༥༽ ལོ་ཙཱ་བ་བསོད་ནམས་རྣམ་རྒྱལ།

༥༽ ལོ་ཙཱ་བ་བསོད་ནམས་རྣམ་རྒྱལ།

 

ལོ་ཙཱ་བ་བསོད་ནམས་རྣམ་རྒྱལ་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་བཞི་པའི་ནང་སྐུ་འཁྲུངས་པའི་ལོ་ཙཱ་བ་ཞིག་སྟེ། ཁོང་གི་འགྱུར་ལ། བསྟན་འགྱུར་ལས། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟར་གྱུར་པ་མཐོང་ལམ་རྒྱུད་ལ་སྐྱེས་པའི་གང་ཟག་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་རླབས་ཅན་ཞེས་བྱ་བ་སྒྲ་སྒྱུར་མཛད་པ་སོགས་བཞུགས་སོ།།

དེ་འཕྲོས་དཔལ་ལྡན་ཟླ་བ་གྲགས་པའི་བསྟན་བཅོས་སྒྱུར་བ་པོའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ། ༦༽ ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པ། སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བའི་འགྲེལ་པ་བཅས་སྒྲ་སྒྱུར་མཛད་པ། བདུད་རྩི་འཁྱིལ་བའི་སྒྲུབ་ཐབས།

༧༽ ཞ་མ་ལོ་ཙཱ་བས་དཔལ་ལྡན་ཟླ་བ་གྲགས་པ་སོགས་གྲུབ་ཐོབ་ལྔ་བཅུས་མཛད་པའི་གྲུབ་ཐོབ་ལྔ་བཅུའི་རྟོགས་པ་བརྗོད་པ་ཐིག་ལེ་འོད་ཀྱི་ཕྲེང་བ་སྒྲ་སྒྱུར་མཛད།

༨༽ ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པ་སྒྲ་སྒྱུར་མཛད་པ་བཅས་གོང་གསལ་ལོ་ཙཱ་བ་གསུམ་གྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་འགོད་པར་བྱའོ།།

༩༽ ཞུ་ཆེན་གྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་དང་། དབུ་མ་ཤེས་རབ་ལ་འཇུག་པ་གཉིས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་ཞི་བ་འཚོའི་གསུང་གི་སྐབས་སུ་འགོད་པར་འགྱུར་རོ།།

༡༠༽ ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་གསུང་དབུ་མ་ལ་འཇུག་པའི་ཚིག་ལེའུར་བྱས་པ་དང་། ཕུང་པོ་ལྔའི་རབ་ཏུ་བྱེད་པ་བཅས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདིའི་རྣམ་ཐར་སློབ་དཔོན་སེང་བཟང་གི་གསུང་གི་སྐབས་སུ་འགོད་དོ།།

༡༡༽ སྣུར་ལོ་ཙཱ་བ་དར་མ་(དྷརྨ་)གྲགས་ཀྱིས་སྟོང་ཉིད་བདུན་ཅུ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་བསྒྱུར་བར་མཛད། འདིའི་གཞུང་གྲངས་སྟོང་ཕྲག་གཉིས་དང་བརྒྱ་ཕྲག་གཅིག་གིས་ལྷག་པའོ།།

༡༢༽ ལོ་ཙཱ་བ་ས་པཎ་ཀུན་དགའ་རྒྱལ་མཚན། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ། ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་གྱིས་སྒྲ་སྒྱུར་མཛད། ལོ་ཙཱ་བ་འདི་གཉིས་ཀྱི་རྣམ་ཐར་དཔལ་ལྡན་ཆོས་གྲགས་ཀྱི་གསུང་གི་སྐབས་སུ་འགོད་པར་འགྱུར་བས་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༡ ནས་ ༥༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *