པའི་བུར་འཁྲུངས་པ་ན་ཤཱ་རིའི་བུ་ཞེས་བཏགས། དེ་ནར་སོན་པ་ན་ཡབ་ཀྱི་མི་ཤེས་པ་ཐམས་ཅད་ཀྱང་ཤེས་པས། རིག་བྱེད་སློབ་པ་ལྔ་བརྒྱ་ཡོད་པ་ཉེ་རྒྱལ་ལ་སློབ་དཔོན་དུ་བསྐོས་སོ། །དེ་ནས་མ་སྐྱེས་དགྲའི་ཡུལ་གྱི་དུས་སྟོན་ཆེན་པོ་ཞིག་སར་པང་ལས་སྐྱེས་དང་མཇལ་ནས་རབ་ཏུ་འབྱུང་བར་འདོད་མོད་དེ། སྟོན་པ་དྲུག་གི་དྲུང་དུ་སོང་ནས་ལམ་དང་བརྟུལ་ཞུགས་སོགས་དྲིས་པས་ཡིད་མ་ཚིམ་པར་ཕྱིར་ལོག་སྟེ། ཡང་དག་རྒྱལ་བ་ཅན་ལས་རབ་ཏུ་བྱུང༌། ཇི་ཞིག་ནས་ཡང་དག་རྒྱལ་བ་ཅན་གྱིས། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་དམ་ཆོས་བདུད་རྩི་སྟོན་པར་གྱུར་ཅེས་ལུང་བསྟན་ནས་རྒྱལ་བ་ཅན་མྱ་ངན་ལས་འདས་པ་དེའི་ཚེ་རྟ་ཐུལ་བསོད་སྙོམས་ལ་གཤེགས་པ་དང་མཇལ་ནས་ཆོས་ཞུས་པས། དེ་མ་ཐག་བདེན་པ་མཐོང་ནས་པང་ནས་སྐྱེས་ལ་གསུངས་པས། དེས་ཀྱང་དེ་བཞིན་བདེན་པ་མཐོང་སྟེ་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་གང་དུ་བཞུགས་ཞེས་དྲིས་པས། འོད་མའི་ཚལ་དུ་ཡོད་ཅེས་ཐོས་པ་བཞིན་ཉེ་རྒྱལ་དང་པང་ལས་སྐྱེས་གཉིས་སངས་རྒྱས་མཇལ་དུ་ཕྱིན་ཏེ། ཐོག་མར་ཆོས་ཐོབ་པའི་མཁན་པོ་ལ་ཕྱག་འཚལ་བས། སངས་རྒྱས་ཀྱིས།

རྒན་པ་དང་ནི་གཞོན་ཡང་རུང༌། །གང་ལ་ཆོས་ནི་རྣམ་ཤེས་པ། །

དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །

ཞེས་གསུངས་ཏེ། ཁོང་གཉིས་ལ་བཅོམ་ལྡན་འདས་ཀྱིས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པའི་འབྲས་བུ་བརྙེས་ཏེ་མཆོག་ཟུང་གཉིས་ཤཱ་རིའི་བུ་ཤེས་རབ་ཅན་གྱི་མཆོག་དང༌། མཽངྒལ་གྱི་བུ་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་གྱུར་ཞེས་ལུང་བསྟན། མཐར་མཆོག་ཟུང་གཉིས་ཀྱིས་དམྱལ་བའི་གནས་སུ་ཕེབས་ནས། མཽངྒལ་གྱི་བུས་རྫུ་འཕྲུལ་གྱིས་ཆར་ཕབ་ནས་མནར་མེད་པའི་མེ་ལྕེ་སྐམ་པར་བྱས། ཤཱ་རིའི་བུས་ཏིང་ངེ་འཛིན་གྱིས་དམྱལ་བ་བསིལ་བར་བྱས་ཏེ་སྡུག་བསྔལ་གྱི་རྒྱུན་བཅད། མུ་སྟེགས་ཀྱི་སྟོན་པ་འོད་སྲུང་རྫོགས་བྱེད་ཀྱིས་དམྱལ་གནས་ནས་འཕྲིན་བསྐུར་བ་དེ་མུ་སྟེགས་རྣམས་ལ་ཤཱ་རིའི་བུས་གསུངས་ཀྱང་ལས་ཀྱི་རྣམ་སྨིན་མེད་པས་ཁྲོ་བ་ཙམ་ཡང་མ་བྱུང༌། རྗེས་སུ་མཽངྒལ་གྱི་བུས་གསུངས་པས་རབ་ཏུ་ཁྲོས་ཏེ་སྐུ་ལུས་འདམ་བུ་བཞིན་བཅོམ་ནས་གཤེགས་ཚུལ་བསྟན་པར་གསུངས་སོ། །དེ་ལྟར་གྲོགས་པོ་ཤི་བ་མཐོང་བ་མི་བཟོད་དོ་ཞེས་གསུངས་ནས་ཤཱ་རིའི་བུ་འཁོར་བརྒྱད་ཁྲི་དང་བཅས་ཏེ་ནཱ་ལེནྡྲར་གཤེགས་སོ། །ཞེས་བྱུང་ངོ་།།

དེ་བཞིན་ཆོས་འབྱུང་ནོར་བུའི་ཕྲེང་བ་ལས[12]། དེ་ནར་སོན་སྐབས་ཡབ་ཀྱིས་མ་ཤེས་པ་མང་པོ་ཉེ་རྒྱལ་གྱིས་ཤེས། དེར་རིག་བྱེད་སློབ་པ་ལྔ་བརྒྱ་ཡོད་པ་ཉེ་རྒྱལ་ལ་སློབ་ཏུ་བཅུག་པས་དེས་ཀྱང་མཁས་པ་དང་ཤེས་རབ་ཀྱི་ཉམས་སྟོན་ཕྱིར་རིང་པོ་ཐུང་ངུར་ཀློག །ཐུང་ངུ་རིང་པོར་ཀློག་པ་སོགས་ཀློག་ཚུལ་ཐུན་མོང་མ་ཡིན་པ་ཞིག་བསླབས། ཡང་གྲོང་ཁྱེར་ཤིང་ཐགས་ཅན་དུ་ནོར་ཧ་ཅང་ཕྱུག་པའི་བྲམ་ཟེ་གྲུ་འཛིན་ལ་སྲས་མེད་པར་ལྷ་ལ་གསོལ་བ་བཏབ་ནས་ལྷའི་པང་ནས་སྐྱེས་པ་ལྟ་བུར་བྱུང་བས་པང་ནས་སྐྱེས་པ་[13]ཞེས་མིང་ཐོགས་པ་དེས་ཀྱང་། ཁྱེའུ་ལྔ་བརྒྱ་ཙམ་ཞིག་ལ་སྒྲ་རིག་སོགས་བསླབས་ཏེ་ཡོད། པང་ནས་སྐྱེས་ཞེས་པ་དེ་མོའུ་འགལ་གྱི་བུ་ཡིན། ཉེ་རྒྱལ་དང་པང་ནས་སྐྱེས་ཀྱི་སློབ་མ་རྣམས་ཕན་ཚུན་ཕྲད་སྐབས་སློབ་དཔོན་དང་ཀློག་ཚུལ་སོགས་དྲིས་ཤིང་། གནས་ཚུལ་དེ་དག་སློབ་དཔོན་སོ་སོར་བརྗོད་པས་ཉེ་རྒྱལ་དང་། པང་ནས་སྐྱེས་གཉིས་ཕན་ཚུན་མཇལ་འདོད་ཆེན་པོ་ཡོད་ཀྱང་ཡབ་སོ་སོས་བཀག་སྟེ་མ་མཛད།

སྐབས་ཤིག་ཡུལ་གྱི་དུས་སྟོན་ཆེན་པོ་ཞིག་ཏུ་སྐབས་རེ་གཟུགས་སྙིང་ཕེབས་པ་དང་། སྐབས་རེ་སྲས་མ་སྐྱེས་དགྲ་གཏོང་གནང་མཛད་པ་ལས་དེ་ཉིན་མ་སྐྱེས་དགྲ་འོངས་པར་ཁོང་གཉིས་ཀྱི་ཡབ་ཀྱིས་ཐོས་ནས། བློན་པོ་གྲུ་འཛིན་གྱིས་པང་ནས་སྐྱེས་ཕྱིས་གཟུགས་སྙིང་གི་བློན་པོར་ཚུད་རེས་སྟོན་མོར་བཏང་བས་དུས་སྟོན་དེར་རྒྱལ་པོའི་གདན་དང་། བློན་པོའི་གདན། རྒོལ་བའི་གདན། མཆོག་ཐོབ་པའི་གདན་དང་བཞི་ཡོད་པས་བློན་པོའི་གདན་གྱི་སྟེང་དུ་སྡོད་ཅིག་ཅེས་བརྗོད། སྐར་རྒྱལ་གྱིས་ཀྱང་དེ་བཞིན་བསམས་ནས་ཉེ་རྒྱལ་བཏང་སྟེ་རིལ་བ་སྤྱི་བླུགས་མཆོག་ཐོབ་པའི་གདན་སྟེང་འཇོག་ལ། རྒོལ་བའི་གདན་སྟེང་དུ་སྡོད་དགོས་ཞེས་བསླབ་བྱ་བྱས་པ་ལྟར། བུ་དེ་གཉིས་ཀྱིས་གདན་སོ་སོར་བསྡད་དེ་གླུ་གར་སོགས་འདོད་པའི་སེམས་ཀྱིས་གཡོ་བ་མ་བྱུང་། དེ་ནས་ཕན་ཚུན་གཏམ་གྱི་གླེང་མོ་བྱས་པས་ངོ་ཤེས། དེ་ནས་ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་རང་རེ་གཉིས་རབ་ཏུ་བྱུང་ན་ལེགས་ཚུལ་བརྗོད་མཐར། པང་ནས་སྐྱེས་ཀྱིས་ཁོ་བོ་ཕ་མར་འདྲིའོ་ཞེས་དྲིས་པར་ཕ་མས་ཆོས་བྱས་ཚེ་ཁྱིམ་ན་གནས་པས་ཆོག་གི་རབ་ཏུ་བྱུང་བའི་དཀའ་སྤྱད་བཟོད་དཀའ་འོ་ཞེས་མ་གནང་བས། བུས་མ་གནང་ན་བདག་ཟན་བཅད་དེ་འཆིའོ་ཞེས་ཉིན་དྲུག་ཏུ་ཟན་བཅད་པས་ཉེ་དུ་རྣམས་ཀྱིས་རབ་ཏུ་བྱུང་དུ་བཅུག་ན་ལེགས། མ་བཟོད་ན་སླར་འོང་གི །གལ་ཏེ་འཆི་བ་ལས་རབ་ཏུ་བྱུང་ན་ལེགས་སོ་ཞེས་སྨྲས་པས་གནང་བ་ཐོབ། པང་ནས་སྐྱེས་དགའ་སྟེ་ཉེ་རྒྱལ་སར་འོངས་ནས་ཁྱེད་ལ་གནང་བ་ཐོབ་བམ་ཞེས་དྲིས་པས་བདག་ནི་གནང་བ་ཐོབ་པར་སླའོ་ཞེས་མྱུར་དུ་ཕ་མར་ཞུས་པས་གནང་བ་ཐོབ།

དེ་ནས་ཁོང་གཉིས་མུ་སྟེགས་ཀྱི་སྟོན་པ་དྲུག་པོ་སོ་སོའི་སར་སོང་སྟེ་སྟོན་པ་དང་། ལམ་དང་བརྟུལ་ཞུགས་སོགས་དྲིས་པས་ཡིད་མ་ཚིམ་པར་ཕྱིར་ལོག་སྟེ་ཡང་དག་རྒྱལ་བ་ཅན་དང་ཐུག་པ་ན་དེ་བསམ་གཏན་ལ་སྙོམས་པར་ཞུགས་པས་ལྡང་བ་ན་དྲི་བ་བྱས་ཏེ་དད་ནས་དེའི་མདུན་རབ་ཏུ་བྱུང་ངོ༌། །རེ་ཞིག་ནས་མཁན་པོ་བསྙུན་ནས་ཉེ་རྒྱལ་ཤེས་རབ་ཆེ་བས་ནད་གཡོག་བྱས། པང་ནས་སྐྱེས་སྨན་འཚོལ་དུ་སོང་སྐབས་ཤིག་མཁན་པོ་བགད་པ་ན། དོན་དྲིས་པས། ད་ལྟ་སིངྒ་ལའི་རྒྱལ་པོ་གྲོངས་པས་བཙུན་མོའང་མེར་མཆོངས་སོ། །ཞེས་དུས་ཚོད་གསུངས་པ་གླེགས་བུར་བྲིས་ནས་བཞག །རྗེས་སུ་སིངྒ་ལ་ནས་མགྲོན་པོ་འགའ་ཞིག་འབྱོར་བར་དྲི་སྐབས་སྔར་གྱི་དུས་དང་འགྲིགས་པས་མཁན་པོས་དམ་ཆོས་ཀྱི་བདུད་རྩི་བརྙེས་པ་ངེད་གཉིས་ལ་མ་གནང་ངོ་བརྗོད་པས། པང་ནས་སྐྱེས་ཀྱིས་ཀྱང་། ཉེ་རྒྱལ་འདི་ཤེས་རབ་ཆེ་བས་འདིས་བདུད་རྩི་སྔོན་ལ་རྙེད་ན་ཁོ་བོར་མ་སྦྱིན་དོགས་ནས་ང་གཉིས་སུས་རྙེད་རུང་ཕན་ཚུན་སྦྱིན་རྒྱུའི་ནང་ཁྲིམས་བཅས། ཡང་དག་རྒྱལ་བ་ཅན་གྱིས། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་དམ་ཆོས་ཀྱི་བདུད་རྩི་སྟོན་པར་འགྱུར་ཞེས་ལུང་བསྟན་གནང་རྗེས། ཡང་དག་རྒྱལ་བ་ཅན་མྱ་ངན་ལས་འདས། དུས་དེར་སངས་རྒྱས་རྒྱལ་པོའི་ཁབ་ཏུ་འོད་མའི་ཚལ་དུ་བཞུགས་ཡོད་པ་དེས་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་རང་གི་ཉན་ཐོས་ཀྱི་ཀུན་སྤྱོད་ཀྱིས་འདུལ་བའི་དུས་ལ་བབས་པར་གཟིགས་ནས། རྟ་ཐུལ་ལ་བཀའ་སྩལ་ཏེ། རྟ་ཐུལ་གྲོང་ཁྱེར་དུ་བསོད་སྙོམས་སུ་གཤེགས་པ་ཉེ་རྒྱལ་གྱིས་མཇལ་བས་ཤིན་ཏུ་དད་དེ་ཁྱེད་རང་གང་ནས་ཡིན། སྟོན་པ་སུ་ཡིན་སོགས་དྲིས་ཤིང་ཆོས་སྟོན་པར་ཞུས་པས། རྟ་ཐུལ་གྱིས།

ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེའི་རྒྱུ་དང་དེ་འགོག་གང་ཡིན་པའང་། །

དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །

ཞེས་བསྟན་པས་ཉེ་རྒྱལ་གྱིས་བདེན་པ་མཐོང་། ཉེ་རྒྱལ་གྱིས་པང་ནས་སྐྱེས་ལ་ལན་ཕུལ་ཏེ་གོང་གི་ཆོས་དེ་རྣམས་བསྟན་པས་དེས་ཀྱང་བདེན་པ་མཐོང་སྟེ། བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་གང་དུ་བཞུགས་དྲིས་པས། འོད་མའི་ཚལ་དུ་ཡོད་ཅེས་ཐོས་པ་བཞིན་ཉེ་རྒྱལ་དང་པང་ནས་སྐྱེས་གཉིས་སངས་རྒྱས་ཉན་ཐོས་དགེ་འདུན་དང་བཅས་པ་མཇལ་དུ་ཕྱིན་ནས་ཐོག་མར་རང་ལ་ཆོས་བསྟན་པའི་ཉན་ཐོས་ཆེན་པོ་རྟ་ཐུལ་ལ་ཕྱག་བཙལ་ཞིང༌། དེ་ལྟར་ཡང་དེ་བཞིན་གཤེགས་པ་ཉིད་ཀྱི་གསུང་ལས།

རྒན་པ་དང་ནི་གཞོན་ཡང་རུང་། །གང་ལས་ཆོས་ནི་རྣམས་ཤེས་པ། །

དེ་ལ་གུས་པར་ཕྱག་བྱ་སྟེ། །ཟླ་བ་ཚེས་ལ་ཇི་བཞིན་ནོ། །

ཞེས་གསུངས་ཤིང་བཅོམ་ལྡན་འདས་ཀྱིས་ཁོང་གཉིས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པའི་འབྲས་བུ་བརྙེས་ཏེ་མཆོག་ཟུང་གཉིས་ཞེས་མོའུ་འགལ་གྱི་བུ་རྫུ་འཕྲུལ་ཅན་གྱི་མཆོག་དང་། ཤཱ་རིའི་བུ་ཤེས་རབ་ཅན་གྱི་མཆོག་ཏུ་ལུང་བསྟན། མཐར་མཆོག་ཟུང་གཉིས་དམྱལ་བའི་གནས་རྣམས་སུ་བྱོན་པ་ལས་མནར་མེད་ཀྱི་གནས་སུ་ཕེབས་པ་ན། དམྱལ་བ་པ་རྣམས་ངལ་གསོ་བར་བྱ་བའི་ཕྱིར་མོའུ་འགལ་གྱི་བུས་ནམ་མཁའ་ལ་འཕགས་ནས་ཆར་ཤིང་རྟའི་སྲོག་ཤིང་ཙམ་གྱི་རྒྱུན་ཕབ་པས། མནར་མེད་ཀྱི་མེ་ལྕེ་བསྐམས། དེ་ནས་ཤཱ་རིའི་བུས་མོས་པ་ཅན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་མནར་མེད་བསིལ་བར་བྱས་ཏེ་སྡུག་བསྔལ་གྱི་རྒྱུན་བཅད། མུ་སྟེགས་རྫོགས་བྱེད་ཆོས་ལོག་བསྟན་པའི་རྣམ་སྨིན་གྱིས་ལུས་ཤིན་ཏུ་ཆེན་པོར་གྱུར་ཅིང་། ལྕེ་ལ་གཤོལ་ལྔ་བརྒྱས་རྨོས་པ་དེས། ངའི་རྗེས་འཇུག་རྣམས་ཀྱིས་ཁོ་བོའི་མཆོད་རྟེན་ལ་ཇི་ཙམ་མཆོད་པ་དེ་ཙམ་དུ་ང་ལ་སྡུག་བསྔལ་ཆེས་ཆེ་བས་ཕྱིན་ཆད་མ་མཆོད་ཅེས་གསུངས་ཤིག་ཅེས་འཕྲིན་བསྐུར། དེ་ནས་མཆོག་ཟུང་གཉིས་སླར་རྒྱལ་པོའི་ཁབ་ཏུ་གཤེགས་པའི་ལམ་དུ་མུ་སྟེགས་ཅན་དབྱུག་ཐོགས་སྤྱི་ཕུད་དང་ལྡན་པ་དག་གིས་མཐོང་ནས། དགེ་སྦྱོང་འདི་དག་ལ་ཀླན་ཀ་བཙལ་བརྡེག་གོ་ཟེར་ནས། ཤཱ་རིའི་བུ་སྔོན་དུ་སོང་བ་ལ། དེ་དག་གིས་ཀུན་ཏུ་འཚོལ་ལ་དགེ་སྦྱོང་ཡོད་དམ་མེད་ཟེར་བས། ཤཱ་རིའི་བུས་སྨྲས་པ།

ཀུན་ཏུ་འཚོལ་ལ་དགེ་སྦྱོང་མེད། །ཤཱཀྱ་རྣམས་ཀྱི་ནང་ན་ཡོད། །

དགྲ་བཅོམ་དག་ལ་ཆགས་ལྡན་མེད། །ནུས་པ་སོ་སོ་སྐྱེ་བོའང་མེད། །

ཅེས་སྨྲས་པས་མ་ཤེས་ཏེ་བདག་ཅག་ལ་བསྔགས་སོ་སྙམ་ནས་བཏང་ངོ་། །མོའུ་འགལ་གྱི་བུ་ལ་དྲིས་པས། ཁྱེད་ལ་དགེ་སྦྱོང་ག་ལ་ཡོད། ཁྱེད་ཀྱི་སྟོན་པ་མནར་མེད་དུ་སྐྱེས་ཏེ་འཕྲིན་འདི་ལྟར་བསྐུར་རོ་ཞེས་རྫོགས་བྱེད་ཀྱི་འཕྲིན་སྨྲས་པ་དང་། དེ་དག་བརྔམས་ནས་མགོ་རེག་ངན་པ་འདིས་བདག་གི་སྟོན་པ་ལ་མི་སྙན་པ་སྨྲས་སོ་ཟེར་ནས། ཤིན་ཏུ་བརྡེགས་ཏེ་མོའུ་འགལ་གྱི་བུའི་ཡན་ལག་དང་། ཉིང་ལག་རྣམས་འདམ་བུ་བཞིན་དུ་བཅོམ་སྟེ་སོང་ངོ༌། །ཤཱ་རིའི་བུས་ཕྱིར་བལྟས་པས་མཐོང་སྟེ་བླ་གོས་ཀྱི་ནང་དུ་བཅུག་ནས་གཙུག་ལག་ཁང་དུ་འཁྱེར་བ་ན། དགེ་སྦྱོང་རྣམས་དངངས་ཏེ་སྟོན་པས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་ལུང་བསྟན་ན་ཅིའི་ཕྱིར་འདི་ལྟར་གྱུར། མོའུ་འགལ་གྱི་བུས་སྨྲས་པ། ལས་ཀྱིས་རྫུ་བའང་མི་དྲན་ན་འཕྲུལ་བ་ལྟ་ཅི་སྨོས་གསུངས། དེ་རྒྱལ་པོ་མ་སྐྱེས་དགྲས་ཐོས་ཏེ་ཁྲོས་པས་ཀུན་ཏུ་རྒྱུ་རྣམས་བྲོས་སོ།།

རྒྱལ་པོ་འཁོར་བཅས་མིག་མཆི་མས་གང་སྟེ་སྨན་པ་རྣམས་བཀུག་ནས། མོའུ་འགལ་གྱི་བུ་ཞག་བདུན་ནས་སོས་པར་གྱིས་ཤིག །དེ་ལྟར་མ་བྱས་ན་ཁྱེད་ཅག་གི་དབང་ཐང་འཕྲོག་གོ་ཞེས་སྨྲས་པས་སྨན་པ་རྣམས་སྐྲག་སྟེ་མོའུ་འགལ་གྱི་བུ་ཉིད་ལ་གསོལ་བ་བཏབ་པས་ཞག་བདུན་ནས་རྫུ་འཕྲུལ་གྱིས་ནད་དེ་མེད་པར་བྱས་ཏེ་བསོད་སྙོམས་ལ་ཕེབས་པས་རྒྱལ་པོ་རབ་ཏུ་དགའ་འོ། །མོའུ་འགལ་གྱི་བུ་མྱ་ངན་ལས་འདས་པར་ཤེས་ཏེ། ཤཱ་རིའི་བུ་མཛའ་བའི་བག་ཆགས་ཀྱི་དབང་གིས་ནཱ་ལནྡྲར་སོང་ནས། དགྲ་བཅོམ་པ་བརྒྱད་ཁྲི་དང་ལྷན་ཅིག་སྔོན་དུ་མྱ་ངན་ལས་འདས་སོ། །དེའི་ཕྱི་དྲོ་མོའུ་འགལ་བུའང་གྲོང་ཤིང་ཐགས་ཅན་དུ་སོང་ནས། དགེ་སློང་བདུན་ཁྲི་བདུན་སྟོང་དང་ལྷན་ཅིག་ཏུ་མྱ་ངན་ལས་འདས་སོ། །ཞེས་བྱུང་བ་ལྟར་རོ།།

དེ་བཞིན་འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས[14]། ཚེ་དང་ལྡན་པ་མོད་གལ་གྱི་བུ་ཆེན་པོ་ཡང་གྲོང་ཁྱེར་ཤིང་ཐགས་ཅན་དུ་སོང་ནས། དེའི་ཕྱི་དྲོ་ཡོངས་སུ་མྱ་ངན་ལས་འདས་སོ། །གང་གི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། དགེ་སློང་ཕལ་ཆེར་དབང་དང་ལྡན་པ་ཤ་སྟག་ལ་བརྒྱད་ཁྲི་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་དང་། རབ་ཏུ་འབྱུང་བའི་གཞི་འཆད་པ་ལས་[15]ཀྱང་། དེ་ནས་བྲམ་ཟེའི་ཁྱེའུ་པང་ནས་སྐྱེས་ཕ་མ་གཉིས་ཀྱིས་གནང་ནས་འབྲས་ཁུའི་རིམ་གྱིས་ལུས་ཀྱི་མཐུ་དང་། སྟོབས་དང་། བརྩོན་འགྲུས་བསྐྱེད་དེ། གྲོང་ཤིང་ཐགས་ཅན་ནས་ཕྱིར་བྱུང་ནས། གྲོང་ན་ལ་ད་ག་ལ་བ་དེར་འཕགས་སོ། །ཞེས་སོགས་མཆོག་ཟུང་རྣམ་གཉིས་ཀྱི་རྣམ་ཐར་ཞིབ་ཏུ་གསལ་བས་འདུལ་གཞུང་ལ་གཟིགས་པར་འཚལ་ལོ།།

གཞན་ཡང་རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག་ལས[16]། ཤཱ་རིའི་བུའི་འཁྲུངས་ཡུལ་ (Sarilchak Birth of Place Sariputta) དེ་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་རྙིང་པའི་ཁ་གཏད་ཤར་ཕྱོགས་སུ་སྤྱི་ལེ་ ༢ ཙམ་གྱི་སར་ཕྱིན་ན་ཤཱ་རིའི་བུ་སྐུ་འཁྲུངས་སའི་གནས་ཡོད། དེར་གནའ་སྔ་མོར་མཆོད་རྟེན་ཆེན་པོ་ཞིག་ཡོད་ཀྱང་། ད་ཆ་དེའི་རྩིག་རྨང་ལས་ལྷག་མེད། འོན་ཀྱང་ཞིབ་ཏུ་བསམས་ན་རྩིག་རྨང་ཙམ་ལྷག་ནས་རང་རེས་ངོས་འཛིན་ཐུབ་པ་དེའང་སྟབས་ལེགས། སྣེ་ཤན་པར་དེར་འགྲོ་དགོས་ཚུལ་ཤོད་སྐབས་ཤཱ་རིའི་ཅག་ཅེས་ཟེར་དགོས། གནས་དེ་ནཱ་ལནྡཱའི་གནའ་རྫས་འགྲེམས་སྟོན་ཁང་གི་རྒྱབ་ཏུ་ཡོད། རྐང་ལམ་དེད་ནས་ཕྱིན་ཚེ་ཉམས་དགའ་བའི་ཚོར་བ་སྣ་ཚོགས་འབྱུང་ཞིང་། སྔར་གནས་འདིར་སངས་རྒྱས་དང་གང་གི་འཁོར་ཉན་ཐོས་བཅས་ཕེབས་པ་དང་། དེ་མཚུངས་རང་རེའི་ལོ་རྒྱུས་རྣམས་སུ་གྲགས་པ་ལྟར་དཔལ་ལྡན་ཟླ་བ་གྲགས་པ་དང་། ཉི་མ་གྲགས་པ་རྣམ་གཉིས་ཀྱིས་བ་རྫི་གནང་ས་ཡང་འདིའི་ཡས་མས་ཤ་སྟག་ཡིན་ངེས་ཁར། བོད་ཀྱི་མར་པ་ལོ་ཙཱ་བ་དང་ཁ་རག་ལོ་ཙཱ་བ་གཉིས་སུ་མཁས་ཀྱི་འགྲན་རྩོད་ཡང་ཡང་གནང་ས་ཡང་འདིའི་ཉེ་འཁོར་ལས་མ་འདས་སྟབས། སྔར་གྱི་ལོ་རྒྱུས་ལ་དྲན་པ་ཉེ་བར་བཞག་ནས་ཕེབས་ཚེ་དེ་བས་ཉམས་དགའ་བ་དང་སྤྲོ་སེམས་འཕེལ་བ་ལས་གཞན་ཅི་ཞིག་ཡོད།

ཡང་མཚམས་འདིར་ཤཱ་རིའི་བུའི་འཁྲུངས་ཡུལ་དང་འབྲེལ་ནས་ཚིག་འགའ་ཞུ་རྒྱུར། ཤཱ་རིའི་བུའི་འཁྲུངས་ཡུལ་ནི་ཡུལ་མི་ (Brahmdeo Prasad) ཞུ་བའི་ས་ཞིང་ནང་ཡོད་སྟབས། ཁོང་གིས་བདག་པོ་གང་ཐུབ་བརྒྱབ་སྟེ་མཆོད་རྟེན་རྙིང་པའི་རྩིག་རྨང་གི་ཉེ་འཁྲིས་སུ་ལྷ་ཁང་ཆུང་ཆུང་ཞིག་གསར་རྒྱག་བྱས་ཏེ་ཤཱ་རིའི་བུའི་འཁྲུངས་ཡུལ་ནས་རྙེད་པའི་རྫ་ཆས་དང་སྐུའི་ཆག་གྲུགས་རྣམས་དེར་བསྒྲིགས་འདུག་པར་མ་ཟད། མཆོད་རྟེན་རྙིང་པའི་རྩིག་རྨང་ཐོག་མཆོད་རྟེན་གསར་པ་ཆེན་པོ་ཞིག་བཞེངས་རྩིས་ཀྱི་ལས་འགོ་བཟུང་རྗེས་གྲོངས་སྟབས་ལེགས་འགྲུབ་བྱུང་མི་འདུག །ད་ཆ་ཁོང་གི་བུ་ (Santosh Kumar) གྱིས་མུ་མཐུད་ཕ་དམ་པའི་ལས་མཇུག་སྐྱོང་རྩིས་ཡོད་ཀྱང་། ལག་དངུལ་གྱི་དཀའ་ངལ་འཕྲད་ནས་བཞེངས་ཐུབ་ཀྱི་མི་འདུག་ཟེར། དེ་དང་མཉམ་དུ་ཁོང་གི་རེ་བར་བོད་རིགས་ལྷག་བསམ་ཅན་དང་། དད་སྟོབས་ཆེན་པོ་ཡོད་མཁན་ཚོས་རོགས་རམ་བྱས་ཚེ་ཁོང་རང་གི་ཞིང་ཁར་ཡོད་པའི་ཤཱ་རིའི་བུའི་འཁྲུངས་ཡུལ་འདི་བདག་གཅེས་ལེགས་པོ་ཞུ་རྩིས་ཡོད་ཟེར་གྱི་འདུག་པས། དེ་ལུགས་བོད་ཀྱི་བླ་ཆེན་ཁག་དང་། དད་ལྡན་རྒྱུ་འབྱོར་ཅན་ཚོས་དགོངས་བཞེས་གནང་རོགས། ཞེས་གསལ་འདུག་པས་དེ་ཁུལ་གྱི་གནའ་ཤུལ་ཁག་ལའང་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཤཱ་རིའི་བུའི་རྣམ་ཐར་རྒྱས་པར་མཁྱེན་པར་འདོད་ན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་རྟོགས་པ་བརྗོད་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༥ ནས་ ༧༠ བར་བཞུགས་པར་གཟིགས་འཚལ་ལོ།།

