ང༽ ནཱལཱནྡཱ་ཞེས་པའི་མཚན་ཐོགས་ཚུལ་དང་མཚན་གྱི་སྒྲ་བཤད།

ང༽ མཚན་ཐོགས་ཚུལ་དང་མཚན་གྱི་སྒྲ་བཤད།

དེ་ཡང་ནཱལཱནྡཱ་ཞེས་པའི་སྒྲ་དོན་དང་མིང་དེ་ཇི་ལྟར་བྱུང་སྙམ་ན། ཡིག་ཆ་གཞན་དུ་ནཱལཱནྡཱའི་སྐོར་བྲིས་ཆ་སྔ་ཤོས་དེ་རྒྱའི་བཙུན་པ་ཧྥ་ཤཱན་གྱི་ལམ་ཡིག་དབྱིན་ཡིག་ནང་བསྒྱུར་བ་ (A Record of Buddhistic Kingdoms) ཞེས་པ་དང་། ཡང་དེ་ཉིད་རཀ་ར་བཀྲས་མཐོང་ཐུབ་བསྟན་ཆོས་དར་ལགས་དང་།

བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་ལགས་གཉིས་ཀྱིས་དབྱིན་ཡིག་ནས་བོད་ཡིག་ནང་བསྒྱུར་བར། སངས་རྒྱས་པའི་རྒྱལ་ས་རྣམས་ཀྱི་དེབ་ཐེར། དེ་ཉིད་སྔར་སོག་པོ་རྟ་དབྱངས་ཀྱིས་ཧོར་ཡིག་ནས་བོད་བསྒྱུར་མཛད་པར། ཆེན་པོ་ཧཱན་གུར་གྱི་བཙུན་པ་ཕཱཧྱེན་འཕགས་པའི་ཡུལ་དུ་འགྲིམས་པའི་རྣམ་ཐར་རྒྱལ་བསྟན་འབྱུང་ཁུངས་ཀུན་གསལ་འཕྲུལ་གྱི་མེ་ལོང་། དེང་སྐབས་རྒྱ་ཡིག་ནང་གསལ་བའི་ལམ་ཡིག་ཅིན་ཤར་མའི་དགེ་སློང་ཧྥ་ཤཱན་འཕགས་ཡུལ་དུ་བསྐྱོད་པའི་རགས་ཟིན་ལམ་ཡིག་བཅས་དང་། གཞན་ཐང་སན་ཙང་གི་ལམ་ཡིག་རྒྱ་ཡིག་ནང་ (Da Tang Xiyu Ji) ཞེས་པ་དང་། དེ་ཉིད་གུང་མགོན་པོ་སྐྱབས་ཀྱིས་བོད་ཡིག་ནང་བསྒྱུར་བར། ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག །དེ་མཚུངས་བཙུན་པ་ཨི་ཅིང་གི་ལམ་[1]ཡིག །ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་རྣམ་ཐར། རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་སོགས་ཀྱི་གསུང་ཚུལ་ཤེས་དགོས་པ་གལ་གནད་ཆེ་བས། སྔོན་གྱི་ཡིག་ཆར་ཇི་གསལ་ཞིབ་ཏུ་འགོད་པར་བྱའོ།།

དེ་ཡང་ཧྥ་ཤཱན་ལམ་ཡིག་ནང་། ནཱལཱནྡཱའི་གྲོང་བརྡལ་ཞེས་གསལ་བས་གྲོང་བརྡལ་རང་གི་མིང་དུ་ངོས་བཟུང་ཞིང་། ངག་རྒྱུན་དུ་གནས་འདི་ཉིད་རྩྭ་འདམ་བུ་མང་པོ་སྐྱེ་སའི་གནས་ཡིན་པས་འདམ་བུའི་ཚལ་ཞེས་གྲགས་ཚུལ་དང་། ལ་ལས་ནཱ་ལེནྡྲ་ཞེས་པ་ནི། སྔོན་དུས་གཙུག་ལག་སློབ་གཉེར་ཁང་གི་ཉེ་འགྲམ་དུ་ཡོད་པའི་མེ་ཏོག་པདྨའི་རྫིང་བུར་ཞོགས་པ་ཉི་ཟེར་འཕྲོ་སྐབས་མཛེས་སྡུག་ལྡན་པའི་མེ་ཏོག་པདྨ་མང་པོ་བཞད་པས་མེ་ཏོག་པདྨ་སྐྱེས་པའི་གནས་སམ། གནས་པདྨ་སྩལ་ཟེར་བ་དང་། དེ་མཚུངས་པདྨ་དེ་དག་ཆུའི་ཁར་ཕར་ཚུར་འགྲོ་བཞིན་པར་བརྟེན་པདྨ་བསྐྱོད་པའི་གནས་ཞེས་པའི་དོན་ཡིན་ཟེར་བ་དང་། ཡང་ཁ་ཅིག་གིས་ཨ་མྲའི་སྡོང་པོར་ནཱལཱནྡཱ་ཟེར་སྟབས་དེ་དགོན་པའི་མིང་དུ་ཆགས་པ་སོགས་གསུང་ཚུལ་མང་དུ་མཆིས་སོ།།

པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་སྨོན་ལམ་བདུན་ཅུ་པ་ཞེས་བྱ་བའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་གཞན་ལ་ཕན་པའི་དབྱངས་ཀྱི་རོལ་མོ་ལས[2]། ཨོ་རེནྟྲ་དང་ན་ལེནྟྲ། །ཏིལ་དང་པདྨ་རཱ་ག་དང༌། །མཽ་གལ་དང་ཤཱ་རི་དང༌། །ཀེང་ཤུ་ཀ་དང་ཀ་དམ་པ། །མནྡ་ར་དང་མུ་ཏིག་དང༌། །ཏ་མ་ལ་དང་ཙནྡན་དང༌། །ག་པུར་གུ་གུལ་གུར་ཀུམ་དང༌། །དུ་རུ་ཀ་དང་ཨརྒ་དང༌། །ཀུ་མུ་ཏ་དང་ཙམྤ་ཀ །བ་རུ་ཤ་ཀ་མ་ལི་ཀ །མཉྫུ་ཛི་ཧྭ་པྲི་ཡངྐུ། །སུག་སྨེལ་དང་ནི་མ་ཤ་ཀ །བཻཌཱུརྱ་དང་མརྒད་དང༌། །ཀེ་ཀེ་རུ་རྣམས་ལེགས་སྦྱར་སྐད། །ཐད་སོར་བཞག་པ་ཡིན་ཞེས་བྱ། །ཞེས་བྱུང་བ་ལྟར་ན་ལེནྟྲ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་རང་སོར་བཞག་པ་ཞིག་སྟེ། དེ་ཡང་ལེགས་སྦྱར་སྐད་དུ་ (नालन्दा, नालंदा) (Nālandā) དང་། རྒྱའི་སྐད་དུ་ (那兰陀寺) དབྱིན་ཡིག་ཏུ་ (Nalanda) འབྲི་སྲོལ་གཙོ་ཆེའོ།།

མིང་འདིའི་གྲུབ་རིམ་ཐད། དབྱིན་ཇིའི་སློབ་དཔོན་བྷེལ་ཞེས་པས་སཾ་སྐྲི་ཏའི་སྐད་ཡིག་ཐོག་ནས་ཞིབ་འཇུག་བྱས་པར་ནཱལཱནྡཱ་ཞེས་པ་འདི། ནཱ་ཨ་ལཾ་དྷ་ (Na-alam-da) ཞེས་པ་ནས་བྱུང་བ་ཞིག་ཡིན་ཅིང་། དེ་ནི་འདང་ཚད་མ་སྤྲད་པའི་དོན་ལས་སྦྱིན་པས་མི་ངོམས་པའི་དོན་མིན་[3]གསུངས་པ་དེ། དགེ་ཆོས་ཀྱིས་ཨ་ལཾ་མ་འདང་བ་དང་། མི་ཆོག་པའི་དོན་ཡིན་ཞེས་གསུངས་པ་དང་ཡང་ཤིན་ཏུ་མཐུན། དེས་ན་དེང་གི་ཉམས་ཞིབ་བྱས་འབྲས་སོགས་ལ་གཞིགས་ན། ཐང་སན་ཙང་གིས་གསུངས་[4]པའི་སྦྱིན་པས་མི་ངོམས་པ་ཞེས་པ་དེ་ཉིད་སཾ་སྐྲི་ཏའི་སྐད་ཡིག་ཐོག་ནས་ཉམས་ཞིབ་བྱས་པར་མིང་གི་སྒྲ་ཙམ་འདྲ་ཡང་། དོན་ལ་ཁྱད་པར་ཆེན་པོ་ཡོད་སྟབས། སྦྱིན་པས་མི་ངོམས་པའི་དོན་ཡིན་མིན་ཞིབ་འཇུག་བྱེད་རྒྱུར་ལྷག་ཡོད།[5]

འོན་ཀྱང་ནཱ་ལེནྡྲ་ཞེས་པ་བོད་གངས་སྐད་ཅན་པའི་སྐད་དུ་བསྒྱུར་ན་རྒྱུན་གྱི་དབང་པོ་དང་། འདམ་བུ་སྦྱིན་སོགས་ཀྱི་དོན་ཡིན་པ་ནི། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[6]། ན་རེནྡྲཿནི་མི་དབང་སྟེ་བརྒྱ་བྱིན་གྱི་མིང་དང་། ན་ལ་ད་དང་། ན་ལནྡ། ན་ལེན་དྲ་བཅས་ནི་རྒྱུན་སྟེར་རམ་འདམ་བུ་སྦྱིན་དང་། ན་ལེནྡྲ་དང་ནཱ་ལེནྡྲ་ནི་རྒྱུན་གྱི་དབང་པོ་བཅས་ཀྱི་དོན་ལ་འཇུག་པར་གསལ་བ་ལྟར། སློབ་དཔོན་ཟླ་བ་ལ་དགའ་བས་མཛད་པའི་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་ལས[7]། ན་ལ་དང་། ན་ཌ་དང་། མྲི་ཏི་པུཥྤ་དང་། སུ་ཤི་ར་དང་། ནི་ར་ཛ་དང་། ཤུ་ནྱ་མ་ཏ་དང་། པུ་ཏ་གྷ་ལ་དང་། ན་ལི་ཀ་དང་། པ་བྷི་ཤ་ན་དང་། དེ་དག་ནི་འདམ་བུའི་མིང་ངོ་། །ཞེས་ན་ལ་ད་འདམ་བུའི་མིང་གི་རྣམ་གྲངས་ཡིན་པར་གསུངས་སོ།།

མཁས་པ་ཆེན་པོ་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ (1497-1557) ཀྱིས་མཛད་པའི་དམ་པའི་ཆོས་ཀྱི་བྱུང་ཚུལ་བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་ཁ་སྐོང་དང་བཅས་པ་ལས[8]། ངོར་བཏབ་ནས་ལོ་བརྒྱད་འདས་པའི་མེ་ཕོ་འབྲུག་ (༡༤༣༥) ལ་ནཱ་ལེནྟྲའི་ཆོས་གྲྭ་བཏབ། འདི་ལ་བོད་སྐད་དུ་རྒྱུན་གྱི་དབང་པོ་ཟེར། འདེབས་མཁན་ཀུན་མཁྱེན་རོང་སྟོན་ཆེན་པོ་སྟེ། དེ་ཡང་མེ་ལུག་ལ་ཤར་རྒྱལ་མོ་རོང་དུ་བྱོན། ཞེས་དང་། ཡང་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་ (1485-1533) གྱིས་མཛད་པའི་སྦྱོར་བ་ཡན་ལག་དྲུག་གི་ལམ་རིམ་གྱི་སྒོ་ནས་བླ་མའི་གསོལ་འདེབས་ཀྱི་ཚིགས་སུ་བཅད་པ་ལས་[9]ཀྱང་། དཔལ་ས་སྐྱ་ལོ་ཙཱ་བ་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་ཤྲཱི་ནཱ་ལེནྡ་རྒྱུན་གྱི་དབང་པོའི་སྡེར་མྱུར་བར་བྲིས་པའོ། །ཞེས་གསུངས་ལ། འཕན་པོ་ནཱ་ལེནྡྲ་ཞེས་པའང་རྒྱུན་གྱི་དབང་པོར་བསྒྱུར་བ་གནང་ཡོད། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[10]།

སྔོན་ཚེ་འཕགས་པ་ཤཱ་རིའི་བུ་ཡི་ཡུལ། །ནཱ་ལནྡ་ཡི་གྲོང་ཞེས་གྲགས་པ་སྟེ། །

འདམ་བུ་ཅན་ཞེས་ནཱ་ལནྡ་རུ་བརྗོད། །ཁ་ཅིག་མི་ཡི་དབང་པོའི་གཙུག་ཁང་ཞེས། །

ནཱ་རེནྡྲ་ཞེས་བྱ་བར་འདོད་པ་དང་། །རིན་ཆེན་ནལ་གྱིས་ཁེབས་པའི་ས་ཡིན་ཕྱིར། །

ནཱ་རེནྡྲ་ཞེས་བྱ་བར་སྒྲོག་པའང་ཡོད། །

ཅེས་ནཱ་ལནྡ་འདམ་བུ་ཅན་དང་། ནཱ་རེནྡྲ་ཞེས་པ་མི་ཡི་དབང་པོའི་གཙུག་ལག་ཁང་ཞེས་སུ་གྲགས་པ་དང་། ཡང་རིན་ཆེན་ནལ་གྱིས་ཁེབས་པའི་ས་ཡིན་པའི་ཕྱིར་ན་ནཱ་རེནྡྲ་ཞེས་བརྗོད་ཚུལ་ཡོད་པར་གསུངས་སོ།།

རྒྱའི་བཙུན་པ་ཐང་སན་ཙང་ (603-664) གི་ལམ་ཡིག་ལས[11]། གཙུག་ལག་ཁང་ཆེན་པོ་ནཱ་ལེནྡྲ་སྟེ་སྦྱིན་པས་མི་ངོམས་པའི་དགོན་པ་ཡོད། ཅེས་དང་། དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས་[12]ཀྱང་། རྒྱལ་པོའི་ཁབ་ནས་བྱང་ཕྱོགས་སུ་ལེ་དབར་བཞི་བཅུ་ཉེ་སར་ཤྲཱི་ན་ལེནྡྲ་སྟེ། འདི་ལ་སྒྲ་བཤད་མང་པོ་ཡོད་ཀྱང་གཙོ་བོ་ནི་སྦྱིན་པ་ལ་མི་སྐྱོ་བའི་དོན་ཡིན་ལ། རྒྱ་གར་དབུས་དང་མཐའ་བཞི་སྡེ་ལྔ་ཀའི་རྒྱལ་པོ་སྟོབས་ཟིལ་གྱིས་བཞེངས་པ། སོ་སོ་ནས་དགེ་འདུན་གྱི་འཚོ་བ་དང་། རིས་སུ་མ་ཆད་པའི་མགོན་མེད་ཡོངས་ལ་ཉིན་བསྟར་གྱི་བཟའ་བཏུང་དང་། ལོ་བསྟར་གྱི་གོས་ལྷམ་སྦྱིན་པ་རྒྱུན་མ་ཆད་པའི་ཕྱིར་ཡིན་པར་གདའ། ཞེས་ན་ལེནྡྲ་ནི་སྦྱིན་པ་ལ་མི་སྐྱོ་བའི་དོན་ཡིན་པར་གསུངས་ཤིང་། གནས་དེ་ནི་འཕགས་པ་ཤཱ་རིའི་བུའི་འཁྲུངས་ས་གྲོང་ན་ལ་དཱ་ཟེར་བ་དེ་ཡིན་སྟབས། དེའི་དྲན་གསོའི་ཆེད་དུ་རྒྱ་གར་དབུས་དང་མཐའ་བཞི་སྟེ་རྒྱལ་པོ་ལྔས་སྟོབས་ཤུགས་གཅིག་སྒྲིལ་གྱིས་བཞེངས་པ་ཡིན་སྟབས་སོ་སོ་ནས་དགེ་འདུན་གྱི་འཚོ་བ་དང་། རིས་སུ་མ་ཆད་པའི་མགོན་མེད་ཡོངས་ལ་སྦྱིན་པ་གཏོང་བའི་ཁང་པ་དང་། གཙུག་ལག་ཁང་ཧ་ཅང་མང་ཞིང་། སྐབས་དེར་འཛམ་བུ་གླིང་ན་འདི་ལས་རྒྱ་ཆེ་བ་དང་། འདི་ལས་བཟོ་བཀོད་ལེགས་པའི་ལྷ་ཁང་མེད་པར་གྲགས་སོ།།

ན་ལེནྡྲའམ་ན་ལ་ད་ནི། སྤང་སྤོས་ཅན་གྱི་གྲོང་ཞེས་པའི་དོན་ཡིན་པ་ནི། རྒྱ་གར་གྱི་སློབ་དཔོན་ཛི་ན་མི་ཏྲ་དང་། ལོ་ཙཱ་བ་དེ་བ་ཙན་དྲས་དུས་རབས་བརྒྱད་པར་བསྒྱུར་བའི་གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་བརྒྱ་པ་ལས[13]། དེའི་ཚེ་སྤང་སྤོས་ཅན་གྱི་གྲོང་ན་བྲམ་ཟེ་རྒྱལ་ཞེས་བྱ་བ་ཞིག་གནས་པ་དེས ། བྲམ་ཟེ་མ་ཐ་རའི་བུ་མོ་ཤཱ་རི་ཞེས་བྱ་བ་ཐོབ་ནས་གང་གི་ཚེ་ཤཱ་རིའི་ལྟོར་ཤཱ་རིའི་བུ་ཞུགས་པ་དེའི་ཚེ་བུད་མེད་དེ་མིང་པོ་སེན་རིངས་དང་གཞུང་གིས་བརྒྱབ་ན་མིང་པོ་ཆད་པ་ལ་ཐུག་པར་བྱེད་དེ། དེ་ནས་སེན་རིངས་ཀྱི་བློ་སྐྱེས་པ། འདིའི་ལྟོར་སེམས་ཅན་བསོད་ནམས་ཆེ་བར་གྲགས་པ་ཞིག་གིས་ཉིང་མཚམས་སྦྱར་བ་འདྲ་སྟེ་དེའི་མཐུ་ཡིན་གྱིས། མ་ལ་བདག་གིས་སྔ་ནས་ཕྱོགས་འགའ་ཞིག་ལ་བརྟེན་པར་བྱའོ་སྙམ་མོ། །དེ་ནས་སེན་རིངས་ལྷོ་ཕྱོགས་སུ་སོང་ནས་བསྟན་བཅོས་མང་པོ་བསླབས་སོ། །དེ་ནས་རེ་ཞིག་ན་མཐར་གྱིས་ཤཱ་རིའི་བུ་བཙས་ཏེ། དེས་ལོ་བཅུ་དྲུག་ལོན་པ་དང་། དབང་པོའི་བརྡ་སྤྲོད་པ་ལོབས་ནས་གཞུང་གིས་རྩོད་པ་ཐམས་ཅད་ཚར་བཅད་དོ། །ཞེས་སྤང་སྤོས་ཅན་གྱི་གྲོང་ཞེས་བྱུང་ངོ་།།

སློབ་དཔོན་ཟླ་བ་ལ་དགའ་བས་མཛད་པའི་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་ལས[14]། ན་ལ་ད་དང་ཞེས་སྤང་སྤོས་ཀྱི་མིང་གི་རྣམ་གྲངས་སུ་བཤད་པ་དང་མཐུན་ཞིང་། མདོ་སྡེ་ལས་བརྒྱ་པའི་བམ་པོ་ཉེར་བཞི་པ་ལས[15]། འདམ་བུ་སྦྱིན་ཞེས་བྱ་བའི་གྲོང་ན་ནི་བྲམ་ཟེ་རྒྱལ་ཞེས་བྱ་བ་ཞིག་གནས་ཏེ། ཞེས་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་གཉགས་ཛྙ་ན་ཀུ་མ་རས་བསྒྱུར་ཅིང་། གནས་བརྟན་ཤཱ་རིའི་བུས་རང་གི་ཆུང་གྲོགས་འཛིན་བྱེད་ཀྱི་བུ་བཏུལ་བའི་སྐབས་སུ་འབྱུང་བ་འདི་ཅུང་ཟད་ཡོངས་གྲགས་ཡིན་ལ། གནས་ཡིག་ཕྱོགས་བསྒྲིགས་རྫོགས་ལྡན་གསར་པའི་འོད་སྣང་ལས[16]། ནཱ་ལེནྟྲ་ཞེས་པའི་གོ་དོན་ནི་སྤྲད་པ་ལ་གོ །དེ་ནི་ཡོན་ཏན་སྤྲད་པའི་གནས་ཡིན་པས་སོ། །སྟོན་པ་གནས་འདིར་ཕེབས་སྐབས་ཤཱ་རིའི་བུ་རྗེས་སུ་འཛིན་པར་བཤད། ཅེས་ཅུང་མི་འདྲ་བ་ཞིག་བྱུང་ངོ་།།

གཞན་ཡང་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[17]། དགོན་མིང་ཤྲཱི་ནལནྡཱ་མཧཱ་བི་ཧར་ (Sri Nalanda Mahavihara) ཞེས་པའི་དོན་ནི། བཀྲ་ཤིས་ཀླུ་མཆོག་བཞུགས་པའི་གནས་ཞེས་དང་། གནས་མཆོག་འཕགས་ཡུལ་གྱི་རྒྱལ་བློན་དང་ཁོང་ཚོའི་གཉེན་ཉེ་ཀུན་གྱི་མིང་གི་མདུན་དུ་ཤྲཱི་ཞེས་པའི་ཚིག་འདི་བཀོད་སྲོལ་ཡོད་པ་དང་། གཞན་དགོན་སྡེ་ཆེ་གྲས་ཁག་གི་མིང་གི་མདུན་དུའང་ཤྲཱི་ (Sri) ཞེས་པའི་ཚིག་འདི་སྦྱར་འདུག །དོན་ནི་དཔལ་དང་དབང་ཐང་རྒྱས་པ་ལ་གོ །ནལནྡཱ་ཞེས་པ་ནི་ཀླུ་ཞིག་གི་མིང་། གཙུག་ལག་ཁང་གི་འཁྲིས་སུ་ན་ལནྡཱ་ཞེས་པའི་ཀླུ་ཞིག་ཡོད་པ་ཕྱིས་སུ་ཀླུ་མིང་དགོན་པར་བཏགས། བི་ཧར་ཞེས་པ་ནི་སྡོད་གནས་ཀྱི་དོན་དང་། འདིར་གཙུག་ལག་ཁང་ལ་སྦྱར་འདུག་པ་ཐད་བསྒྱུར་དུ་བྱ་མི་རུང་། ཞེས་གསུངས་པ་ལྟར་ཕྱིས་ཡུལ་གྱི་མིང་དགོན་པར་ཐོགས་པ་ཞིག་གོ།

མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས་[18]ཀྱང་། ཁ་ཅིག་གིས་དགོན་གནས་ཉེ་བའི་མཚེའུ་དེ་ན་ཀླུ་ནལནྡྲ་བྱ་བ་ཡོད་པས་དེ་སྐད་མིང་དུ་གྲགས་ཟེར། ཡང་བྱང་སེམས་གྲོང་འདིར་བཞུགས་པ་ཞིག་གིས་སྦྱིན་པ་བྱིན་ཏེ་ཟད་ནས་ཅུང་ཟད་ངན་པ་དག་ཀྱང་བྱིན་པས། ནཱལནྡཱ་སྟེ་མི་ཆོག་སྦྱིན་བྱ་བ་ཡིན་ཟེར། ཨ་ལཾམ་འདང་བ་དང་མི་ཆོག་པའི་དོན་ཡིན་མོད། འདི་ངན་པ་བཟང་སྦྱིན་བྱ་བའི་མིང་དེ་ཀ་རང་ཡིན་ནམ་སྙམ་མོ། །གཞན་ཡོངས་སུ་གྲགས་པ་ནི་འདམ་བུ་སྦྱིན་ཞེས་བསྒྱུར་བ་དེ་ཡིན། ཞེས་རྒྱའི་སྡེ་སྣོད་འཛིན་པ་དང་། བོད་ཀྱི་ལོ་ཆེན་དགེ་ཆོས་རྣམ་གཉིས་ཀྱིས་གཅིག་མཐུན་དུ་ཀླུའི་མིང་དགོན་མིང་དུ་ཐོགས་པ་ཞིག་ཡིན་པར་གསུངས་སོ།།

ནཱལནྡཱ་ཞིབ་འཇུག་ལས། དེ་མཚུངས་ཡུལ་དེའི་འཐུང་ཆུར་གནས་པའི་ཀླུ་རིགས་ཤིག་གི་མིང་དེ་དགོན་པའི་མིང་དུ་ཆགས་ཟེར་བ་དེའང་ཕལ་ཆེར་བདེན་པ་མ་རེད། གང་ཡིན་ཟེར་ན། ཧྥ་ཤཱན་ཞེས་པའི་རྒྱའི་བཙུན་པ་ཁོང་རྒྱ་གར་དུ་ཕེབས་སྐབས་ནཱལཱནྡཱའི་གྲོང་བརྡལ་ཞེས་ཟིན་བྲིས་བཏབ་ཅིང་། ཡུལ་དེ་སྔར་ཤཱ་རིའི་བུའི་འཁྲུངས་གཤེགས་ཀྱི་གནས་ཡིན་ཚུལ་དང་། དེ་མིན་མཆོད་རྟེན་ཞིག་ཡོད་ཚུལ་ཙམ་ལས་གཞན་གང་ཡང་ཡོད་ཚུལ་མི་གསལ་ཡང་། ས་མིང་ལ་ནཱལཱནྡཱ་ཞེས་འབོད་ཀྱི་ཡོད་པ་ཁོང་གི་ལམ་ཡིག་ནང་[19]གསལ་བར་བརྟེན་ནཱལཱནྡཱ་ཞེས་པའི་མིང་དེ་དུས་ཚོད་རིང་པོ་ཞིག་ནས་ཡོད་པ་ཧ་ཅང་གསལ་པོ་རེད། དེས་ན་ནཱལཱནྡཱ་ཞེས་པ་དེར་ཚིག་དོན་ཅི་ཞིག་ཡོད་མེད་གང་ལྟར་ཡང་། ཡུལ་མིང་དགོན་པའི་མིང་དུ་ཆགས་པ་ཧ་ཅང་གསལ་པོ་ཡིན། མིང་ཐོགས་སྟངས་དེ་ལྟ་བུ་གནའ་དེང་གང་དུ་ཡང་མང་པོ་བྱུང་དང་འབྱུང་བཞིན་པ་ཞིག་ཡིན།

འདིར་འབྲེལ་ཡོད་ཀྱིས་ཞུས་ན་ཡང་། ད་ལྟ་ནཱལཱནྡཱ་སོགས་སངས་རྒྱས་པའི་གནས་ཕལ་མོ་ཆེ་ཡོད་སའི་མངའ་སྡེ་བྷི་ཧཱར་ (Bihar) ཞེས་པའི་མིང་འདི་ཡང་། གཙུག་ལག་ཁང་ཟེར་བའི་དོན་ཡིན་ཅིང་། དེ་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས་[20]ཀྱང་། སྐད་གཉིས་ཤན་སྦྱར་དང་འཕྲིན་ཡིག་སོགས་ནའང་རྒྱ་གར་གྱི་སྐད་དོད་བིཧར་ཞེས་པ་འདུག་ཅིང་། བིཧར་ནི་གྲོང་ཁྱེར་དྲུག་ཡོད་པའི་དབུས་ཀྱི་ཡུལ་གྲུ་དེ་གཅིག་པུའི་མིང་ཡིན། དེ་ཡང་བི་ཧ་ར་གཙུག་ལག་ཁང་གི་མིང་སྟེ། དེ་ཡང་གཙོ་བོ་ན་ལནྡྲ་དང་། ཨོ་ཏནྟ་པུ་རི་གཉིས་གྲགས་ཆེ་བར་བརྟེན་ནས་བྱུང་བར་མངོན་ཞིང་། ཨོ་ཏནྟ་པུ་རིའི་ཤུལ་གྱི་ཀླ་ཀློའི་གྲོང་དེ་ལ་ད་དུང་བིཧར་ཤ་རིབ་ཅེས་འབོད། ཅེས་གསལ་བ་ལྟར་སྔོན་ཡུལ་དེར་ནཱ་ལེནྡྲ་དང་ཨོ་ཏནྟ་པུ་རི་སོགས་གཙུག་ལག་ཁང་མང་དུ་ཡོད་སྟབས། གཙུག་ལག་ཁང་དེ་དག་གི་མིང་ཡུལ་མིང་དུ་ཆགས་ནས་ཡུལ་དེར་རང་རེའི་བོད་ཚིག་ལྟར་བྱས་ན། གཙུག་ལག་ཁང་ཞེས་གྲགས་པ་ལྟར་ཆེ་ས་མངའ་སྡེ་དང་། ཆུང་ས་ནས་གྲོང་གི་མིང་ལ་བིཧར་ཏེ་གཙུག་ལག་ཁང་གི་མིང་རང་འཇགས་སུ་གནས་ཡོད། དེ་ཡང་སྐྱོགས་སྟོན་ལོ་ཙཱའི་ (དུས་རབས་15པ།) དག་ཡིག་ལི་ཤིའི་གུར་ཁང་ལས[21]། བི་ཧཱ་ར་ཞེས་པ་གཙུག་ལག་ཁང་པ་ཞེས་ཟུར་ཆག་པས་དཔེ་ཧར་དང་དཔེ་དཀར་དུ་བོད་པ། ཞེས་གསུངས་པ་ལྟར་རོ།།

དེ་ལྟར་རྒྱ་གར་འཕགས་ཡུལ་གྱི་གཙུག་ལག་ཁང་ཆེན་པོ་འདིར་དཔལ་ནཱ་ལེནྡྲཱ་ཞེས་འབོད་པའི་མཚན་དོན་དངོས་གང་ཡིན་ལ་རྒྱ་དཀར་ནག་བོད་དང་བཅས་པའི་དཔྱད་གཞི་ཁག་ཏུ་གསུང་ཚུལ་སྣ་ཚོགས་ཤིག་མཆིས་པ་ནི། ཐང་སན་ལམ་ཡིག་ལས་སྦྱིན་པས་མི་ངོམས་པ་དང་། གུང་ལོ་ཙཱ་བས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས་སྦྱིན་པ་ལ་མི་སྐྱོ་བའི་དོན་ཡིན་ཚུལ་གཏམ་རྒྱུད་དང་སྦྱར་ནས་གསུངས་ཤིང་། རྒྱའི་སྡེ་སྣོད་འཛིན་པ་དང་། ཐང་སན་བླ་མ། མཁས་དབང་དགེ་ཆོས་བཅས་ཀྱིས་ཀླུའི་མིང་གཙུག་ལག་ཁང་ལ་ཐོགས་པར་གསུངས་ལ། ཆག་ལོའི་རྣམ་ཐར་ལས། ན་ལེན་དྲ་ཞེས་པ་མིའི་དབང་པོ་སྔོན་གྱི་རྒྱལ་པོས་བཞེངས་པས་དེ་སྐད་གྲགས་ཞེས་གསུངས་པ་དང་། དཔའ་བོ་གཙུག་ལག་ཕྲེང་བས་ནཱ་ལནྡ་བོད་སྐད་དུ་བསྒྱུར་བས་དོན་ལ་འདམ་བུ་ཅན་དང་། ནཱ་རེནྡྲ་ཞེས་པ་མི་ཡི་དབང་པོའི་གཙུག་ལག་ཁང་ཞེས་བཞེངས་པ་པོའི་ཆ་ནས་དང་། ཡང་ནཱ་རེནྡྲ་ཞེས་གནས་དེར་རིན་ཆེན་ནལ་གྱིས་ཁེབས་པའི་ས་ཡིན་པའི་ཕྱིར་ན་བརྗོད་ཚུལ་ཡོད་པར་གསུངས་ལ། ལ་ལས་ས་མིང་གི་སྒོ་ནས་ཐོགས་ཚུལ་གླེང་བ་དང་། གཞན་ཡང་རྒྱ་ནག་གི་གཞུང་གཞན་ཞིག་ཏུ་པདྨའི་གླིང་ཞེས་པའི་དོན་དུ་བཀྲལ་ཏེ་གནའ་བོའི་རྒྱ་གར་འཕགས་ཡུལ་དུ་པདྨ་ཤེས་རབ་ཀྱི་མཚོན་རྟགས་སུ་ངོས་འཛིན་པས་དེ་ལྟར་སྦྱར་ཚུལ་བཤད་པ་སོགས་མདོར་ན། ནཱ་ལེནྡྲ་ཞེས་པའི་བོད་སྒྱུར་ལ། ༡ རྒྱུན་གྱི་དབང་པོ་དང་། ༢ མིའི་དབང་པོ། ༣ མི་ཡི་དབང་པོའི་གཙུག་ལག་ཁང་། ༤ འདམ་བུ་སྦྱིན། ༥ འདམ་བུའི་ཚལ། ༦ འདམ་བུ་ཅན། ༧ སྡོང་བུ་སྦྱིན། ༨ རྒྱུན་སྦྱིན་པ། ༩ རྒྱུན་སྟེར། ༡༠ རྒྱུད་སྟེང་། ༡༡ མེ་ཏོག་པདྨ་སྐྱེས་པའི་གནས། ༡༢ གནས་པདྨ་སྩལ། ༡༣ པདྨའི་གླིང་། ༡༤ པདྨ་བསྐྱོད་པའི་གནས། ༡༥ སྦྱིན་པ་ལ་མི་སྐྱོ་བ། ༡༦ སྦྱིན་པས་མི་ངོམས་པ། ༡༧ མི་ཆོག་སྦྱིན། ༡༨ འདང་ཚད་མ་སྤྲད་པ། ༡༩ ངན་པ་བཟང་སྦྱིན། ༢༠ རིན་ཆེན་ནལ་གྱིས་ཁེབས་པའི་ས། ༢༡ སྤང་སྤོས་ཅན་གྱི་གྲོང་། ༢༢ ཡོན་ཏན་སྤྲད་པའི་གནས། ༢༣ བཀྲ་ཤིས་ཀླུ་མཆོག་བཞུགས་པའི་གནས། ༢༤ ཀླུ་ཞིག་གི་མིང་བཅས་སྒྲ་སྒྱུར་དང་། དོན་སྒྱུར། བསྒྱུར་དག་མིན་སོགས་རྣམ་གྲངས་ ༢༤ ཙམ་དཔྱད་གཞི་ཁག་ཏུ་གསལ་ཞིང་། ཐ་སྙད་དེ་ཉིད་སྔར་ནས་ཡུལ་དེའི་མིང་དུ་ཐོགས་པའི་རྗེས་གྲུབ་ཀྱི་མིང་ཞིག་དང་། ཕྱིས་སུ་དགོན་པར་ནཱ་ལེནྡྲ་ཞེས་མཚན་ཐོགས་པ་ཞིག་ཡིན་པ་ལས། དགོན་པ་གསར་དུ་ཆགས་སྐབས་ཆེད་དུ་སྦྱར་བའི་མཚན་མིན་པར་ངེས་སོ།།

མཚན་དེ་ལྟར་ཐོགས་དོན་ནི། སྔོན་སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པའི་ཚེ། རྒྱལ་པོ་ཆེན་པོ་ཞིག་གི་སྐྱེ་བ་བཞེས་ནས་ས་འདིར་རྒྱལ་ས་མཛད་དེ། སྐྱེ་འགྲོ་ཡོངས་ལ་ཀུན་ནས་བརྩེ་ཕྱིར་སྦྱིན་པའི་ལས་ཀྱིས་ཁྱབ་པར་མཛད་པས། དེའི་དུས་ཀྱི་སྐྱེ་བོ་རྣམས་ནས་ཡོན་ཏན་དེ་ལ་བསྔགས་པའི་སླད་དུ་ས་འདིའི་མིང་ལ་ནཱ་ལནྡ་ (སྦྱིན་པས་མི་ངོམས་པ་) ཞེས་བཏགས་པས་དེར་བཞེངས་པའི་གཙུག་ལག་ཁང་འདི་ལའང་ནཱ་ལེནྡྲ་ཞེས་མཚན་ཐོགས་པའམ་ཀླུ་མིང་ལས་དགོན་མིང་དུ་ནཱ་ལེནྡྲ་ཞེས་མཚན་ཐོགས་པར་བཞེད་པ་དང་། ཡང་ན་རྒྱ་གར་ཡུལ་དབུས་དང་མཐའ་བཞི་སྡེ་ལྔའི་རྒྱལ་པོ་རྣམས་དང་། སྟོབས་འབྱོར་ཆེ་བའི་སྦྱིན་བདག་དང་ཚོང་དཔོན་སོགས་སྟོབས་ཤུགས་གཅིག་བསྒྲིལ་གྱིས་དགེ་འདུན་འདུས་པའི་སྡེ་ཆེན་པོར་གདུགས་ཚོད་སོགས་འཚོ་བའི་ཡོ་བྱད་དང་། གནས་མལ་སྟོབས་པ་དང༌། ཟས་གོས་ཀྱིས་ཕོངས་པའི་རིས་མེད་ཉམ་ཐག་རྣམས་ལ་ལོ་ཟླ་རིམ་བསྟུད་ཀྱིས་ཟས་གོས་ཀྱི་སྦྱིན་པ་རྒྱ་ཆེར་རྒྱུན་ཆད་མེད་པར་སྩལ་བས་མིང་དེ་ལྟར་ཆགས་པར་བཤད་པ་ལྟར་ཡིན་པར་མངོན་ནོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཨི་ཅིང་ལ་དེབ་གཉིས་ཡོད་པ་ལས་ཁོང་གི་ལམ་ཡིག་དེང་དུས་དབྱིན་ཡིག་ནང་ཡོད་པ་དེའི་མིང་ལ། རྒྱ་གར་དུ་སླེབས་པའི་རྒྱ་ནག་ཧྭ་ཤང་ཞེས་ཟེར་ཞིང་། དེབ་གཞན་པ་དེའི་མིང་ལ་ལྷོ་རྒྱ་མཚོའི་སྤྲིངས་ཡིག་ཅེས་ཟེར་རོ།།

[2] པཎ་ཆེན་ཤཱཀྱ་མཆོག་བཀའ་འབུམ། པོད། ༼ཡ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣༤བ༥

[3] གཏམ་རྒྱུད་གསེར་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༢༩

[4] གཏམ་རྒྱུད་གསེར་ཐང་མ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༢༩

[5] ནཱལཱནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༥༨

[6] སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ཤོག་གྲངས་ ༤༣༥

[7] བསྟན་འགྱུར་དཔེ་བསྡུར་མ། གསོ་རིག ༼ཧེ༽ དེབ་ཨང་ ༡༡༡ པ། ༢༠༠༨ ལོ། ཤོག་གྲངས་ ༦༥

[8] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། པོད། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༩༨

[9] ས་སྐྱ་ལོ་ཙཱའི་གསུང་པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༣བ༦

[10] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༧

[11] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༣

[12] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༣༩

[13] རྒྱལ་བའི་བཀའ་འགྱུར། སྡེ་དགེ་དཔར་མ། མདོ་སྡེ། ༼ཨཾ༽ ཤོག་གྲངས་ ༢༧༨ན༧

[14] རྒྱལ་བའི་བཀའ་འགྱུར། སྡེ་དགེ་དཔར་མ། གསོ་རིག ༼ཧེ༽ ཤོག་གྲངས་ ༢༡ན༢

[15] རྒྱལ་བའི་བཀའ་འགྱུར། སྡེ་དགེ་པར་མ། མདོ་སྡེ། ༼ཧེ༽ ཤོག་གྲངས་ ༢༧༦ན༥

[16] གནས་ཡིག་ཕྱོགས་བསྒྲིགས། འགྱུར་མེད་རྡོ་རྗེ། སྔ་འགྱུར་མཐོ་སློབ་ལེགས་བཤད་གླིང་། ༢༠༠༩ ལོ། ཤོག་ ༨༥

[17] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༡

[18] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༢༩

[19] ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༦༧

[20] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༥༩

[21] དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༨

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༩ ནས་ ༤༠ བར་གསལ་བ་ལས་བཏུས།

 

Leave a Reply

Your email address will not be published. Required fields are marked *