ཧ༽ ཇོ་བོ་རྗེ་སྙེ་ཐང་དུ་མྱ་ངན་ལས་འདས་ཚུལ།

ཧ༽ སྙེ་ཐང་དུ་མྱ་ངན་ལས་འདས་ཚུལ།

 

དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]།

སླར་ཡང་མི་རྟོག་ཆོས་སྐུའི་མཁའ་དབྱིངས་ལས། །

ཁྱོད་ཀྱི་འཕྲིན་ལས་ཉི་ཟླའི་འགྲོས་ཆེན་པོས། །

བདག་སོགས་རྨོངས་པའི་མུན་པ་ཀུན་སེལ་ཞིང་། །

ཐུབ་བསྟན་འཛིན་མ་གོས་དཀར་ལྡན་གྱུར་ཅིག །

ཅེས་དང་། དེ་བཞིན་བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[2]། སྐུ་ཡི་སྤྲུལ་པ་དཔག་མེད་བཀྱེ་གྱུར་ནས། །འགའ་ཞིག་སངས་རྒྱས་རྣམས་ཀྱི་སྤྱན་སྔར་གནས། །ལ་ལ་མི་ཕམ་དྲུང་ན་ཐེག་ཆེན་གསན། །ངོ་མཚར་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ང་ནི་དགའ་ལྡན་གནས་སུ་འགྲོ་འོ་ཞེས། །ཡང་དང་ཡང་དུ་གཞན་ལ་གསུངས་མཛད་ཅིང་། །རིགས་གསུམ་མགོན་པོས་མངོན་སུམ་རྗེས་སུ་གཟུང་། །དཔལ་མགོན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་བསྟོད་ཕྱག་མཛད་པ་ལྟར། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་རབ་གསལ་གསེར་གྱི་སྙེ་མ་ལས[3]། རྒྱལ་བ་འོད་དཔག་ཏུ་མེད་པ་སྙིགས་འགྲོར་རྗེས་སུ་བརྩེ་བས་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་ཚུལ་བཟུང་བ་བཀའ་གདམས་བསྟན་པ་རིན་པོ་ཆེའི་ཆུ་འགོ་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་རས་རྒྱ་བོད་ཀྱི་གདུལ་བྱ་གྲངས་མེད་པར་རང་རང་གི་སྐལ་བ་དང་འཚམ་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཀོད་ཟིན་ནས། སྲས་ཀྱི་ཐུ་བོ་འབྲོམ་སྟོན་པར།

མཐའ་རྒྱ་བྱང་ནས་སྐྱེད་ཅིག་སྙིང་སྟོབས་ཅན། །

ཕོ་རུས་རྣམ་ཐར་བཟུང་ཞིག་ཁྲེལ་གཞུང་ཅན། །

ཕ་གཅིག་བུ་གཅིག་ཡིན་ནོ་སྙིང་ལ་སོམས། །

གུང་ཐང་པ་ནི་བླ་མ་གཉིས་པ་འཚོལ། །

འབྲོམ་རྗེ་ཁྱོད་ཉིད་ཁོ་བོ་གཅིག་པུ་སེམས། །

སྦྲུལ་གྱི་པགས་པ་བརྗེས་ཀྱང་སྦྲུལ་མི་བརྗེ། །

ཁོ་བོ་འཆི་ཚུལ་བསྟན་ཡང་ཨ་ཏི་ཤ །

བདག་གི་བསྟན་པ་འདི་ན་ཁྱོད་ལ་གཏད། །

ཅེས་སོགས་ཞལ་གདམས་དང་བཅས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་ཚུལ་མཉེས་ཐང་ན་མོ་ཆེར་བསྟན་ཅིང་། མྱ་ངན་འདས་མདོ་ཆེན་མོ་ནས་བཤད་པ་ལྟར་སྐུ་གདུང་ཡང་གནས་འདི་ཉིད་དུ་སྦྱངས་པ་དང་ཁད་ཉེ་ཟུང་འབྲེལ་ལྟ་བུར་འདུག་པ་དང་། ལྷག་པར་ཇོ་བོའི་འབྲལ་སྤང་མཆོད་རྟེན། ཆོས་དུང་། ཤངས་མཚལ་གྱིས་བྲིས་པའི་ཐང་སྐུ་སོགས་རྟེན་འགངས་ཆེ་བ་དུ་མ་བཞུགས་གཤིས་ཚེས་བཅུ་གསུམ་ལ་མཆོད་པ་བསྒྲིགས། ཞེས་གསུངས་སོ།།

དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། དེ་ལྟར་ཇོ་བོ་རྗེ་བོད་དུ་བྱོན་ནས་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ་བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ།།

དེ་ནས་སྐུ་ཚེ་དེའི་དངོས་ཀྱི་གདུལ་བྱ་རྣམས་རྫོགས་པ་ན་ཞིང་གཞན་དུ་འབྱོན་པར་བཞེད་དེ། ཕྱི་ལོ་ ༡༠༥༤ ཤིང་ཕོ་རྟའི་ལོ་དབྱུག་པ་ཟླ་བའི་ཚེས་གསུམ་ནས་བཅོ་བརྒྱད་ཀྱི་བར་ཞག་བཅུ་དྲུག་གི་རིང་ལ་ཐིག་ལེ་བཅུ་དྲུག་གི་རིམ་པ་དང་མཐུན་པར་ཐུགས་དམ་སྡུད་རིམ་མཛད་ནས། ཆུ་བོ་གྱེན་དུ་ལྡོག་གམ་ལྟོས་ཤིག་གསུངས། བལྟར་ཕྱིན་པས་གྱེན་དུ་ལྡོག་གིན་གདའ་ཞུས་པས། འོ་ན་དེ་ཡན་ཆད་ཀྱིས་དོན་འདི་སྟོན། ཉམས་སུ་བླང་རྒྱུ་འདི་ཡིན་གསུངས་ནས་བརྒྱད་སྟོང་པ་གསུང་འཕྲོ་བཅད། ཕྱག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད། དོན་ལ་འདས་གྲོངས་མི་མངའ་ཡང་གདུལ་བྱ་ཐུན་མོང་བའི་སྣང་ངོར་དགུང་ལོ་བདུན་ཅུ་རྩ་གསུམ་པ་ཤིང་ཕོ་རྟའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏེ་འོད་གསལ་ཆོས་སྐུ་མངོན་དུ་མཛད་ནས་གཟུགས་སྐུར་བཞེངས་ནས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །དེ་ཡང་བསྟོད་པ་སུམ་ཅུ་པ་ལས།

ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ། །

ང་ལ་དད་ཅིང་གུས་པར་བྱེད་པ་རྣམས། །

དགའ་ལྡན་གནས་སུ་མཇལ་བར་འགྱུར་ཞེས་གསུངས། །

མ་འོངས་མངོན་སུམ་གཟིགས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ནམ་མཁའ་དྲི་མ་མེད་པ་ཞེས་མཚན་གྲགས་ཤིང་། རྗེ་བཙུན་མ་ཕམ་པའི་སྲས་ཀྱི་ཐུ་བོའི་ཚུལ་དུ་བཞུགས་ཏེ་དགའ་ལྡན་གྱི་ལྷ་རྣམས་དང་། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་དག་ལ་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་སྟོན་པར་མཛད་ཅིང་། མིག་འཕྲུལ་བཞིན་དུ་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་དུ་སྤྲུལ་པ་བཀྱེ་ནས་གདུལ་བྱའི་དོན་རྒྱུན་མི་འཆད་དུ་མཛད་ཅིང་བཞུགས་སོ།།

༼སྙེ་ཐང་དུ་བཞུགས་པའི་ཇོ་བོའི་སྐུ་གདུང་མཆོད་རྟེན།༽

དེས་ན་རྒྱལ་བ་དགྱེས་པའི་ལམ་ལ་འཇུག་པར་འདོད་པ་རྣམས་ཀྱིས་མགོན་པོ་ཨ་ཏི་ཤའི་སྐུ་ཡིད་ལ་བྱས་ཏེ་རྒྱུན་དུ་གསོལ་བ་འདེབས་པ་དང་། མགོན་པོ་དེའི་གསུང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་ཉིན་རེ་བཞིན་དུ་ཡང་དང་ཡང་དུ་ཤར་སྒོམ་བྱས་ཏེ་བག་ཆགས་ཅི་ཐེབས་བྱ་བ་ལ་འབད་པར་བྱའོ། །ཞེས་གསུངས་པ་ལྟར། སྤྱིར་ཇོ་བོས་རྒྱ་བོད་གཉིས་ཀ་དང་། ཁྱད་པར་དུ་བོད་ཡུལ་ཐམས་ཅད་འཕྲིན་ལས་ཀྱིས་ཁྱབ་པར་མཛད་དེ་དགུང་ལོ་དོན་གསུམ་ལ་ཕེབས་པ་ཤིང་རྟ་ཕྱི་ལོ་ ༡༠༥༤ ལོའི་ཟླ་བ་ ༩ ཚེས་ ༡༨ ཉིན་སྙེ་ཐང་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ཅིང་། སྐུ་གདུང་རྣམས་སྙེ་ཐང་ན་མོ་ཆེར་ཞུགས་ལ་ཕུལ། སྙེ་ཐང་འོར་དུ་སྐུ་གདུང་རིང་བསྲེལ་སོགས་བཞུགས་པའི་གཙུག་ལག་ཁང་བཞེངས། དེས་ན་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[5]།

ཞིང་འདིའི་གདུལ་བྱ་འདུལ་བའི་དོན་མཛད་ནས། །

དགའ་ལྡན་ལ་སོགས་གྲངས་མེད་གནས་མཆོག་ཏུ། །

དཔག་མེད་སྤྲུལ་པས་མུ་མེད་འགྲོ་བའི་དོན། །

བཞེད་དགུར་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]།  སྙེ་ཐང་ཇོ་བོའི་གདུང་རྟེན། ཇོ་བོ་རྗེའི་སྐུ་གདུང་རིན་པོ་ཆེ་ནི་དེ་སྔོན་སྙེ་ཐང་སྒྲོལ་མ་ལྷ་ཁང་གི་གྲོང་དཀྱིལ་དུ་བཞུགས། ལྷ་བཙུན་བྱང་ཆུབ་འོད་ཀྱི་དུས་སྐབས་བོད་འདིར་རྒྱལ་བསྟན་དར་རྒྱས་ཡོང་ཆེད་ཁུ་བོ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་སོགས་ལ་གསེར་མང་པོའི་རྟེན་དང་བཅས་རྒྱ་གར་ནས་ཇོ་བོ་རྗེ་གདན་འདྲེན་དུ་བཏང་བ་བཞིན་བོད་རབ་བྱུང་དང་པོའི་ལྕགས་འབྲུག་ ༡༠༤༠ ལོར་མཉམ་མེད་ཇོ་བོ་ཆེན་པོ་གངས་ཅན་ལྗོངས་ཀྱི་ཐོག་མར་མངའ་རིས་སུ་འཁོད་དེ་ལོ་གསུམ་རིང་བཞུགས་ཐོག་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་རྩ། བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་གདམས་པའི་ཆུ་བོ་གསུམ་འདྲེས་ཀྱི་མན་ངག་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་རྩ་བ་དེ་ཉིད་འཆད་སྤེལ་མཛད་རྗེས། དབུས་ཀྱི་འབྲོམ་སྟོན་པ་ཆེན་པོས་ཇོ་བོ་དབུས་སུ་གདན་དྲངས་པ་ལྟར་སྙེ་ཐང་། ལྷ་ས། ཡེར་པ། འཕན་པོ། ཡར་ལུང་། བསམ་ཡས་སོགས་སུ་ཞབས་བཅགས་ཤིང་། བཞུགས་གནས་གཙོ་བོ་སྙེ་ཐང་དུ་མཛད་དེ་ལོ་དགུ་ཙམ་བཞུགས། སྐལ་ལྡན་གདུལ་བྱ་མཆོག་དམན་ཡོངས་ལས་སོ་སོའི་སྐལ་བ་དང་འཚམ་པའི་ཐབས་རྒྱ་དམ་པའི་ཆོས་ཀྱི་མན་ངག་གིས་རིམ་པའི་ཆོས་ཀྱི་འཁོར་ལོ་སྐོར་བ་སོགས་མཛད་ཟིན་རྗེས་དགུང་ལོ་བདུན་ཅུ་དོན་གསུམ་སྐབས་སྙེ་ཐང་དུ་སྐུ་གཤེགས། དངོས་སློབ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནས་བྱང་རྭ་སྒྲེང་དགོན་དུ་སྐུ་གདུང་རིན་ཆེན་གདན་དྲངས་ཏེ་ཞུགས་འབུལ་མཛད་རྗེས་པུར་ཐལ་རིང་བསྲེལ་རྣམས་བཞུགས་པའི་གདུང་རིན་པོ་ཆེ་བཞེངས་ནས་རྭ་སྒྲེང་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་སུ་གསོལ་ནས་བཞུགས་མུས་དང་། སྐུ་གདུང་གི་ཆ་ཤས་ཁག་གཅིག་སྙེ་ཐང་དུ་མཆོད་རྟེན་བཞེངས་པ་དེར་བཞུགས་ཡོད་ཀྱང་། རིག་གནས་གསར་བརྗེའི་རྗེས་སུ་གཏོར་བཤིག་ཐེབས་ནས་དེང་སླར་གསར་བཞེངས་བྱས་ཡོད། ཅེས་གསལ་ལོ།།

བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[7]། དད་ལྡན་མི་ཡིས་གསོལ་བ་བཏབ་གྱུར་པ། །ལྷ་དང་མི་ཡི་མཆོད་སྤྲིན་རྒྱ་མཚོ་བརྙེས། །འགྲོ་བའི་དོན་ཕྱིར་སྐུ་གདུང་རིང་བསྲེལ་བཞག །བྱམས་ལྡན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཇོ་བོ་རྗེའི་སྐུ་གདུང་སྙེ་ཐང་དུ་བཞུགས་པ་ལས། དུས་ཕྱིས་རིག་གསར་སྐབས་གཏོར་བཤིག་ཉམས་ཆགས་ཤུགས་ཆེ་བྱུང་མཐར། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[8]། མཛད་པའི་མཐའ་ལ་གཞོལ་བ་ན། །རྒྱལ་བ་འབྲོམ་གྱི་སྙན་ཁུང་དུ། །གདུང་གི་སྲི་ཞུ་མཛད་པ་ཚུན། །ཞལ་ཆེམས་བདུད་རྩི་ལྷུགས་པར་སྩལ། །ཆུ་བོ་པཀྵུ་འབབ་པའི་ཕྱོགས། །དབུས་གཙང་ཆོས་ཀྱི་ཞིང་ཁམས་དེར། །ད་ལྟའི་བར་དུ་གདུང་གི་རྟེན། །དད་ལྡན་མཆོད་པའི་རྟེན་དུ་བཞུགས། །ཇོ་བོ་རང་གི་གཟིགས་དཔེ་དང་། །གསེར་གླིང་གདུང་གི་མཆོད་རྟེན་གཙོས། །ཉེར་སྤྱད་ཟ་མ་ཏོག་དང་བཅས། །བྱིན་རླབས་གཟི་འོད་དགེ་མཚན་འབར། །བགྲང་བྱ་ཆུ་གཏེར་མིག་དང་བུ་གའི་རིང་། །རིང་བསྲེལ་ཕུང་པོ་ལྷ་མིའི་མཆོད་སྡོང་ཆེ། །ཆེ་བ་བཞི་ལྡན་ལམ་སྒྲོན་ཇི་བཞིན་དུ། །དུ་མའི་རབས་ལ་འཕྲིན་ལས་སྣང་བ་དཀར། །སྐལ་དམན་བདག་ལྟ་ལྔ་པའི་ལམ་པོ་ཆེར། །ཉེ་བ་དེ་སྲིད་ཁྱོད་གདུང་ནོར་བུའི་ལྗོན། །མངོན་སུམ་བྱིན་རླབས་ནོད་པའི་ཕུན་ཚོགས་དེ། །མ་ཐོབ་བློ་འགྱོད་རྟ་ཡི་བང་མ་ཟིན། །ད་ནི་ཚེ་རིང་མཆེད་ལྔའི་གངས་རིའི་ལྷོ། །གངྒཱའི་བུ་མོ་རྒྱ་མཚོར་འབབ་པའི་འགྲམ། །བྷཾ་ག་ལ་ཡི་ཕྱོགས་སུ་གུས་འདུད་བཅས། །བྱིན་རླབས་ཞུ་བའི་གདུང་དབྱངས་འདི་ལྟར་གསོལ། །ཞེས་དང་། ཡང་དེ་ཉིད་ལས། འཕགས་ཡུལ་གསེར་གྱི་རྒྱལ་མཚན་གྲོང་ཁྱེར་ནས། །ཐུབ་པའི་རྗེས་འབྲང་དཔོན་སློབ་དྲུག་སྡེ་ཡིས། །ཕུལ་བྱུང་ཞབས་ཀྱི་རིང་བསྲེལ་སྤྱན་འདྲེན་པ། །བརྡ་འཕྲིན་ཡི་གེའི་ལམ་ནས་ངེས་པ་རྙེད། །དེ་ཚེ་མནན་པས་མི་ནོན་ཡིད་ཀྱི་མཚོར། །རྗེས་དྲན་དད་པའི་རླབས་ཕྲེང་ཆལ་ཆིལ་གཡོ། །བདག་ཅག་ཆོས་ཀྱི་སྐུ་དྲིན་ལྷུན་པོའི་ལྕིད། །ནོར་འཛིན་དབང་མོའི་ཕྲག་པར་ཇི་ལྟར་བཟོད། །རིང་བསྲེལ་མཆོད་སྡོང་གང་དུ་བཞུགས་པ་དེར། །མཆོད་ཅིང་བཀུར་བའི་སྲི་ཞུ་ཟླ་མེད་དང་། །མཐོང་ཐོས་རེག་པའི་སྐྱེ་འགྲོ་དད་ལྡན་རྣམས། །བཀའ་གདམས་ཐེག་པས་སྨིན་ཅིང་གྲོལ་གྱུར་ཅིག །ཅེས་གསུངས་ལ། དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་འཇིགས་མེད་རིགས་པའི་བློ་གྲོས་རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བདུད་རྩི་ལས[9]། (མེ་འབྲུག་ 1976 ལོ།) དབྱར་ཁའི་ཉིན་ཞིག་འཕགས་ཡུལ་བྷཾ་ག་ལའི་ནང་པའི་སློབ་དཔོན་དྲུག་མཉམ་མེད་ཇོ་བོ་རྗེ་ཨ་ཏི་ཤའི་སྐུ་གདུང་གདན་འདྲེན་པའི་དོན་དུ་རྒྱལ་ས་པེ་ཅིན་དུ་སླེབས་པའི་བརྡ་འཕྲིན་མཐོང་བར་བརྟེན། མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ཞེས་བྱ་བ་ཞིག་བྲིས། ཞེས་དང་། ཡང་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[10]། ས་རྟ་ (1978) ཇོ་བོ་ཨ་ཏི་ཤའི་གདུང་དང་སྐུ་ཆས་རྣམས་རྒྱ་གར་བྷཾ་ག་ལར་གདན་དྲངས། ཞེས་གསལ་བ་ལྟར། ཇོ་བོའི་སྐུ་གདུང་རིན་པོ་ཆེ་རྒྱལ་ཕུང་དམངས་གནོད་ཀྱི་རིག་གནས་གསར་བརྗེའི་རླུང་འཚུབ་ཁྲོད་གཏོར་བཤིག་ཞིག་རལ་སོང་ཞིང་། སྐབས་དེར་བྷང་ག་ལའི་རྒྱལ་ཁབ་ཀྱི་མི་སྣ་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས། སྔར་ཕུན་སུམ་ཚོགས་པ་བྷང་ག་ལའི་ཡུལ་གྱི་རྒྱལ་སྲས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་གངས་ལྗོངས་སུ་བསྟན་འགྲོའི་དོན་དུ་ཕེབས་ཏེ་མཐར་བོད་སྐུ་ཞི་བར་གཤེགས་པས། བྷང་ག་ལའི་རྒྱལ་ཁབ་ཀྱི་རེ་བར་ཇོ་བོ་རྗེའི་སྐུ་གདུང་ལྷ་ཁང་དང་བཅས་པ་ཉམས་གསོ་དང་། ཁོང་གི་རྗེས་དྲན་ཁང་ཞིག་ཀྱང་གསར་བཞེངས་ཞུ་རྒྱུའི་རེ་སྐུལ་ཞུས་ཀྱང་། སྐབས་དེར་རྒྱ་ནག་ལ་མུ་གེ་སོགས་ཀྱིས་དཔལ་འབྱོར་གྱི་གནས་བབ་ཤིན་ཏུ་ཞན་པ་དང་། གཉིས་ནས་རིག་གནས་ཤུལ་བཞག་གི་རིན་ཐང་མ་ཤེས་པར་གཏོར་བཤིག་བཏང་དང་གཏོང་བཞིན་པའི་གནས་དུས་ཡིན་པ། ཡང་སྒོས་ཇོ་བོ་རྗེའི་སྐུ་གདུང་སོགས་རྩ་ཆེར་མ་མཐོང་བའི་དུས་སྐབས་འཁེལ་བས། རྒྱ་གཞུང་གིས་དེ་ལྟའི་རྩ་ཆེན་ཡིན་ན་ཇོ་བོ་རང་ཉིད་ཀྱི་འཁྲུངས་ཡུལ་བྷང་ག་ལར་གདན་འདྲེན་ཞུས་ན་འགྲིག་ཚུལ་བརྗོད་པ་ལྟར་ཇོ་བོ་རྗེའི་སྐུ་གདུང་བྷང་ག་ལར་གདན་དྲངས་པའི་གནས་ཚུལ་ཨ་ལགས་ཚེ་ཏན་ཞབས་དྲུང་གིས་གསན་པའི་སྐབས་སྤྱན་ཆབ་བསིལ་བཞིན་དུ་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ཞེས་པ་དེ་ཉིད་ལྗགས་རྩོམ་མཛད་པར་གྲགས་སོ།།

ཕྱི་ལོ་ ༡༩༧༨ ལོར་བྷང་ལ་དྷེ་ཤིའི་གཞུང་དང་། རྒྱ་ནག་གཞུང་གི་འབྲེལ་ལམ་ཆེད་རྒྱ་ནག་གཞུང་གིས་ཇོ་བོ་རྗེའི་གདུང་ཐལ་ཅུང་ཟད་བྷང་ལ་དྷེ་ཤི་རྒྱལ་ཁབ་ལ་སྤྲོད་རྒྱུར་ཁས་བླངས་པ་ལྟར། བྷང་ལ་དྷེ་ཤིའི་སྐུ་ཚབ་མི་སྣ་ ༦ ལས་གྲུབ་པའི་ཚོགས་ཆུང་ཞིག་ཇོ་བོ་རྗེའི་གདུང་ཐལ་རྩིས་ལེན་ཞུ་སླད་རྒྱ་ནག་ཏུ་འབྱོར་བ་ལྟར་ཇོ་བོ་རྗེའི་གདུང་ཐལ་རང་ཡུལ་དུ་གདན་དྲངས་ཏེ། ཕྱི་ལོ་ ༡༩༧༨ ཟླ་བ་ ༦ ཚེས་ ༡༦ ཉིན་བྷང་ལ་དྷེ་ཤིའི་རྒྱལ་ཁབ་ནས་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་ཏེ། ཉིན་དེར་ཇོ་བོ་རྗེའི་གདུང་ཐལ་བྷང་ལ་དྷེ་ཤི་ནང་པའི་དབུ་ཁྲིད་བི་ཤཱུ་དྷ་ནཱན་དྷ་མ་ཧཱ་ཏེ་ར་ (Vishuddhananda Mahathera) ལ་རྩིས་འབུལ་ཞུས། ཇོ་བོ་རྗེའི་གདུང་སྐལ་དེ་ཉིད་དེང་སྐབས་བྷང་ལ་དྷེ་ཤིའི་རྒྱལ་སར་ཡོད་པའི་དྷརྨ་རཱ་རྗི་ཀ་ནང་པའི་གཙུག་ལག་ཁང་དུ་བཞུགས་ཤིང་། རྗེས་དྲན་གྱི་མཆོད་རྟེན་ཞིག་ཀྱང་བཞེངས་སྐྲུན་གནང་ཡོད་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༢༣

[2] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

[3] རབ་གསལ་གསེར་གྱི་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༣༥༩

[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[5] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༢༣

[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༩༤༧

[7] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

[8] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥

[9] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་རྩོམ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༧༩༦

[10] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༢༩༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༩ ནས་ ༣༤༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *