ཁ༽ དཔལ་ནཱ་ལེནྡྲའི་དགེ་འདུན་པའི་ཕྱག་ལེན།
དཔལ་ནཱ་ལེནྡྲའི་དགེ་འདུན་པ་དག་གི་ཉིན་ཞག་ཕྲུགས་གཅིག་གི་ཕྱག་ལེན་ནི། སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[1]། རྒྱལ་ཕྲན་ལྔ་ལས་གྲུབ་པའི་གནས་མཆོག་འཕགས་པའི་ཡུལ་དུ་དགོན་སྡེ་ཆེན་པོ་བགྲང་གིས་མི་ལང་། གནས་འདིའི་ཡུལ་ཕྱོགས་གང་གི་གཙུག་ལག་ཁང་ཡིན་ཡང་།
དགོན་པའི་ནང་དུ་ཆུ་འཛར་དུས་ཚོད་རེ་བཀལ་ཡོད་པས། ཉིན་ཞག་ཕྲུགས་གཅིག་གི་དུས་མཚམས་དབྱེ་རྒྱུ་ཤིན་ཏུ་སླ། ཉིན་མཚན་དུས་དྲུག་གི་ཆོ་ག་ཕྱག་ལེན་ནི། འདུལ་གཞུང་དང་མཐུན་པར་མཚན་སྟོད་སྨད་གཉིས་སུ་ཁ་བཏོན་འདོན་པ་དང་། སྒོམ་སྒྲུབ་བྱེད་པ། མཚན་དཀྱིལ་མལ་དུ་ཞུགས་ཏེ་རང་དབང་སྒོས་ངལ་གསོ་བར་བྱེད། ཆུ་འཛར་དུས་ཚོད་ཀྱི་གྲུབ་ཚུལ་དང་། དུས་སྟོན་ཚུལ་ཞིབ་རྒྱས་ངང་ལྷོ་རྒྱ་མཚོ་ནས་སྤྲིངས་པའི་དམ་ཆོས་འདུལ་བའི་སྐོར་གྱི་འཕྲིན་ནང་དུ་བཀོད་ཡོད་པས་འདིར་རེ་ཞིག་བཏང་སྙོམས་པའོ། །ཞེས་གསུངས་སོ།།
ཡང་དེ་ཉིད་ལས[2]། དགོན་པའི་ནང་གི་དགེ་འདུན་པའི་ཆོ་ག་ཕྱག་ལེན་དང་། འདུལ་ཁྲིམས་སྲུང་ཚུལ་སོགས་ཀྲོན་ཧྥང་ལུའུ་དང་། ལྷོ་རྒྱ་མཚོ་ནས་སྤྲིངས་པའི་འཕྲིན་གཉིས་ཀྱི་ནང་དུ་གསལ་བས་འདིར་བསྐྱར་དུ་བཀོད་མེད། ཅེས་དགེ་འདུན་པའི་ཕྱག་ལེན་སྐོར་ལྷོ་རྒྱ་མཚོ་ནས་སྤྲིངས་པའི་འཕྲིན་སོགས་སུ་གསལ་ཡོད་འདུག་ཀྱང་འདི་ཉིད་ལག་སོན་མ་བྱུང་བས་འགོད་ཐབས་བྲལ་ལོ།།
དེ་བཞིན་དཔལ་ནཱ་ལེནྡྲའི་འདུལ་བའི་ཕྱག་ལེན་ཤིན་ཏུ་དམ་པར་མཛད་ཚུལ་ཡང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་འདུལ་བའི་ཆོ་ག་རྣམ་རྒྱལ་གསེར་མདོག་ལས[3]། སྔོན་གྱི་འདུལ་འཛིན་ཁུངས་མ་འགའ་ཞིག་ནི་གཙུག་ལག་ཁང་ལྟ་བུའི་གནས་གང་ཡང་རུང་བར་བསྙེན་རྫོགས་ཀྱི་ལས་བྱེད་པའི་ཚེ་ཁང་པ་དེར་ཁ་སྐོང་དུ་ཚོགས་པ་རྣམས་མ་གཏོགས་པའི་དགེ་སློང་མི་འཇོག་ཅིང་། རྩིག་པའི་ཕྱི་རོལ་གྱི་འདོམ་གང་ཚུན་ལའང་སྲུང་མཁན་འཇོག་པ་ལྟར་སྣང་ལ་ཕྱག་ལེན་གཙང་བ་འདྲ་ཞིག་འདུག་ཀྱང་། དཔེར་ན། ཤྲཱི་ནཱ་ལནྡ་ལྟ་བུའི་གཙུག་ལག་ཁང་དུ་ལས་བྱེད་པའི་ཚེ་ལྕགས་རིའི་ནང་གི་དགེ་སློང་མཐའ་དག་འཚོག་པའང་འདུན་པ་འབུལ་དགོས་ཤིང་། དེ་འདྲ་བོད་དུ་འདུལ་བ་ཡུལ་ཆོས་ཀྱི་སྟབས་ནས་མི་འགྲིག་ལ། དཀྱིལ་འཁོར་བའི་ལས་ལ་གཙུག་ལག་ཁང་གི་རྩིག་པས་ཆོད་པར་གསུངས་པ་བཞིན་ཁང་པ་རེ་མིག་མང་དུ་ཡོད་པའི་རེ་ཁཱ་གཅིག་ཚུན་ལ་གནས་ཀྱི་བློ་མཐུན་བྱས་པས་ཀྱང་འགྲུབ་བོ། །ཞེས་གསུངས་སོ།།
དེ་བཞིན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐུབ་དབང་རཏྣ་ཤྲཱིའི་ (1143-1217) ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ལས[4]། དེ་ཡང་སྔོན་ཇོ་བོ་རྗེ་གཉེ་ཐང་འོར་ན་བཞུགས་པའི་དུས་ན་ཉེ་གནས་ཤིག་དང་གཉིས་སྐྱོ་སངས་ལ་བྱོན་པའི་དུས་ན། སྤྱན་ནམ་མཁའ་ལ་གཟིགས་ནས་སཾསྐྲི་ཏའི་སྐད་མང་པོ་གསུང་ཞིང་ཁྱོད་མ་འཇིགས་ཤིག །ཨ་ཛི་ཛི། ཨ་ཛི་ཛི། དམར་གཏོར་ཞིག་ཁྱེར་ལ་ཤོག་དང་གསུངས། དེ་ཅི་ལགས་ཞུས་པས། དེ་དཔལ་ནཱ་ལེན་དྲའི་ཞལ་ཏ་བའི་རྣལ་འབྱོར་པ་བཅོམ་ལྡན་འདས་མ་ཧེའི་ཞལ་ལ་བརྟན་པ་ཐོབ་པ་ཞིག་གིས་དགེ་འདུན་ལ་མ་ཞུས་པར་ཏིལ་གྱི་ཕུབ་མ་སླེ་བ་གང་སྤྱད་པས། དེའི་རྣམ་སྨིན་གྱིས། ཡི་དྭགས་ཆེན་པོ་རྡོ་རྗེ་འཇིགས་བྱེད་དུ་སྐྱེས་འདུག །ཁོང་ལ་གཏོར་མ་འདོད་དུ་བྱུང༌། འདིས་བོད་ཕུངས་སུ་འགྲོ་བས། ཕར་ལ་བསྐྲད་བཏང་ཡིན་གསུང་བ་ལྟ་བུ་ཡིན། ཞེས་བྱུང་བ་ལྟར་རྟོགས་པ་མཐོ་ཡང་དགེ་འདུན་གྱི་སྤྱི་རྫས་དགེ་འདུན་ལ་སྣང་བ་མ་ཞུས་པར་རང་ཉིད་ཀྱིས་ལོངས་སུ་སྤྱོད་མི་རུང་ལ། སྤྱད་ན་ཉེས་པ་ཤིན་ཏུ་ལྕི་བ་འདི་ལས་རྟོགས་ནུས་སོ།།
གཞན་ཡང་ཧྥ་ཤཱན་ལམ་ (CE374-462) ཡིག་ལས་[5]ཀྱང་། དགེ་འདུན་རྣམས་རྟག་ཏུ་སྡོད་པའི་གནས་དེར་ཤཱ་རིའི་བུ་དང་། མོའུ་གལ་གྱི་བུ་དང་། ཀུན་དགའ་བོ་གསུམ་གྱི་མཆོད་རྟེན་དང་། གཞན་ཡང་ཆོས་མངོན་པ་དང་། འདུལ་བ་དང་། མདོ་སྡེ་གསུམ་གྱི་གནྡྷོ་རྣམས་ཡོད་དོ། །རྒྱ་བཙུན་རྣམས་ཀྱིས་གནས་དེར་ཟླ་བ་གཅིག་ཏུ་ངལ་བ་གསོས་པའི་རྗེས་སུ་བདེ་བར་གནས་པའི་རྐྱེན་སྒྲུབ་མཁན་གྱི་སྐྱེ་བོ་དག་གིས། ཁོང་ཚོ་ལ་ད་ཆོས་ཀྱི་སྤྱོད་པ་ཉིད་སྒྲུབས་ཤིག་ཅེས་བསྐུལ་བ་ལ། དུས་སྔ་བར་གསོལ་ཚིགས་བཞེས་ནས་དགེ་འདུན་མཐའ་དག་གདན་འཛོམས་པ་མཛད་དེ་གསུང་རབ་ཀློག་གོ །ཚོགས་དེ་གྲོལ་བའི་རྗེས་སུ་ཤཱ་རིའི་བུའི་མཆོད་རྟེན་ལ་དྲི་ཞིམ་པའི་སྤོས་སྣ་ཚོགས་ཀྱིས་བདུག་ཅིང་། མཚན་མོ་རིང་པོར་མར་མེ་སྦར་རོ། །དེའི་རྗེས་སུ་སྐྱེ་བོ་གཞན་རྣམས་ལ་མཆོད་པའི་ལས་བྱེད་དུ་གཞུག་གོ །ཤཱ་རིའི་བུ་ཞེས་པ་ནི་སྔོན་གྱི་དུས་སུ་བྲམ་ཟེར་གྱུར་པའི་མི་ཞིག་ཡིན་པ་ལ། སྟོན་པ་ཤཱཀ་ཐུབ་ཀྱི་དྲུང་དུ་འོངས་ནས་རབ་ཏུ་བྱུང་བ་ཡིན་ནོ། །མོའུ་གལ་གྱི་བུ་ཆེན་པོ་དང་། འོད་སྲུང་ཆེན་པོ་ཡང་དེ་ལྟར་ཡིན་ལགས། ཞེས་གསལ་བ་ལྟར་རོ།།
དཔལ་ནཱ་ལེནྡྲའི་དགེ་འདུན་པ་རྣམས་ཀྱི་རྒན་གཞོན་གོ་རིམ་ནི། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[6]། དེ་ནས་བཱལཱདིཏྱ་སྟོབས་ཀྱི་ཉི་མའི་བུས་དེའི་བྱང་ཤར་དུ་གཙུག་ལག་བརྩིགས་ཤིང་། ཕྱོགས་བཞིའི་དགེ་འདུན་སྤྱན་དྲངས་ཏེ་དུས་སྟོན་ཆེན་པོ་བྱས་ནས་ཕུལ། དགེ་འདུན་མཇལ་ནས་རྒྱལ་པོ་རང་ཉིད་ཀྱང་དད་དེ་རབ་ཏུ་བྱུང་། ཐམས་ཅད་ཀྱི་གྲལ་མཇུག་ཏུ་བཞག་པས་ངོ་ཚ་ནས་དགེ་འདུན་ལ་གསོལ་བ། དེ་ཕྱིན་བསྙེན་པར་མ་རྫོགས་པ་རྣམས་ལོའི་རྒན་རིམ་གྱིས་སྡོད་པའི་གནང་བ་བྱས་པ་ཕྱིས་ཀྱི་བར་དུ་གནས། སྲོལ་དེ་ནལནྡཱ་ལས་གཞན་རྒྱ་གར་ན་མེད་སྐད། ཅེས་གསུངས་པ་ལྟར། རྒན་པ་ལ་རིགས་བཞི་པ་ནི། རྒྱལ་པོ་ལ་སོགས་པ་ནོར་གྱིས་རྒན་པ་དང༌། ས་ཐོབ་པ་ནི་ཡེ་ཤེས་ཀྱིས་རྒན་པ་དང༌། སྡེ་སྣོད་གསུམ་ཤེས་པ་ནི་ཐོས་པས་རྒན་པ་དང༌། བསླབ་པས་རྒན་པ་ནི་དཀའ་ཐུབ་ཀྱིས་རྒན་པ་བཞི་ཡོད་པ་ལས། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་དགེ་འདུན་པའི་བསླབ་པ་རྒན་གཞོན་གྱི་རིམ་པ་ནི། སྤྱིར་ཕྱག་འོས་ཀྱི་ཁྱད་པར་བཞི་སྟེ། ཁྱིམ་པའི་ཕྱག་ཡུལ་རབ་བྱུང་སྡེ་ལྔ་དང་། རབ་བྱུང་གཞན་གྱི་ཕྱག་ཡུལ་དགེ་སློང་དང་། དགེ་སློང་གི་ཕྱག་ཡུལ་རང་ལས་བསླབ་པ་རྒན་པ་དང་། ཐམས་ཅད་ཀྱི་སྤྱིའི་ཕྱག་ཡུལ་སངས་རྒྱས་ཡིན་པར་གསུངས་པ་བཞིན། གྲྭ་པ་བསླབ་གྲལ་ཞེས་གསུང་རྒྱུན་དུ་ཡོད་པ་ལྟར། དགེ་སློང་རྣམས་བསླབ་པ་རྒན་རིམ་དང་། དགེ་ཚུལ་རྣམས་ལོ་ན་བགྲེས་གཞོན་གྱིས་བརྩི་བ་ནི་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་གསུངས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༠
[2] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༠༩
[3] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༠༢
[4] སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་འབུམ། ༼༢༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ཤོག་ ༡༥༠
[5] ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༣
[6] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༠
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༤༩༥ ནས་ ༤༩༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།