[2] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡བ༡ ནས་ ༢ན༦ བར།

[3] བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཧ༽ དེབ་ཨང་ ༧༣ པ། ༡༩༩༥ ལོ། ཤོག་གྲངས་ ༦༤༩

[4] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༣༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༠༡

[5] ངེས་དོན་རྒྱ་མཚོས་པཱ་ལི་ཁུངས་སུ་མཛད་པའི་དབྱིན་སྐད་དུ་བཞུགས་པའི་སྟོན་པའི་རྣམ་ཐར་བོད་འགྱུར་གནང་བ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་གྲངས་ ༨༤

[6] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༩

[7] དེབ་ཐེར་ལ་ལར་མོའུ་འགལ་གྱི་བུ་སྐུ་འཁྲུངས་པའི་གནས་ཡིན་ཚུལ་དང་། འགའ་ཞིག་ཏུ་འདིའི་ཉེ་འཁྲིས་སུ་མོའུ་འགལ་གྱི་བུའི་འཁྲུངས་ཡུལ་དང་སྐུ་གཤེགས་ཡུལ་གྱི་གནས་ཀྱང་ཡོད་པར་གསལ་བས་དཔྱད་དགོས།

[8] ཤེས་བྱ་ཀུན་རིག་གི་གསུང་འབུམ། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥༠ན༤

[9] ངེས་དོན་རྒྱ་མཚོས་པཱ་ལི་ཁུངས་སུ་མཛད་པའི་དབྱིན་སྐད་དུ་བཞུགས་པའི་སྟོན་པའི་རྣམ་ཐར་བོད་འགྱུར་གནང་བ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་གྲངས་ ༢༣༤

[10] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཉ༽ དེབ་ཨང་ ༨ པ། ༢༠༠༩ ལོ། ཤོག་གྲངས་ ༩༤

[11] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༡༡༡

[12] ཆོས་འབྱུང་ནོར་བུའི་ཕྲེང་བ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༢༠

[13] མདོ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། ཞབས་འབྲིང་བ་ཡི་མིང་ཡང་ཀུན་དགའ་བོ། །སེར་སྐྱའི་གྲོང་ནས་ཐམས་ཅད་རབ་ཏུ་བྱུང་། །འཕྲུལ་མཆོག་ཤཱ་རིའི་བུ་དང་པང་ནས་སྐྱེས། །སྐྱོབ་པ་ཀུན་ཀྱང་མཚན་ནི་མཐུན་པར་གྱུར། །ཞེས་ (བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ད༽ དེབ་ཨང་ ༥༥ པ། ༢༠༠༩ ལོ། ཤོག་ ༢༡) ཐོག་གསལ་ལོ།།

[14] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཐ༽ དེབ་ཨང་ ༡༠ པ། ༢༠༠༩ ལོ། ཤོག་གྲངས་ ༥༩༡

[15] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཀ༽ དེབ་ཨང་ ༡ པ། ༢༠༠༩ ལོ། ཤོག་གྲངས་ ༥༡

[16] རྡོ་རྗེ་གདན་གྱི་དཀར་ཆག་དང་ལམ་ཡིག །འགྲོ་ཕན་གཙུག་ལག་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༦༦

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༦༣ ནས་ ༧༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *