སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར།

སློབ་དཔོན་ཡོན་ཏན་འོད་ཀྱི་རྣམ་ཐར།[1]

 

དེ་ཡང་སྔོན་བྱོན་བོད་ཀྱི་མཁས་པ་འགས་སློབ་དཔོན་ཡོན་ཏན་འོད་འདི་ཉིད་འཕགས་པ་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དུ་འདོད་པ་དང་། མཁས་པ་ལ་ལས་ཆོས་ཀྱི་སྐུ་མཆེད་དུ་འདོད་པ་སོགས་འདོད་ཚུལ་མི་འདྲ་བ་མང་དུ་སྣང་མོད་ཀྱང་། འཕགས་པའི་ཡུལ་གྱི་མཁས་པ་སྤྱི་ལ་གྲགས་པ་ནི།

འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་སྐུ་མཆེད་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་གྲགས་ཅན་བཞི་ལས་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ཁོང་ནི། རི་ཁ་བ་ཅན་གྱི་རྒྱུད། དར་གྱི་ཡོལ་བ་ལྟ་བུ་ཤར་ནས་ནུབ་ཏུ་བརྒྱངས་པ་རྒྱ་བོད་ས་མཚམས་ཀྱི་ལྷོ། རི་བོ་འབིགས་བྱེད་ཀྱིས་བཅད་པའི་བྱང་། ཨ་སམ་དང་བྷངྒལ་ནས་བཟུང་མ་གྷ་དྷ་དང་རྡོ་འཇོག་སོགས་ནས་སིནུ་ལ་ཐུག་གི་བར་ཐང་ཆེན་གཅིག་གི་བརྒྱུད་དུ་ཆགས་པའི་ཀོ་ཤམྦྷི་ནས་ནུབ་བྱང་ཕྱོགས་ཀྱི་ཡམུ་ནའི་ཆུ་འགྲམ་གྱི་ལྷོ་ངོས་ཀྱི་ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་གྱུར་པ་ཡབ་ཟླ་བས་བྱིན་དང་། ཡུམ་ལེགས་བྱིན་མ་གཉིས་ཀྱི་སྲས་སུ་མཚན་དཔེའི་མེ་ཏོག་མངོན་པར་བཞད། སྐུ་ན་ཕྲ་མོའི་དུས་ནས་ཡུལ་དེར་གྲགས་པ་ཤིན་ཏུ་ཆེ་བའི་ཕྱི་རོལ་པའི་རིག་བྱེད་དང་གྲུབ་མཐའ་འདྲ་མིན་ལ་ལེགས་པར་སྦྱངས་ཏེ་མཁས་པའི་རྩེ་མོར་སོན་པར་མཛད། འོན་ཀྱང་ཡབ་ཀྱིས་ཡང་ནས་ཡང་དུ་རང་གི་རིགས་ཀྱི་ཆོས་སྒྲུབ་པར་སྐུལ་ཡང་ཚེ་རབས་སྔོན་མའི་བག་ཆགས་ཟབ་མོས་ཐུགས་རྒྱུད་ཡོངས་སུ་བསྐུལ་ཏེ་ཡབ་དམ་པའི་དགོངས་ཚུལ་ལ་ཞལ་བཞེས་མ་གནང་བར། ཡུལ་དེ་ཉིད་ཀྱི་ནང་པའི་གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་བཞེས་གནང་མཛད།

དེ་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་ཕེབས་ནས་ནང་པའི་ཐེག་པ་ཆེ་ཆུང་གི་སྡེ་སྣོད་སྤྱི་དང་། ལྷག་དོན་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་གྲུབ་མཐའ་ཐམས་ཅད་ལ་རིམ་གྱིས་མཁས་པར་སྦྱངས། སློབ་མའི་མཆོག་ཏུ་གྱུར་པ་དགེ་སློང་སྟོང་ཕྲག་ལྔ་ཙམ་ཡོད་ཅིང་། དེའི་ནང་སྡེ་སྣོད་སྣ་རེ་གཉིས་ལ་མཁས་པ་ལྔ་བརྒྱ་ཙམ་ཡོད། རྟག་ཏུ་འདུལ་བ་འབུམ་སྡེ་ཐུགས་ཐོག་ནས་ཞལ་འདོན་དང་འབྲེལ་ཁོང་སྐུ་འཁྲུངས་སའི་ཡུལ་བཅོམ་བརླག་ཏུ་ཡོད་པའི་ནང་པའི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བར་དགེ་སློང་སྟོང་ཕྲག་ལྔ་རེ་དང་བཅས་བསྡམ་བྱའི་ཉེས་བྱས་ཆ་ཕྲ་མོ་ཚུན་ཆད་སོ་སོའི་ཕྱིར་བཅོས་ལ་འགྲུས་པར་བགྱིས་ནས་སྔོན་དགྲ་བཅོམ་པ་རྣམས་ཀྱིས་བསྟན་པ་སྐྱོང་བའི་རྣམ་ཐར་བདག་གིར་བཞེས།

གོང་གི་སློབ་མའི་ནང་དུ་མདོ་སྡེ་འཛིན་པ་དང་། མ་མོ་འཛིན་པའང་མང་དུ་ཡོད་ཅིང་། འདུལ་བ་འབུམ་སྡེ་ཐུགས་ཐོག་ཏུ་བཟུང་བའང་ལྔ་བརྒྱ་ཙམ་མཆིས། སློབ་དཔོན་འདི་ཉིད་ཀྱིས་རང་གི་རྒྱུན་གྱི་ཕྱག་བཞེས་ནང་འདུལ་བའི་ཕྱག་ལེན་ཕྲ་ཞིབ་རྣམས་རང་གི་དཔྲལ་བའི་མིག་བཞིན་གཅེས་པར་བསྐྱངས་པས། ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་འཚར་བྱུང་བའི་རྒྱལ་པོ་ཤྲི་ཧརྴ་ཞེས་པ་སྟོབས་ཀྱིས་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་དབང་དུ་སྒྱུར་བ་པོ་དེ་ཡང་ཁོང་གི་སློབ་མའི་མཆོག་ཏུ་བཀུག །མ་ཟད་རྒྱལ་པོ་དེའི་བློན་པོ་མཏངྒ་རཱ་ཛ་ཞེས་པ་ལན་གཅིག་རྒྱལ་པོས་ཆད་པས་མིག་ཕྱུང་བ་དེ་ཡང་སློབ་དཔོན་ཁོང་གི་སྨོན་ལམ་གྱི་སྟོབས་ཀྱིས་སྔར་སོན་ཆུད་པར་མཛད། ཡུལ་དེའི་མངའ་ཐང་དང་ལོངས་སྤྱོད་འཛོམས་པའི་རྒྱལ་པོ་ཤྲི་ཧརྴའི་དབུ་བླར་གྱུར་པས་ཡོ་བྱད་དཔག་ཏུ་མེད་པ་བྱུང་ན་ཡང་། དེ་དག་ཀུན་དགེ་བའི་ས་བོན་སྐྲུན་བྱེད་འབའ་ཞིག་ཏུ་བསྒྱུར་བས་ནང་བསྟན་རྗེས་འཇུག་པ་ཚོའི་གཙུག་གི་ནོར་བུ་ལྟ་བུར་གྱུར།

མདོར་བསྡུས་ནས་བཤད་ན། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་སློབ་དཔོན་ཡོན་ཏན་འོད་ནི། བདག་དང་གཞན་གྱི་གྲུབ་པའི་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་ཀྱི་དབང་པོ་རྒྱས་པ། དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོ་སྒྲུབ་པར་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་འདུལ་བ་འཛིན་པའི་སློབ་དཔོན་ཞིག་ཡིན་པར་མ་ཟད། རྒྱ་གར་གྱི་ནང་བསྟན་མཁས་པའི་ཁྲོད་དུ་རླུང་ལྟར་གྲགས་པའི་སློབ་དཔོན་དཔའ་བོ་དང་། དགྲ་གཅན་འཛིན་སོགས་ཆེན་པོ་བཞི་གྲགས་པའི་ནང་ཚན་དང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་རང་ལས་མཁས་པ་བཞིའི་ནང་ཚན་ཞིག་ཀྱང་ཡིན། ཁོང་དགུང་ལོ་བཞི་བརྒྱར་བཞུགས་ཟེར་བ་བདེན་མིན་ཇི་ལྟར་ཡང་སྐུ་ཚེ་རིང་པོར་བཞུགས་པ་ཞིག་ཡིན་པ་ཡོངས་གྲགས་ཡིན། མཐར་རང་ཉིད་ཀྱི་འཁྲུངས་ཡུལ་དུ་གདུལ་བྱ་རྟགས་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་འཐུམ་པའི་ཚུལ་བསྟན་པར་མཛད།

སློབ་དཔོན་འདིས་མཛད་པའི་བཀའ་ཡི་དགོངས་པ་འགྲེལ་པའི་བསྟན་བཅོས་མང་དུ་བཞུགས་ཀྱང་། རང་རེའི་བོད་དུ་འགྱུར་བ་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་དང་། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ། འདུལ་བ་མདོ་རྩ། དེའི་རང་འགྲེལ། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་པ་བཅས་ཡིན། དེ་ཡང་བྱང་སའི་སྦྱིན་པའི་རིམ་པར་ཕྱེ་བ་དགུ་པ་ཡན་གྱི་འགྲེལ་པ་དང་། བྱང་སའི་ཚུལ་ཁྲིམས་ལེའུའི་འགྲེལ་པ་གཉིས་ནག་ཚོ་ལོ་ཙཱ་བ་དང་། ཞང་ཡེ་ཤེས་སྡེ་སོ་སོས་བསྒྱུར་བ་བསྟན་འགྱུར་མདོ་ཕྱོགས་པོད་ ༼ཡི༽ པར་དང་། འདུལ་བ་མདོ་རྩ་དང་། དེའི་རང་འགྲེལ། འདུལ་བའི་ལག་ལེན་ལས་བརྒྱ་རྩ་གཅིག་པ་བཅས་དུས་རབས་བརྒྱད་པའི་མཇུག་ཏུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཅོག་རོ་ལོ་ཙཱ་བ་དང་། ར་རོང་ཚུལ་ཁྲིམས་འབྱུང་གནས་གཉིས་ཀྱིས་བསྒྱུར་བ། བསྟན་འགྱུར་མདོ་ཕྱོགས་པོད་ ༼ཟུ༽ དང་ ༼འུ༽ ༼ཡུ༽ གསུམ་ལ་ཡོད་པ་བཅས་མཛད་རྣམ་མདོར་བསྡུས་ཀྱི་ཚུལ་དུ་བཀོད། སློབ་དཔོན་འདིའི་མཛད་རྣམ་རྒྱས་པར་ཤེས་འདོད་ན་བུ་སྟོན་རིན་པོ་ཆེས་མཛད་པའི་བུ་སྟོན་ཆོས་འབྱུང་དང་། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྒྱ་གར་ཆོས་འབྱུང་སོགས་སུ་གཟིགས་དགོས།

[1] ལེགས་བཤད་འོད་དཀར་ཕྲེང་བ། ༼༡༤༽ ཨ་ཁུ་འཇམ་དབྱངས། འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་།  ༢༠༡༠ ལོ། ཤོག་ xxi

Leave a Reply

Your email address will not be published. Required fields are marked *