༢) ནཱ་ལེནྡྲ་རྒྱལ་པོ་འཇིག་རྟེན་ཉི་མས་བཞེངས་པར་འདོད་ཚུལ།

༢) རྒྱལ་པོ་འཇིག་རྟེན་ཉི་མས་བཞེངས་པར་འདོད་ཚུལ།

 

དེ་ཡང་འཛམ་གླིང་ནང་ཡོངས་སུ་གྲགས་པའི་གདན་ས་ཆེན་པོ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། ཕྱི་ལོའི་དུས་རབས་ལྔ་པའི་ནང་དུ་རྒྱལ་པོ་འཇིག་རྟེན་ཉི་མ་སྟེ་ལོཀཱ་དེཏྱས་བཞེངས་པའི་བཤད་ཚུལ་ནི། ཐང་སན་བླ་མས་ (603-664) བརྩམས་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[1]། རྒྱལ་པོའི་ཁབ་ཀྱི་ལྷོ་ནུབ་མཚམས་སུ་གཙུག་ལག་ཁང་ཆུང་བ་གཉིས་ཡོད་པ་ནི།

བཙུན་པ་གནས་སྐོར་བ་དག་དང་། ཡུལ་གཞན་ནས་འོངས་པའི་འགྲོན་གསར་རྣམས་འདུག་པའི་གནས་ཡིན། སྔོན་སྟོན་པས་ཆོས་གསུངས་པའི་ཤུལ་ཡིན་ཟེར། དེ་ནས་ནུབ་བྱང་མཚམས་སུ་མི་རིང་བར་མཆོད་རྟེན་ཞིག་ཡོད་པ་ནི། དྲང་སྲོང་སྐར་མ་ལ་དགའ་བའི་ཁྱིམ་ཤུལ་ཡིན། གྲོང་ཁྱེར་གྱི་ལྷོ་སྒོའི་ཕྱི་རོལ་གྱི་གཡོན་ཕྱོགས་སུ་མཆོད་རྟེན་ཞིག་ཡོད་པ་ནི། སྔོན་སྟོན་པས་ཆོས་བཤད་པའི་གནས་ཡིན་ལ། སྲས་སྒྲ་གཅན་འཛིན་བཏུལ་བའི་གནས་ཀྱང་ཡིན། དེ་ནས་བྱང་ཕྱོགས་སུ་རྒྱང་གྲགས་སུམ་ཅུ་ཙམ་བགྲོད་པ་ན། གཙུག་ལག་ཁང་ཆེན་པོ་ནཱ་ལནྡཱ་སྟེ་སྦྱིན་པས་མི་ངོམས་པའི་དགོན་པ་ཡོད། དེ་ཐོག་མར་ཨ་མྲའི་ནགས་ཚལ་ཆེན་པོ་ཞིག་སྟེ། ཚོང་པ་ལྔ་བརྒྱས་རིན་གྱིས་ཉོས་ནས་སྟོན་པ་ལ་ཕུལ་བ། ས་དཔྱད་ཤིན་ཏུ་ལེགས་པ་ཞིག་སྟེ། གནའ་དུས་རྒྱལ་པོ་ལོ་ཀཱ་དེཏྱ་སྟེ་འཇིག་རྟེན་ཉི་མ་[2]ཞེས་པ་ཐེག་ཆེན་གཅིག་པུ་ལ་མོས་པ། དཀོན་མཆོག་ལ་དད་མོས་ཆེ་བས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་དར་བའི་ས་གཞི་བཟང་པོ་ཞིག་བཙལ་ཏེ་དགོན་པ་བཏབ་ནས། དགེ་འདུན་གྱི་ཆོས་གྲྭ་འཛུགས་པར་འདོད་ནས་རིས་མེད་ཀྱི་ས་དཔྱད་མཁན་ལ་བཅོལ་ནས་བཙལ་བར། གྲངས་ཅན་པའི་ས་དཔྱད་མཁས་པ་ཞིག་གིས་ས་འདི་རྙེད་ནས་ཞུས་པ། རྒྱ་གར་ཕྱོགས་ལྔ་ཀར་འདི་དང་མཉམ་པའི་ས་ཕྱོགས་མེད། འདིར་དགོན་པ་བཏབ་ན་དགེ་འདུན་ཐུགས་མཐུན་ཞིང་། སློབ་སྦྱོང་ལ་མཁས་པར་འགྱུར། དུས་རྒྱུན་དུ་ཚོང་པ་བཟང་པོ་མི་ཆད་པར་འདུ་བར་འགྱུར་རོ་ཞེས་ལུང་བསྟན། གཙུག་ལག་ཁང་ཐོག་མར་ཨར་ལས་འཛུགས་སྐབས་ཀླུ་ལ་གནོད་པ་ཕོག་པས། དགེ་འདུན་ལ་ཁྲག་སྐྱུག་པའི་ནད་མང་ཙམ་བྱུང་ཟེར། ད་ལྟ་ལོ་སྟོང་ལྷག་སོང་ཡང་དགེ་འདུན་གྱི་སྡེ་དང་ལོངས་སྤྱོད་འཕེལ་རྒྱས་ལས། འགྲིབ་རྒུད་ཅུང་ཙམ་ཡང་བྱུང་མ་མྱོང་ཞིང་། ཁྲག་སྐྱུག་པའི་རྒྱུ་དེ་ལྟར་ཡིན་པར་སྣང་།

རྒྱལ་པོ་དེའི་བུ་བུདྡྷ་གུཔྟ་སྟེ་སངས་རྒྱས་སྦས་པ་ཞེས་པས་སྲིད་སྐྱོང་ཞིང་ཤུལ་བཟུང་། ཚ་བོ་ཏ་ཐཱ་ག་ཏ་གུཔྟ་སྟེ། དེ་བཞིན་གཤེགས་པ་སྦས་པ་ཞེས་བྱ་བས་སྔ་མཁོ་བཞིན་གྱི་གཙུག་ལག་ཁང་དང་། རྭ་བ་ཞིག་རལ་ཏུ་གྱུར་པ་རྣམས་ལེགས་པར་གསོས། དེའི་རྒྱལ་པོ་ཕྱི་མ་བྷུ་རཱ་ཏེ་ཇི་སྟེ་སྒྱུ་མའི་ཉི་མ་ཞེས་བྱ་བས་ནཱལནྡཱ་ཤར་ངོས་དང་། བྱང་ཤར་ཕྱོགས་སུ་གཙུག་ལག་ཁང་རེ་རྫོགས་པར་བཞེངས་ཏེ། སྐྱེས་འཕགས་མཆོག་དམན་ཚོགས་ཏེ་རབ་གནས་དང་དགའ་སྟོན་ཆེན་པོ་བྱེད་སྐབས་སློབ་དཔོན་འགས་རྒྱལ་པོ་ལ་ཞུས་པ། དེ་རིང་གི་འདུ་བ་ལ་ཕྱོགས་གང་གི་མི་གང་དག་གཙོ་བོར་བྱེད། ཁང་བརྩེགས་བྱི་དོར་བགྱིད་ཅེས་ཞུས་པར། བཀའ་སྩལ་པ། དགེ་འདུན་སྤྱི་དང་ཁྱད་པར་ཡུལ་ཐག་རིང་ནས་འོངས་པ་དག་གོ་གསུངས། སྔོན་སྟོན་མོའི་སྐབས་སུ་རྒྱལ་པོ་གཙོ་བོར་བྱེད་ཁང་བརྩེགས་ལ་དབང་། ད་ནི་གོ་ལོག་ཏུ་མཛད་པ་ཅི་ཞེས་ཐམས་ཅད་ངོ་མཚར་བར་གྱུར་པས། རྒྱལ་པོས་དཔེར་ན། རྒྱལ་སྲིད་སྤངས་ཏེ་རབ་ཏུ་བྱུང་བ་ལ་གོ་འཕང་མཐོན་པོར་གཤེགས་པར་བརྩི་ཡི། རབ་ཏུ་བྱུང་བ་ལས་བབས་ནས་རྒྱལ་སྲིད་འཛིན་པ་ལ་གོ་འཕང་མཐོན་པོར་གཤེགས་པ་མི་ཟེར་ཞེས་གསུངས་པས། ཐམས་ཅད་ངོ་མཚར་ནས་ཡི་རང་བྱས། ཞེས་བྱུང་བ་ལྟར་རྒྱལ་པོ་འཇིག་རྟེན་ཉི་མས་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་བཞེངས་ཤིང་། དགའ་སྟོན་གྱི་རྣམ་པ་དང་བཅས་པ་གསལ་བར་བྱུང་ངོ་།།

གཞན་ཡང་བསོད་ནམས་རྒྱལ་མཚན་གྱིས་རྩོམ་སྒྲིག་གནང་བའི་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས་ལས[3]། དཔལ་ལྡན་ནཱ་ལེནྡྲ། སྟོན་པ་སྐུ་མྱ་ངན་ལས་འདས་ནས་ཅུང་མ་འགོར་བར། རྒྱལ་ཁབ་འདིའི་རྒྱལ་པོ་ལོ་ཀཱ་དེཏྱ་སྟེ་འཇིག་རྟེན་ཉི་མ་ཞེས་པ་ཐེག་པ་གཅིག་ལ་མོས་ཤིང་། དཀོན་མཆོག་ལ་དད་མོས་ཆེ་བས། ས་གཞི་བཟང་པོ་བརྟགས་ནས་ས་དཔྱད་ཤིན་ཏུ་ལེགས་པས་དགོན་པ་འདི་བཏབ་པ་དང་། བུདྡྷ་གུཔྟ་སྟེ་སངས་རྒྱས་སྦས་པ་དང་། ཏ་ཐཱ་ག་ཏ་གུཔྟ་སྟེ་དེ་བཞིན་གཤེགས་པ་སྦས་པ། བྷུརཱ་ཏིརྒྱ་སྟེ་སྒྱུ་མའི་ཉི་མ། བཛྲ་སྟེ་རྡོ་རྗེ་བཅས་ཀྱིས་རིམ་པར་རྒྱ་བསྐྱེད་དེ་བཞེངས་པར་བཤད། ཅེས་ཀྱང་གསལ་ལོ།།

འོན་ཀྱང་དཔྱད་དགོས་པ་ཞིག་ལ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི་སྔར་ནས་གསར་བཞེངས་ཟིན་ཏེ་ལོ་ངོ་སྟོང་ལྷག་ཙམ་ཕྱིན་ཟིན་པས་རྒྱལ་པོ་འདི་དག་གི་སྐབས་སུ་ཉམས་གསོ་དང་། རྒྱ་སྐྱེད་གནང་བ་ཞིག་མིན་ནམ་སྙམ། དེ་ཡང་གོང་གསལ་དེའི་ནང་རྒྱལ་པོ་ཕྱི་མ་བྷུ་རཱ་ཏེ་ཇི་སྟེ་སྒྱུ་མའི་ཉི་མ་ཞེས་བྱ་བས་ནཱལནྡཱ་ཤར་ངོས་དང་། བྱང་ཤར་ཕྱོགས་སུ་གཙུག་ལག་ཁང་རེ་རྫོགས་པར་བཞེངས། ཞེས་གསལ་བ་ལྟར་ནཱ་ལེནྡྲའི་ཤར་ངོས་སུ་གཙུག་ལག་ཁང་ཞིག་གསར་བཞེངས་མཛད་པར་གོ་དགོས་སམ་སྙམ་མོ།།

རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་བཤུལ་ལམ་ལས[4]། ཕྱི་ལོ་ ༤༠༥ ལོར་རྒྱ་གར་དུ་བྱོན་པའི་རྒྱ་ནག་ཅིན་ཤར་མའི་བཙུན་པ་ཧྥ་ཤཱན་ (374-462) གྱི་རྒྱ་གར་ལམ་ཡིག་ཕྱི་ལོ་ ༡༩༡༩ ལོར་སོག་པོའི་དགེ་བཤེས་བློ་བཟང་རྟ་དབྱངས་ཀྱིས་བོད་ཡིག་ཏུ་བསྒྱུར་བ་ལས། ན་ལེནྡའི་གྲོང་བརྡལ་དུ་ཕྱིན་ལ། འདི་ནི་ཤཱ་རིའི་བུའི་འཁྲུངས་ཡུལ་ཡིན་ནོ། །ཤཱ་རིའི་བུ་གྲོང་བརྡལ་འདིར་སླར་ལོག་ཡོང་ནས་མྱ་ངན་ལས་འདས་པར་འདུག་ལ། དེར་མཆོད་རྟེན་གཅིག་བཞེངས་པ་ནི་ད་ལྟ་ཡོད་དོ། །ཞེས་ན་ལེནྡའི་གྲོང་བརྡལ་ཞེས་དང་། མཆོད་རྟེན་གཅིག་ད་ལྟ་ཡོད་གསུངས་པ་ལས། ན་ལེནྡའི་དགོན་པ་དང་དགེ་འདུན་སོགས་ཀྱི་སྒྲོས་ཙམ་ཡང་མེད་ལ། སྤྱིར་ཁོང་གང་ལ་སླེབས་ཀྱང་དེ་གར་དགོན་པ་དང་དགེ་འདུན་བཞུགས་ན་ཞལ་གྲངས་ཚུན་ཆད་ལམ་ཡིག་དེར་གསུངས་འདུག་ཅིང་། དུས་རབས་བརྒྱད་པ་ཙམ་དུ་བསྒྱུར་བའི་སྡེ་བཀའ་འདུལ་བ་ ༼ཀ༽ པའི་ ༩ན༧ ལས། གྲོང་ན་ལ་ད་ཞེས་ལན་ཁ་ཤས་སུ་འབྱུང་བས། སྟོན་པའི་དུས་ནས་ཕྱི་ལོ་ ༤༠༠ ལ་ཐུག་གི་བར་ན་ལེན་དཱའི་གྲོང་བརྡལ་ལས་དགོན་པ་མེད་པར་གསལ་ལ། ཕྱི་ལོ་ ༦༣༠ ལོ་ཙམ་དུ་རྒྱ་གར་དུ་སླེབས་པའི་ཐང་སན་ཙང་གི་ལམ་ཡིག་ལས། ད་ལྟ་ལོ་སྟོང་ལྷག་ཙམ་སོང་ཡང་དགེ་འདུན་གྱི་སྡེ་དང་ལོངས་སྤྱོད་འཕེལ་རྒྱས་ལས། འགྲིབ་རྒུད་ཅུང་ཙམ་ཡང་བྱུང་མ་མྱོང་ཞིང་། ཞེས་ན་ལེནྡའི་དགོན་པའི་སྐོར་གསལ་བས། དུས་རབས་ལྔ་པའི་ནང་དུ་ན་ལེནྡའི་དགོན་པ་གཞི་ནས་བཞེངས་སམ་སྙམ་ཡང་། ཐང་སན་ལམ་ཡིག་བོད་བསྒྱུར་དེར་ཐང་སན་རང་གི་དུས་སུ་ན་ལེནྡ་བཞེངས་ནས་ལོ་སྟོང་འགོར་བར་བཤད་པ་ཕྱི་མོ་དང་མཐུན་མིན་དང་། མཐུན་ན་ན་ལེནྡའི་གྲོང་ངམ་དགོན་པ་གང་ཡིན་བརྟག་དགོས་ལ། ན་ལེནྡྲའི་དགོན་པ་དང་ན་ལེནྡྲའི་གྲོང་མི་གཅིག་པས། ཀླུ་སྒྲུབ་ཡབ་སྲས་སོགས་དུས་རབས་ལྔ་པའི་སྔོན་དུ་བྱོན་པ་དག་གི་རྣམ་ཐར་བོད་ཡིག་དག་ཏུ་ན་ལེནྡྲར་ཕེབས་པར་བཤད་པ་ཙམ་ལ་འགལ་བ་མེད་སྙམ་སྟེ་དཔྱད། སྒྲོལ་མགོན་གྱི་རྒྱ་གར་ཆོས་འབྱུང་ལས། ཨོ་ཏནྟ་པུ་རི་དང་ཉེ་བ་ན་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། ཞེས་པཱ་ལའི་རྒྱལ་རབས་དང་པོ་གོ་པཱ་ལའི་ (685-729) རིང་ལ་བཞེངས་པར་བཤད་པ་དེ་ནི་ཡོངས་གྲགས་ཀྱི་ན་ལེནྡྲ་མ་ཡིན་ཡང་མིང་འདྲ་ལ། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་དུ་བི་ཀ་མ་ལ་ཤཱི་ལའི་བདག་པོས་ནཱ་ལེནྡྲ་སྐྱོང་དགོས་པར་བཤད་པ་ཡང་འདི་ཡིན་ནམ་སྙམ་ཞིང་། དོན་སོ་སོ་ལ་མིང་གཅིག་འབྱུང་བ་ནི་བོད་ཀྱི་ན་ལེནྡྲ་བཞིན་ནོ། །ཞེས་ཀྱང་བྱུང་ངོ་།།

དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གསར་དུ་བཞེངས་པ་ནས་རྒྱའི་བཙུན་པ་ཐང་སན་ནཱ་ལེནྡྲར་སླེབས་པའི་བར་ལོ་ངོ་ ༡༠༠༠ ཙམ་སོང་ཟིན་པར་གསལ་ལ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གསར་བཞེངས་གནང་མཁན་སངས་རྒྱས་སྦས་པའི་ཡབ་ཡིན་ཚུལ་གསལ་བ་གཉིས་བར་དུས་ཀྱི་ཆ་ནས་ལོ་ངོ་ ༥༠༠ ལྷག་གི་བར་ཁྱད་ཡོད་པ་སྟེ། དཔེར་ན། ལོ་ཀཱ་དེཏྱ་སྟེ་འཇིག་རྟེན་ཉི་མའི་དུས་ཚོད་གསལ་པོ་མ་ཤེས་ཀྱང་། གོང་གསལ་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ཏུ་སངས་རྒྱས་སྦས་པའི་ཡབ་ཡིན་ཚུལ་གསུངས་ཤིང་། ལོ་རྒྱུས་དེབ་ཐེར་གཞན་དུ་སངས་རྒྱས་སྦས་པ་ཀུ་མཱ་རཱ་གུཔྟའི་ཚ་བོ་ཡིན་ཚུལ་གསལ་བ་བཅས་ལ་གཞིགས་ན། ཀུ་མཱ་རཱ་གུཔྟ་དང་འཇིག་རྟེན་ཉི་མ་རྣམ་གཉིས་སྐུ་མཆེད་ཡིན་དགོས་པས་དུས་མཉམ་དུ་བྱུང་བར་ཐེ་ཚོམ་མེད། དེར་བརྟེན་ཀུ་མཱ་རཱ་གུཔྟ་ནི་ལོ་རྒྱུས་ཕལ་མོ་ཆེར་ཕྱི་ལོ་ (415-455) དང་། བུདྡྷ་གུཔྟ་ཕྱི་ལོ་ (476-496) བར་བྱུང་བའི་ངོས་འཛིན་པས། རྒྱལ་པོ་འཇིག་རྟེན་ཉི་མ་ཡང་དེའི་ཡར་སྔོན་དུ་བྱོན་པ་ཞིག་མིན་སྟབས། ཁོང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གསར་བཞེངས་གནང་མཁན་ཡིན་དབང་དུ་བཏང་ཡང་།
དུས་རབས་ལྔ་པའི་ནང་གི་ཡིན་པས་དཔལ་ནཱ་ལེནྡྲ་གསར་བཞེངས་གནང་ནས་རྒྱའི་བཙུན་པ་ཐང་སན་ནཱ་ལེནྡྲར་བྱོན་པའི་བར་ལོ་ ༡༠༠༠ འགྲོ་ཚུལ་གཏན་ནས་མེད། དེས་ན་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་རྒྱ་ཡིག་མར་དང་ཐོག་ས་དཔྱད་བྱེད་མཁན་གྱིས་ལོ་ངོ་ ༡༠༠༠ སོང་རྗེས་དམིགས་བསལ་དར་རྒྱས་ཤུགས་ཆེ་འགྲོ་ཚུལ་གསུངས་པ་གསལ་བས། ཡིག་སྒྱུར་སྐབས་ཡིག་ནོར་ཤོར་མིན་ལའང་དཔྱད་དགོས་སོ།།

དེ་ལྟར་གུཔྟའི་རྒྱལ་རབས་ནི་ཕྱི་ལོ་ ༢༥༠-༥༥༠ བར་ལོ་སུམ་བརྒྱ་ཙམ་རིང་གནས་ཤིང་། རྒྱལ་པོ་ཟླ་བ་སྦས་པ་སྔ་ཕྱི་གཉིས་དང་། དེ་གཉིས་ཀྱི་བར་དུ་རྒྱ་མཚོ་སྦས་པ་ཞེས་པ་ཞིག་ཀྱང་བྱུང་བ་འདི་གསུམ་གྱི་སྐུ་དུས་སུ་ནང་ཆོས་ཆེས་ཆེར་དར་རྒྱས་བྱུང་ཞིང་། ལྷག་པར་རྒྱལ་པོ་ཟླ་བ་སྦས་པ་ཕྱི་མས་ནང་བསྟན་གྱི་སྦྱིན་བདག་ཀྱང་མཛད། འདི་དང་ཆོས་རྒྱལ་མྱ་ངན་མེད་གཉིས་ནི་ནང་བསྟན་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱལ་པོ་གཉིས་ཡིན་ནོ།།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༢

[2] ལེགས་སྦྱར་ནང་ཉི་མའི་སྐད་དོད་དུ་སཱུརཇ་དང་། དིནཀར། དིནེཤ་རབྷི་སོགས་མང་ཡང་གོང་གསལ་ཏི་རྒྱ་ཟེར་བ་དེ། བོད་ཡིག་ནང་བྲིས་ཚེ་ཏེཇ་ཞེས་འབྲི་དགོས་ཤིང་། དེའི་དོན་ཐད་ཀར་ཉི་མའི་སྐད་དོད་དུ་འགྲོ་མིན་མ་ཤེས་ཀྱང་། དྲོད་ཀྱི་དོན་དུ་འགྲོ་བས་འདིར་ཉི་མའི་མིང་དུ་བཀོལ་བ་ཡིན་ངེས་སྙམ། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་དེབ་དང་པོའི་ཤོག་ངོས་ ༣༣༡ པར་སྟོབས་ཀྱི་ཉི་མ་ཞེས་པའི་སྐད་དོད་དུ་བཱལཱདིཧྱ་ཞེས་བྲིས་པ་དེའང་གོང་གི་ཏེཇ་དང་གཅིག་པར་སེམས་སོ།།

[3] རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༡༧

[4] བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༣༣

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༠༩ ནས་ ༢༡༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *