༥༽ ཁ་ཆེའི་མཁས་པ་མཧཱ་རཱ་ཛའི་རྣམ་ཐར།

༥༽ ཁ་ཆེའི་མཁས་པ་མཧཱ་རཱ་ཛའི་རྣམ་ཐར།

 

དེ་ཡང་དཔལ་རྟ་མགྲིན་དྲེགས་པ་ཀུན་འདུལ་གྱི་གསོལ་འདེབས་བྱིན་རླབས་གྲུབ་གཏེར་ལས[1]། ཨོ་རྒྱན་གྲུབ་པའི་རྒྱལ་པོ་གཟི་བརྗིད་ཞབས། །མ་ཧཱ་རཱ་ཛ་ཆེ་དང་པྲ་ཧ་སྟིར། །གསོལ་བ་འདེབས་སོ་བདུད་བཞིའི་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་དབང་དང་དངོས་གྲུབ་སྩོལ། །ཅེས་གསལ་བ་ལྟར་ཁ་ཆེའི་མཁས་པ་མཧཱ་རཱ་ཛ་ནི། སློབ་དཔོན་རིན་པོ་ཆེས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[2]།

ཁ་ཆེའི་མཁས་པ་མ་ཧཱ་རཱ་ཛ་ཡིས༔ རྒྱ་གར་ཡུལ་གྱི་ཤྲཱི་ནཱ་ལེནྡྲར༔

པཎ་ཆེན་མཁས་པ་བི་མཱ་མི་ཏྲ་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔

ཞེས་གསུངས་པ་ལྟར། ཁ་ཆེའི་མཁས་པ་མཧཱ་རཱ་ཛ་ཡང་དཔལ་ནཱ་ལེནྡྲའི་མཁས་པ་ཡིན་པར་མ་ཟད། ཕྱི་ལོའི་དུས་རབས་བརྒྱད་པར་བྱོན་པའི་ནཱ་ལེནྡྲའི་པཎྜི་ཏ་བི་མ་ལ་མི་ཏྲ་སྟེ་དྲི་མེད་བཤེས་གཉེན་གྱི་བླ་མ་ཡང་ཡིན་པར་གསལ་ལོ།།

རྟེན་དང་ཆ་ལུགས་གསང་མཚན་གང་ཞིག་ཡིན་པ་ནི། སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་ལས[3]།

སློབ་དཔོན་མ་ཧཱ་ར་ཛ་ནི། །དགེ་སློང་ཆ་ལུགས་རྡོ་རྗེ་འཛིན། །

གསང་མཚན་རྡོ་རྗེ་སྒེག་པ་རྩལ། །འོག་མིན་གནས་བཞུགས་བྱིན་རླབས་ཅན། །

ཞེས་དགེ་སློང་གི་རྟེན་ཅན་དང་། ལྷག་པར་སློབ་དཔོན་མ་ཧཱ་རཱ་ཛ་པཎྜི་ཏའི་ཆ་ལུགས་[4]དང་། གསང་མཚན་རྡོ་རྗེ་སྒེག་པ་རྩལ་ཡིན་པར་གསུངས། རྣམ་ཐར་ཞིབ་པ་མ་རྙེད། འོན་ཀྱང་ཨུ་རྒྱན་མཁན་པོ་མ་ཧཱ་རཱ་ཛ་དང་། ལྷའི་མཁན་པོ་མ་ཧཱ་རཱ་ཛ། ཁ་ཆེའི་མཁས་པ་མ་ཧཱ་རཱ་ཛ་བཅས་སློབ་དཔོན་གྱི་མཚན་སྒྲ་མཚུངས་ཀྱང་འཁྲུངས་ཡུལ་ཐ་དད་པས་འདི་དག་གཅིག་ཏུ་འཁྲུལ་བར་མི་བྱའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། རིན་ཆེན་གཏེར་མཛོད་ཆེན་མོ། ༼༢༥༽ ༢༠༠༧ ལོ། ཤོག་གྲངས་ ༡

[2] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༥

[3] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། པོད། ༼༣༠༽ དཔེ་རིང་། ཤོག་གྲངས་ ༤༧

[4] སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། པོད། ༼༢༥༽ དཔེ་རིང་། ཤོག་གྲངས་ ༣༨༢

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༣ ནས་ ༣༧༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *