༤༽ ཞི་བ་ལྷའི་མཚན་གྱི་རྣམ་གྲངས་མི་གཡོ་བའི་སྡེ།

༤༽ མི་གཡོ་བའི་སྡེ།

 

དེ་ཡང་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ (1312-1375) གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་དགོངས་པ་ངེས་པར་གསལ་བའི་ནང་བཞུགས་པའི་རྒྱལ་སྲས་ཞི་བ་ལྷའི་རྣམ་ཐར་ཉུང་ངུ་ལས[1]། དེའི་རྗེས་སུ་བླ་མས་ཡུལ་དབུས་སུ་འགྲོ་བར་བཀའ་སྩལ་པ་ལྟར་བྱོན་ཏེ་མ་ག་དྷའི་རྒྱལ་པོའི་སྲུང་མ་བྱེད་ཅིང་། ཤིང་གི་རལ་གྲི་ཤུབས་དང་བཅས་པ་བཟུང་ནས་མི་གཡོ་བའི་སྡེ་ཞེས་པའི་མིང་ཅན་དུ་གྲགས་ལ།

སྤྱོད་པ་དེ་ཉིད་ཀྱིས་ཆོས་ཁོ་ན་ཡིད་ལ་བྱེད་ཅིང་བཞུགས་སོ། །དུས་གཞན་ཞིག་ན་སྲུང་མ་གཞན་རྣམས་ཀྱིས་དེའི་ཕུན་སུམ་ཚོགས་པ་མ་བཟོད་པར། རྒྱལ་པོ་ལ་མི་གཡོ་བའི་སྡེ་འདི་ནི་ཤིང་གི་རལ་གྲི་བཟུང་ནས་ཁྱེད་ཀྱི་སྐུ་སྲུང་བྱེད་པས་འཁྲུག་པའི་དུས་སུ་དགྲ་ལ་ཇི་ལྟར་བརྡེག་པར་འགྱུར། དེ་བས་ན་འདིའི་རལ་གྲི་བལྟ་བར་འཚལ་ཞེས་གསོལ་བ་དང་། རྒྱལ་པོས་ཀྱང་དྲང་པོར་སྨྲ་མ་ནུས་པར་སྲུང་མ་ཐམས་ཅད་ཀྱིས་རལ་གྲི་བལྟ་བར་བྱའོ་ཞེས་བཀའ་སྩལ་ཏེ། འགའ་ཞིག་གིས་རལ་གྲི་བལྟས་ནས་མི་གཡོ་བའི་སྡེ་ལའང་རལ་གྲི་བལྟའོ་ཞེས་བཀའ་སྩལ་པ་དང༌། བདག་གི་རལ་གྲི་ཁྱེད་ཀྱིས་བལྟ་བར་མི་བཟོད་ཅེས་སྨྲས་ཀྱང་། རྒྱལ་པོས་ནན་གྱིས་ཡང་ཡང་དྲིས་པས། མི་གཡོ་བ་ན་རེ། ཅིས་ཀྱང་མཐོང་བར་འདོད་ན་ཕྱོགས་དབེན་པར་ཁྱེད་རང་ཁོ་ན་ལག་པས་མིག་གཅིག་བཀབ་སྟེ་བལྟ་བར་གྱིས་ཤིག་ཅེས་གསོལ་བ་དང་། རྒྱལ་པོས་བལྟས་པས་རལ་གྲིའི་གཟི་བརྗིད་ཀྱིས་མིག་མ་བཀག་པས་ངོས་ས་ལ་ལྷུང་ངོ༌། །ནུས་པ་དེ་མཐོང་བས་རྒྱལ་པོ་ཤིན་ཏུ་མོས་པར་གྱུར་པར་དགོངས་ནས་མིག་གི་བུ་གར་མིག་བཅུག་སྟེ་ཟུག་རྔུ་མེད་པར་བྱས་ནས་དཔལ་ནཱ་ལེནྡྲར་གཤེགས་སོ། །ཞེས་བྱུང་ངོ་།།

གཞན་ཡང་རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་ (དུས་རབས་12པ།) མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས[2]། མི་གཡོ་བའི་སྡེ་ལས་རབ་ཏུ་བྱུང་སྟེ། ཞི་བ་དང་ལྡན་པས་ཞི་བའི་ལྷ་ཞེས་མིང་བཏགས། ཞེས་དང་། ལ་ལར་མི་གཡོ་བའི་སྡེ་རབ་ཏུ་བྱུང་། ཞེས་མི་འདྲ་བ་བྱུང་ལ། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[3]། བླ་མ་མཉྫུ་བཛྲ་གྱིས་ཡུལ་དབུས་སུ་སོང་ཞིག །ཅེས་བཀའ་གནང་། ཙནྡན་གྱི་རལ་གྲི་སྒྲུབ་པའི་རྟེན་དུ་བཟུང་སྟེ་མཱ་ག་དྷའི་རྒྱལ་པོའི་བློན་པོ་མི་གཡོ་བའི་སྡེ་ཞེས་གྲགས། ཞེས་མི་གཡོ་བའི་སྡེ་ཞེས་པ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་མཚན་གྱི་རྣམ་གྲངས་གཞན་ཞིག་ཡིན་པར་གསུངས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སྤྱོད་འཇུག་གི་རྣམ་བཤད། ༼༥༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་ ༢༡༣

[2]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཤ༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༥༡༡

[3]  ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།

 

༦ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥ ནས་ ༡༦ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *