གསང་འདུས་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང་བརྒྱུད་པའི་རིམ་པ།

༄༅། །གསང་འདུས་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང་བརྒྱུད་པའི་རིམ་པ་བཞུགས་སོ།།

 

ཆོས་རྒྱལ་འཕགས་པའི་གསུང་འབུམ། ༼ཁ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༦༠༩ ནས་ ༦༡༨ བར་བཞུགས་པ་ལས་བཏུས་པའོ།།

 

༄༅། །ཨོཾ་སྭསྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྔོན་བྱུང་བ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ། ཨོ་ཌི་བི་ཤ་ཞེས་བྱ་བར་རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་བྱུང་སྟེ། དེ་སངས་རྒྱས་ལ་དད་པས་ཉན་ཐོས་དང་ཐེག་པ་ཆེན་པོའི་ཆོས་མང་དུ་མཉན་ཡང་།

འདི་ལས་ཀྱང་ཆེས་ཟབ་པའི་ཆོས་གཞན་ཡོད་གྲང་སྙམ་དུ་སེམས་ཤིང་འཁོད་པའི་ཚེ། མཚན་གཅིག་གི་རྨི་ལམ་དུ་བུད་མེད་གཅིག་ན་རེ། འདི་ནས་ནུབ་བྱང་གི་མཚམས་ན་ཨོ་ཌི་ཡ་ན་ཞེས་བྱ་བ་ཡོད་ཀྱིས་དེར་སོངས་ཤིག་དང་། སྐྱེ་བ་འདིར་རྡོ་རྗེ་འཛིན་པར་འགྱུར་རོ། །ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ།།

དེ་ནས་གཉིད་སད་མ་ཐག་ཏུ། ཨོ་ཌི་ཡན་གྱི་ཕྱོགས་སུ་ཕྱིན་པ་དང་། དེར་སླེབས་ནས་སྔར་རྨི་ལམ་དུ་བྱུང་བ་དང་འདྲ་བའི་བུད་མེད་ཅིག་དང་ཕྲད་པས། འདི་ནི་སྤྲུལ་པའོ་སྙམ་ནས་ཞབས་ལ་ཕྱག་འཚལ་བསྙེན་བཀུར་བྱས་ནས། བདག་རྗེས་སུ་གཟུང་བར་ཞུ་ཞེས་ཞུས་ནས་གསོལ་བ་བཏབ་པས། དེས་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ནས། གསང་བ་འདུས་པ་བཤད་པའི་རྒྱུད་དང་བཅས་པ་མ་ལུས་པ་གནང་ངོ་། །རྒྱལ་པོ་དེས་ཀྱང་འབད་པ་བྱས་པས་དངོས་གྲུབ་བརྙེས་ཏེ། དེས་འཛམ་བུའི་གླིང་དུ་ས་ར་ཧ་ལ་སོགས་པ་ལ་སྤེལ་ནས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་རྣམས་ཀྱང་དེའི་རྗེས་སུ་བྱུང་ངོ་། །ཞེས་གྲག་གོ།

ཕྱིས་བྱུང་བ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཞེས་བྱ་བ་འདི་ནི། རྒྱ་གར་ཤར་ལྷོའི་ཡུལ་སིནྡྷུ་ར་ཞེས་བྱ་བར། རྒྱལ་པོ་གྷ་པ་རུ་པྲ་བྷ་ཝ་ཞེས་བྱ་བའི་སྲས་སུ་འཁྲུངས་སོ། །དེའང་བྱིས་པ་ཉིད་ནས་གཟུགས་དང་། ཤེས་རབ་དང་ཀུན་ཏུ་སྤྱོད་པ་རྣམ་པར་དག་པར་གྱུར་ནས་སྒྲ་དང་སྡེབ་སྦྱོར་དང་། ལུགས་ཀྱི་བསྟན་བཅོས་ལ་སོགས་པ་ལ་རབ་ཏུ་མཁས་པར་སྦྱངས་སོ། །ཆེར་སྐྱེས་པ་དང་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་དོར་ནས། ན་ལེནྡྲའི་ཕྱོགས་གཅིག་ཏུ་གྲོང་ཁྱེར་རྡོ་འཇོག་ཅེས་བྱ་བར། རྒྱལ་པོ་ཤྲཱི་དྷརྨ་པཱ་ལ་ཞེས་བྱ་བས་བརྩིགས་པ་ཏྲི་ཀ་དྷྲུུ་ཞེས་བྱ་བའི་གཙུག་ལག་ཁང་དུ་མང་པོས་བཀུར་བའི་སྡེ་པར་གཏོགས་པ། ཚུལ་ཁྲིམས་དང་ཡོན་ཏན་དུ་མས་མཛེས་པ། མཁན་པོ་རྣམ་པར་སྣང་མཛད་བཟང་པོ་ཞེས་བྱ་བའི་སློབ་མའི་མཆོག །ཐུགས་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གོམས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་གཞོལ་བ། གཞུང་ལུགས་དུ་མའི་ཕ་རོལ་ཏུ་སོན་ཅིང་བདེ་བར་གཤེགས་པའི་གསུང་རབ་དུ་མའི་མཛོད་འཛིན་ལ། བྱེ་བྲག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་གསལ་བར་འཆད་པ། སློབ་དཔོན་བདག་ཉིད་ཆེན་པོ་སེང་གེ་བཟང་པོ་ཞེས་བྱ་བ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་མང་དུ་གསན་ཅིང་མཁྱེན་པར་མཛད་ནས། བྲམ་ཟེའི་རིགས་ཀྱི་དགེ་སློང་མ་ཡོན་ཏན་བཤེས་གཉེན་གྱི་དོན་དུ་སྡུད་པའི་འགྲེལ་པ་ཡང་མཛད་ལ། གཞན་ཡང་འཆད་པ་དང་རྩོམ་པའི་བྱ་བ་མང་དུ་མཛད་དོ།།

དེ་ནས་ཡུལ་དབུས་ནས་ནུབ་བྱང་དུ་དཔག་ཚད་སུམ་བརྒྱ་བགྲོད་པ་ན། ཨོ་ཌི་ཡ་ན་ཞེས་བྱ་བ་མཁའ་འགྲོའི་ཚོགས་ཀྱི་བྱིན་གྱིས་བརླབས་པ་དེར་བྱོན་ནས། ནོར་བུ་གླིང་དུ་སྐུ་འཁྲུངས་པའི་སློབ་དཔོན་ཕྱག་རྒྱ་ཆེན་པོ་གྲུབ་པ་དཔལ་སྣ་ཚོགས་གཟུགས་ཅན་ཞེས་ཀྱང་གྲགས་ལ། གསང་མཚན་སྒེག་པའི་རྡོ་རྗེ་ཞེས་བྱ་བའི་དྲུང་དུ་བཞུགས་ནས། གསང་སྔགས་ཀྱི་དཀྱིལ་འཁོར་དུ་མར་དབང་བསྐུར་བ་ཡང་ནོས་ལ། རྒྱུད་སྡེ་མང་པོ་ཡང་གསན་ནོ། །དེ་ནས་ཡང་དེ་ཉིད་ཀྱི་ཕྱོགས་ཤིག་ན། བསམ་གྱིས་མི་ཁྱབ་པའི་མན་ངག་ཐོབ་པ་རྣལ་འབྱོར་པ་གུ་རུ་ཞེས་བྱ་བ་ལས། རྣལ་འབྱོར་བླ་ན་མེད་པའི་དབང་བསྐུར་དང་། རྒྱུད་དང་མན་ངག་དུ་མ་གསན་ཅིང་མཁྱེན་པར་མཛད་དོ། །

དེ་ནས་ཡང་མཚན་ཅིག་གི་མནལ་ལམ་དུ་ཨོ་ཌི་ཡན་གྱི་བྱང་ཕྱོགས་ན་རིགས་ངན་གྱི་བུ་མོ་ཛཱ་ཏི་ཛ་བ་ཞེས་བྱ་བའི་རིགས་སུ་སྐྱེས་པ་རྣལ་འབྱོར་མ་ལཀྵྨཱི་སེ་ན་ཞེས་བྱ་བ་ཡོད་ཀྱི། དེའི་དྲུང་དུ་སོངས་ཤིག་དང་། ཁྱོད་ཀྱི་དོན་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན་པ་ཐོས་ནས་སད་པའི་ཚེ་དེར་བྱོན་ནས། དེ་མཉེས་པར་བྱས་ཏེ། གདམས་པ་དང་རྗེས་སུ་བསྟན་པ་མང་དུ་གསན་ནོ། །དེ་ནས་ཡང་རྒྱ་གར་ནུབ་ཕྱོགས་ཛཱ་ལནྡྷ་རའི་གྲོང་ཁྱེར་དཀོན་མཆོག་འཛིན་ཅེས་བྱ་བ་ན། ཛམྦྷ་ལ་གྲུབ་པ་ཆུ་བོའི་རྒྱུན་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་སློབ་དཔོན་བྱིས་པའི་ཞབས་ཞེས་བྱ་བའི་དྲུང་དུ་བྱོན་ནས་མཉེས་པར་བྱས་ཏེ། ཤེས་རབ་ཀྱི་རྒྱུད་གཙོ་བོར་གྱུར་པའི་རྒྱུད་དང་། གཞུང་མང་དུ་གསན་ཅིང་། མཁྱེན་པར་མཛད་ནས་ནན་ཏན་དུ་མཛད་དོ།།

དེ་ནས་ཡང་རྒྱ་གར་ལྷོ་ཕྱོགས་ཀོང་ཀ་ན་ཞེས་བྱ་བར་ཐབས་ཀྱི་རྒྱུད་ལ་རབ་ཏུ་མཁས་པ། ཏིང་ངེ་འཛིན་མཆོག་དང་ལྡན་པ་སློབ་དཔོན་ཆེན་པོ་བ་ལི་པ་ཏ་ཞེས་བྱ་བ་བཞུགས་པ་ལ། སློབ་མ་བྲམ་ཟེ་ས་ར་ཧ་དང་། རྗེའུ་རིགས་མཛྙཱུ་ཤྲཱི་ལ་སོགས་པ་རྫུ་འཕྲུལ་དང་ལྡན་པའི་འཁོར་ཡང་དུ་མ་ཡོད་ལ། དེ་རྣམས་ཀྱི་འཚོ་བའི་ཡོ་བྱད་ལྷ་མོ་ནོར་རྒྱུན་མས་གསེར་མན་ཆ་བཅུ་དང་། མུ་ཏིག་ཆུན་པོ་རེ་དང་། ཀརྴ་པ་ནི་སུམ་བརྒྱ་སྦྱར་རོ། །བླ་མ་དེའི་དྲུང་དུ་བྱོན་ནས། དཔལ་གསང་བ་འདུས་པ་ལྷ་སུམ་ཅུ་རྩ་གཉིས་ཀྱི་དབང་ཡང་མནོས་ལ། རྩ་བའི་རྒྱུད་ཚར་བཅོ་བརྒྱད་གསན། བཤད་རྒྱུད་དང་སྒྲུབ་ཐབས་མན་ངག་དང་བཅས་པ་དུ་མ་གསན་ནོ། །

དེ་ལྟ་ནའང་གསང་བ་འདུས་པའི་རྩ་རྒྱུད་ལ་དཀའ་བའི་གནས་བཅོ་བརྒྱད་བྱུང་ནས། བླ་མ་ལས་ཞུས་ཀྱང་ཐེ་ཚོམ་མ་ཆོད་པས། དཔལ་རྡོ་རྗེ་གདན་དུ་བྱོན་ནས། བྱང་ཆུབ་ཆེན་པོ་ལ་གསོལ་བ་བཏབ་པས། ནམ་མཁའ་ལས་སྒྲ་ཞིག་བྱུང་ནས། རིགས་ཀྱི་བུ་ཁྱོད་འཇམ་པའི་རྡོ་རྗེ་ཚོལ་ཅིག་དང་དེས་བྱིན་གྱིས་བརླབས་ཏེ། ཐེ་ཚོམ་མ་ལུས་པ་བྲལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་ཐོས་ནས། སློབ་དཔོན་བ་ལི་པ་ཏ་ལ་ཞུས་ནས། འཇམ་པའི་རྡོ་རྗེ་རྒྱའི་ཡུལ་རི་བོ་རྩེ་ལྔ་ལ་བཞུགས་པས་དེར་མཆི་བར་ཞུས་པས་གནང་ནས། རྡོ་རྗེ་གདན་ལས་ལམ་ཕྱུང་སྟེ། བྱང་ཕྱོགས་སུ་བྱོན་པ་དང་། ཀུ་པའི་ཚལ་ཞེས་བྱ་བའི་ནགས་མཐོང་བ་ཞིག་ན། ཁང་བུ་ཞིག་གི་དྲུང་ན་བུད་མེད་ཅིག་དང་། ཁྱི་མོ་ཞིག་གནས་པ་དང་། དེ་དང་ཉེ་བ་ན་བཙུན་པ་ཞིག་ཆོས་གོས་ཀྱིས་ཐོད་བྱས་ནས་ཞིང་རྨོད་ཅིང་འདུག་པ་གཟིགས་པས། ཀྱེ་མ་རབ་ཏུ་བྱུང་བ་བུད་མེད་དང་བཅས་ཤིང་ཞིང་རྨོད་པ་འདི་འདྲ་བྱུང་བས་སངས་རྒྱས་ཀྱི་བསྟན་པ་ཉམས་སོ་སྙམ་དུ་དགོངས་ནས་ཐུགས་སྐྱོ་བར་གྱུར་ཏོ། །

དེ་ལྟ་ནའང་ཉི་མའི་གུང་དུས་ལ་བབས་པས། དེར་བྱོན་ནས་བསོད་སྙོམས་མཛད་པར་དགོངས་པ་དང་། བཙུན་པ་དེ་ན་རེ། སློབ་དཔོན་ལ་ཆོས་སྟོན་ཟོ་ལ་སོང་ཟེར་བ་དང་། སློབ་དཔོན་གྱིས་བཞུགས་པ་དང་། བཙུན་པ་དེས་བུད་མེད་ལ་རབ་ཏུ་བྱུང་བ་འདི་ལ་དྲོ་དྲངས་ཤིག་ཅེས་བསྒོ་བས། བུད་མེད་དེས་ཉ་རྒྱ་ཁྱེར་ནས་ཆུ་ཕྲན་གཅིག་ལ་ཉ་བཤོར་ཏེ་དེ་བཙོས་ནས། ཁྱི་མོའི་མདུན་དུ་ཤིང་ལོ་བཞག་ནས་ཆོས་སྟོན་དྲོངས་ཤིག་ཅེས་བསྒོ་བས། ཁྱི་མོ་སྐྱུགས་པ་དང་། དེ་སྔར་གྱི་ཉ་དང་བཅས་ཏེ་དྲངས་པས་སློབ་དཔོན་གྱི་ཆེད་དུ་དམིགས་པའི་ཤ་དང་། མི་གཙང་བར་དགོངས་ནས་མ་གསོལ་ལོ། །ལོ་རྒྱུས་གཞན་ལས་ནི། བུད་མེད་དེས་བྱེའུ་མང་པོ་བསད་ནས་ཤ་ཚོད་བྱས་ཏེ། དྲངས་པས་མ་གསོལ་བ་དང་། བུད་མེད་དེས་སེ་གོལ་གཅིག་གཏོགས་པས་ཚོད་མ་ལས་བྱེའུ་རྣམས་འཕུར་ཏེ་སོང་བས། སློབ་དཔོན་ཡང་ཐེ་ཚོམ་དུ་གྱུར་ཏོ། །ཞེས་གྲག་གོ །

དེ་ནས་བཙུན་པ་དེ་ན་རེ། ཀྱེ་མ་འཛམ་བུ་གླིང་པ་ཟེར་ནས། ཕལ་པའི་ཟས་བྱིན་ཞེས་བསྒོ་བས་འབྲས་ཆན་ཞོ་དང་བཅས་པ་དྲངས་པ་དང་། སློབ་དཔོན་གྱིས་གསོལ་ནས། ཡང་གཤེགས་པར་དགོངས་པ་དང་། བཙུན་པ་དེ་ན་རེ་ད་འདི་ནས་ཕར་སོང་ཡང་དོ་ནུབ་སྡོད་ས་མི་རྙེད་ཀྱིས། སང་སོང་ཤིག་ཟེར་བ་དང་བཞུགས་སོ། །བཙུན་པ་དེ་ནི་གཞན་དུ་སོང་ངོ་། །དེར་སློབ་དཔོན་གྱིས་གསང་བ་འདུས་པ་ཞལ་ཏོན་དུ་བཏོན་པ་དང་། གང་དུ་སློབ་དཔོན་གྱིས་མི་ཤེས་པའི་སར་སླེབས་པ་དང་། བུད་མེད་དེ་མི་མགུ་བའམ། མ་རངས་པའི་རྣམ་འགྱུར་རེ་བྱས་པ་དང་། སློབ་དཔོན་གྱིས་འདི་གཞན་གྱི་སེམས་ཤེས་པའི་མངོན་ཤེས་དང་ལྡན་པར་ངེས་སྙམ་ནས། འདིས་ཐེ་ཚོམ་ཆོད་པར་འགྱུར་སྙམ་དུ་དགོངས་ཏེ། ཕྱག་འཚལ་ནས་གསོལ་བ་བཏབ་པ་དང་། བུད་མེད་དེ་ན་རེ་ངས་མི་ཤེས། ད་ཅིའི་བཙུན་པ་དེ་ངའི་སྐྱེས་པ་ཡིན་པས་ཁོང་ཤིན་ཏུ་མཁས་པ་ཡིན་པས་དེ་ལ་ཞུས་ཤིག་ཟེར་རོ། །དེ་གར་སོང་དྲིས་པས་ཆང་ཉོར་སོང་ཟེར་རོ། །ནམ་འོང་དྲིས་པས། ཕྱེམ་རེད་འོང་ཟེར་བ་དང་བསྒུགས་པས་ཕྱེམ་རེད་ཆང་གིས་བཟི་ནས་འཁྱོར་བཞིན་པ་འོང་བ་གཟིགས་པས། མ་དད་ཀྱང་ང་རྒྱལ་བཅག་སྟེ་ཕྱག་བཙལ་ནས་བདག་ལ་གསང་བ་འདུས་པ་བཤད་པར་ཞུ་ཞེས་གསོལ་བ་བཏབ་པས། དབང་བསྐུར་ལོངས་ཤིག་ཅེས་བསྒོའོ། །བདག་གིས་དབང་བསྐུར་ཐོབ་ཅེས་བརྗོད་པས། ང་ཉིད་ཀྱི་དབང་བསྐུར་ཐོབ་དགོས་ཞེས་གསུངས་པས། སློབ་དཔོན་གྱིས་ཡོ་བྱད་བཙལ་ནས་དབང་བསྐུར་ཞུས་སོ།།

ལོ་རྒྱུས་གཞན་ལས་ནི་ཀརྴ་པ་ན་ཡོད་པ་བུད་མེད་ལ་གཏད་པས། བུད་མེད་ཀྱིས་རྣམ་པར་སྤྲུལ་ཏེ་ཡོ་བྱད་སྦྱར་ཞེས་གྲག་གོ །དེར་སྟོན་ར་བའི་ཚེས་བརྒྱད་ཀྱི་མཚན་མོ་སྤྱིལ་པོ་གཞལ་མེད་ཁང་དུ་སྤྲུལ། དེའི་དབུས་སུ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་བཞུགས་པ་མངོན་སུམ་དུ་བསྟན་ནས། བཙུན་པ་དེའང་དཀྱིལ་འཁོར་གྱི་དྲུང་དུ་སྔར་གྱི་རྣམ་པ་དེ་ཉིད་ཀྱིས་བཞུགས་ནས། སློབ་དཔོན་ལ་ཁྱོད་ང་ལས་དབང་ལེན་ནམ། དཀྱིལ་འཁོར་ལས་ལེན་ཞེས་དྲིས་པས། སློབ་དཔོན་གྱིས་དཀྱིལ་འཁོར་ཡང་བཙུན་པ་དེ་ཉིད་ཀྱི་སྤྲུལ་པ་ཡིན་པར་དགོངས་བཞིན་དུ། ལྷའི་རྣམ་པ་ལ་མོས་པར་གྱུར་ནས། དཀྱིལ་འཁོར་ལས་དབང་ལེན་པར་ཞུས་པས། འོ་ན་ལོངས་ཤིག་ཅེས་གསུངས་ནས། དཀྱིལ་འཁོར་ལས་དབང་ཡོངས་སུ་རྫོགས་པར་བླངས་སོ། །

ལོ་རྒྱུས་གཞན་ལས་ནི། དཀྱིལ་འཁོར་ལས་དབང་ལེན་ཞེས་ཞུས་པས། དཀྱིལ་འཁོར་མི་སྣང་བར་གྱུར་ནས་དེར་དཀྱིལ་འཁོར་བཙུན་པས་སྤྲུལ་པར་དགོངས་ནས་ཕྱག་བཙལ་ཏེ། ཁྱོད་ནི་སེམས་ཅན་ཀུན་གྱི་ཡབ་སྟེ་ཡུམ་ཡང་ཡིན་ཞེས་པ་ལ་སོགས་པས་བསྟོད་ནས་བཟོད་པར་གསོལ་ཞིང་། གསོལ་བ་བཏབ་པ་དང་། ཐོ་རངས་ཐུགས་ཀ་ནས་དཀྱིལ་འཁོར་སྤྲོས་ཏེ། འཛུམ་པ་མཛད་ནས་ལེགས་ཞེས་གསུངས་ནས་དབང་བསྐུར་བ་མཛད་དོ་ཞེས་གྲག་གོ །དེ་ནས་གསང་བ་འདུས་པའི་དོན་བསྡུས་པ་ཞལ་གྱི་ལུང་ལ་སོགས་པ་བརྩམས་ཤིང་། རྒྱུད་ཀྱི་དཀའ་བའི་གནས་ཐམས་ཅད་རྟོགས་པར་མཛད་དོ། །དེར་སློབ་དཔོན་ཐུགས་ཚིམ་ཞིང་མཉེས་ནས། ད་བདག་གིས་ཡོན་ཞིག་འབུལ་བར་འཚལ་བས། ཅི་བཞེད་ཅེས་ཞུས་པས། གང་ཡང་མི་འདོད་གསུང་ངོ་། །ཅིས་ཀྱང་བཞེད་པར་ཞུ་ཞེས་གསོལ་བས། འོ་ན་ནམ་མཐོང་བ་དང་ཕྱག་འཚལ་བའི་ཡོན་དེ་ཕུལ་ཅིག་གསུངས་ནས། སློབ་དཔོན་གྱིས་ཀྱང་དེ་ཉིད་དམ་བཅས་ནས་ཡོན་ཕུལ་ལོ། །དེ་ནས་བཙུན་པ་དེའི་ཞལ་ནས།

ཁྱོད་ཀྱང་ཟས་ཀྱི་སྤྱོད་པ་དང་། །ང་ལ་ཅུང་ཟད་འཁྲུལ་རྟོག་པས། །

གཟུགས་ཅན་ཕུང་པོ་རང་ཉིད་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་མི་འགྱུར། །

ཡིད་ནི་རྡོ་རྗེའི་སྐུ་གྱུར་ནས།། བར་དོ་ཉིད་དུ་གྲོལ་བར་འགྱུར། །

ཞེས་གསུངས་ནས། ད་ཁྱོད་ཀྱིས་སྒྲུབ་པ་བྱས་ཀྱང་། ཚེ་འདི་ལ་འཚང་རྒྱ་བར་མི་འགྱུར་གྱིས། བཤད་པས་གཞན་ལ་ཕན་པར་གྱིས་ཤིག་དང་། བར་དོར་གྲོལ་བར་འགྱུར་རོ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེར་སློབ་དཔོན་གྱིས་རྡོ་རྗེ་གདན་གྱི་བྱང་ཤར་རི་བོའི་ཕུག་ཅེས་བྱ་བ་ན་ཆོས་ཀྱི་མྱུ་གུ་ཞེས་བྱ་བར་བཞུགས་པ་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་པའི་དབྱངས་ལས་མངོན་སུམ་དུ་དབང་ཐོབ་ཅིང་། ཆོས་མ་ལུས་པ་གསན་ཞེས་པའི་སྒྲ་གྲགས་པས་འཇིག་རྟེན་ཁྱབ་ནས། རྒྱལ་པོ་དང་། པཎྜི་ཏ། སློབ་དཔོན་ལ་སོགས་པ་དཔག་ཏུ་མེད་པ་འདུས་སོ། །དེ་དག་ལའང་སྐལ་བ་དང་ལྡན་པ་རྣམས་ལ་དབང་བསྐུར་ནས། འཇམ་པའི་དབྱངས་ཀྱི་དགོངས་པ་དང་། མཐུན་པའི་རྒྱུད་ཉིད་དང་། ཞལ་གྱི་ལུང་ལ་སོགས་པ་གནང་ཞིང་། གནས་གཞན་དག་ཏུའང་གཤེགས་ཤིང་བཤད་པ་མཛད་དོ། །

དེ་ནས་སྔར་གྱི་སློབ་དཔོན་བ་ལི་ཏའང་བྱོན་ནས་ཆོས་གསན་པར་བཞེད་པ་དང་། སློབ་དཔོན་གྱིས་ཁྱེད་ངའི་སློབ་དཔོན་ཡིན་པས་ཆོས་འཆད་པ་མི་འཐད་གསུངས་ནས། འབེལ་གཏམ་གྱིས་ཐེ་ཚོམ་རྣམས་ཆོད་པར་མཛད་ནས། དེའི་དོན་དུ་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་མཛད་དོ། །སྤྱིར་སློབ་དཔོན་གྱིས་ལུང་དང་མཐུན་པའི་ཆོས་བཅུ་བཞི་མཛད་དེ། ཀུན་ཏུ་བཟང་པོའི་སྒྲུབ་ཐབས། ཀུན་ཏུ་བཟང་མོའི་སྒྲུབ་ཐབས་སྦྱིན་སྲེག་གི་ཆོ་ག །གཏོར་མ། ཚོགས་འཁོར། དཀྱིལ་འཁོར་གྱི་ཆོ་ག་ཉིས་བརྒྱ་ལྔ་བཅུ་པ། ཡེ་ཤེས་ཆེན་པོ། ཚིགས་སུ་བཅད་པའི་མཛོད། གྲོལ་བའི་ཐིག་ལེ། བདག་བསྒྲུབ་པ། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ། དཔལ་བཤེས་ཀྱི་རྣམ་བཤད་བཞི་པ་ལ་འཇུག་པ། ཆུ་སྦྱིན་གྱི་སྒྲུབ་ཐབས་རྣམས་སོ། །

དེ་ལྟར་སློབ་དཔོན་གྱིས་བཤད་པ་དང་། བསྟན་བཅོས་མང་དུ་མཛད་པས། སློབ་མ་དཔག་ཏུ་མེད་པ་བྱུང་ལ། དེ་རྣམས་ལས་མཆོག་ཏུ་གྱུར་པ་ནི་བཅོ་བརྒྱད་ཡོད་ཅིང་། མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་བཞི་ཡོད་དེ། མར་མེ་མཛད་བཟང་པོ། རབ་ཏུ་ཞི་བའི་བཤེས་གཉེན། སྒྲ་གཅན་འཛིན་བཟང་པོ། བདེ་བ་ཆེན་པོའི་རྡོ་རྗེའོ། །དེ་ལྟར་ཆོས་ཀྱི་སྣང་བས་སྐྱེ་རྒུའི་ཡིད་སྣང་བར་མཛད་ཅིང་བཞུགས་པ་ལ་རེ་ཞིག་གི་ཚེ། ཚོགས་པ་མང་པོ་ལ་ཆོས་འཆད་ཅིང་བཞུགས་པ་ན་སྔར་གྱི་བླ་མ་བཙུན་པ་ཆང་གིས་བཟི་ནས་མཆིལ་ལྷམ་ཕྲག་པ་ལ་བཀལ་ནས་འཁྱོར་བཞིན་པ་མདུན་ནས་གཤེགས་པ་གཟིགས་སོ། །དེ་ལ་ཕྱག་མཛད་ན་གཞན་མ་དད་ཀྱིས་དོགས་ནས། ཕྱག་མ་མཛད་པར་དེ་མདུན་ནས་ཡོལ་བ་དང་། ཕྱི་བཞིན་འབྲངས་ནས་བྱོན་པས། བླ་མ་དེ་མཆོད་རྟེན་ཞིག་གི་གྲིབ་མ་ལ་ཞབས་བརྐྱང་ནས་བཞུགས་པ་མཐོང་བ་དང་། ཞབས་ལ་ཕྱག་འཚལ་བས། བླ་མའི་ཞལ་ནས་ཁྱོད་ང་ལ་དབང་གི་ཡོན་དུ་ནམ་མཐོང་བ་ན་ཕྱག་འཚལ་བར་ཁས་བླངས་ནས། དེ་རིང་མི་འཚལ་བ་ཅི་ཡིན། ཞེས་གསུངས་པས་སློབ་དཔོན་གྱིས་མ་དགོངས་པར། བདག་གིས་མ་མཐོང་ཞེས་ཞུས་པས། བླ་མའི་ཞལ་ནས་སའི་སྙིང་པོ་གཙྪ་ཞེས་གསུངས་པ་དང་། སློབ་དཔོན་གྱི་སྤྱན་ས་ལ་ལྷུང་ངོ་། །དེར་བཟོད་པ་གསོལ་ཞིང་གསོལ་བ་བཏབ་པ་དང་། རྒྱང་གྲགས་གཅིག་གི་ཁོར་ཡུག་སྒྲིབ་པ་མེད་པར་སྣང་བའི་སྤྱན་གནང་ངོ་། །དེ་ཕྱིན་ཆད་ཡེ་ཤེས་ཀྱི་སྤྱན་ཞེས་གྲགས་སོ། །ལོ་རྒྱུས་གཞན་ལས་ནི། སློབ་དཔོན་གྱི་སློབ་མ་བྲམ་ཟེ་ཡེ་ཤེས་ཞབས་ཞེས་བྱ་བ་གཅིག་ལ་དེ་ལྟར་བྱུང་གི །སློབ་དཔོན་ཉིད་མ་ཡིན་ནོ་ཞེས་གྲག་གོ །

དེ་ནས་ཡང་དུས་གཅིག་གི་ཚེ། སློབ་དཔོན་རྡོ་རྗེ་གདན་དང་ཉེ་བ་ཞིག་ན་སྤྱིལ་པོ་ཞིག་མཛད་ནས། སྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ། གཞན་ཐམས་ཅད་རྡོ་རྗེ་གདན་དུ་དུས་བཟང་ལ་ཕྱག་འཚལ་བ་དང་། མཆོད་པ་བྱེད་པ་ལ། སློབ་དཔོན་གྱིས་མ་གཤེགས་པས་ཐམས་ཅད་ཀྱིས་སྨོད་པར་གྱུར་པའི་གཏམ་རྒྱལ་པོ་དྷརྨ་པཱ་ལ་ཞེས་བྱ་བས་ཐོས་པས། རྒྱལ་པོས་སློབ་དཔོན་ཡིན་པར་མ་དགོངས་པར་མི་རིགས་པར་བྱེད་པ་ནི། འདི་ཚར་གཅད་དགོས་ཟེར་ནས། རྒྱལ་པོས་སྤྱིལ་པོའི་ནང་དུ་ཕྱིན་ནས་བལྟས་པས། འཇམ་དཔལ་གྱི་སྐུ་གཅིག་ལས་གཞན་པ་མ་མཐོང་ན། ཕྱིར་བྱུང་ནས་ཉེ་གནས་པ་ལ་དྲིས་པས་བཞུགས་ཟེར་སྐད། ཡང་ནང་དུ་ཕྱིན་ནས་བལྟས་པས། སློབ་དཔོན་བཞུགས་པ་མཐོང་ནས། རྡོ་རྗེ་གདན་ལ་ཕྱག་མི་འཚལ་བ་ཅི་ཡིན་བྱས་པས། ངས་འདི་ཉིད་ནས་བྱེད་པ་ཡིན་གསུང་ངོ་། །ཇི་ལྟར་བྱེད་དྲིས་པས། སློབ་དཔོན་གྱིས་མདུན་དུ་རྡོ་རྗེ་གདན་ལ་ཤཱཀྱ་ཐུབ་པ་མངོན་སུམ་དུ་བཞུགས་པ་སྣང་བར་བྱས་ནས་ཕྱག་བྱས་པས། རྒྱལ་པོ་ངོ་མཚར་དུ་གྱུར་ནས། སློབ་དཔོན་ལ་བཟོད་པར་གསོལ་ཞིང་བླ་མཆོད་དུ་བཞུགས་པར་ཞུས་པས། མ་གནང་བར་གཞན་དུ་གཤེགས་སོ།།

རྒྱལ་པོ་སློབ་དཔོན་གྱི་སྤྱིལ་པོའི་ཤུལ་དུ་སྔར་ཇི་ལྟར་མཐོང་བའི་བཀོད་པ་བྱས་པའི་ལྷ་ཁང་ཡང་བྱས་སོ། །དེ་ལྟར་སྐུ་དེས་གཞན་དོན་དཔག་ཏུ་མེད་པ་མཛད་ནས་འདས་ཏེ། བར་དོར་མཆོག་གི་དངོས་གྲུབ་གྲུབ་པ་ཡིན་ནོ། །དེའི་སློབ་མ་ནི་མར་མེ་མཛད་བཟང་པོ་ཡིན་ལ། དེ་ནས་རིམ་པ་བཞིན་དཔལ་སྡེ་བི་མ་ལ་གུཔྟ། རཏྟ་བཛྲ། རཏྣ་ཀཱིརྟི། པནྡ་པ། གཉན་ལོ་ཙཱ་བ། གནམ་ཁའུ་བ་སྐུ་མཆེད། བླ་མ་ཆོས་རྗེ་ས་སྐྱ་པ་ཡབ་སྲས་རྣམས་ལ་རིམ་པ་བཞིན་དུ་བརྒྱུད་དོ། །

གང་ལ་འཇམ་དབྱངས་ཉིད་ཀྱིས་ (ལུ) ཕྱིས་བདག་གི་དབང་བསྐུར་བ་ནོས་པའི་བརྒྱུད་པ་ནི། བཅོམ་ལྡན་འདས་འཇམ་དཔལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཐ་ཁ་ན། བྷུ་ཤཱ་ན་པ། ངག་གི་དབང་ཕྱུག་གྲགས་པ། བྷི་མེ་ཤན་ཏི། བྷྲིང་ཀ་ར་ས་ཏཱ། ཤཱ་དྷ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། སྐྱང་པོ་ཆོས་ཀྱི་བློ་གྲོས། གཅུང་ཞང་ཁྲི། དམྱལ་པ་རྒྱོགས་སྟོན། མཁྱེན་རྩི་གཞོན་ནུ་རིན་ཆེན། རྩང་རོང་པ་ཤེས་རབ་གཞོན་ནུ། སློབ་དཔོན་དཀོན་མཆོག་མཁར། གཡག་སྟེངས་དབང་ཕྱུག་རིན་ཆེན། ཁམས་སྟོན་ཤཱཀྱ་རྡོ་རྗེ། བླ་མ་མངོན་པ་བ་དབང་ཕྱུག་བརྩོན་འགྲུས་སོ། །བླ་མ་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་རིན་པོ་ཆེ་པའོ། །བཅོམ་ལྡན་འདས་ཀྱི་)

རྗེས་བཟུང་བའི། །

ཡེ་ཤེས་ཞབས་ཀྱི་རྣམ་པར་ཐར་པ་དང་། །

བླ་མ་བརྒྱུད་པའི་རིམ་པ་གང་ཡིན་པ། །

མཐོང་དང་ཐོས་ཚུལ་འཕགས་པས་བྲིས་པ་ཡིན། །

ས་ཕོ་རྟའི་ལོ་སྟོན་ཟླ་ཐ་ཆུང་ལ་རྒྱལ་བུ་གོ་པེ་ལའི་ཕོ་བྲང་དུ་བྲིས་པའོ། །

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་འདི་ལ། བླ་མ་བརྒྱུད་པའི་རིམ་པའི་ལུགས་གཅིག་ནི། ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ། སློབ་དཔོན་སྒྲིབ་པ་མེད་པས་དུས་གསུམ་གཟིགས་པའི་སངས་རྒྱས་ཡེ་ཤེས་ཞབས་ཆེན་པོ། པཎྜི་ཏ་མར་མེ་མཛད་བཟང་པོ། སློབ་དཔོན་ཀུན་དགའ་སྙིང་པོ། པཎྜི་ཏ་རཏྣ་ཨ་ཀ་ར་ཤན་ཏི་པ། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ། སྒྲ་སྒྱུར་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ། དེ་མན་ཆད་གཞན་དུ་གསལ་བ་ཡིན་ནོ། །ཆོས་ཀྱི་རྗེ་རིན་པོ་ཆེ་པའི་ཕྱག་དཔེ་ལ་བྲིས་པ་ཡིན་ནོ།།  །།མངྒ་ལཾ།།  །།

Leave a Reply

Your email address will not be published. Required fields are marked *