༡༡༽ ཆོ་འཕྲུལ་ཆེན་པོའི་མཛད་པ།

༡༡༽ ཆོ་འཕྲུལ་ཆེན་པོའི་མཛད་པ།

 

དེ་ཡང་རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་ལས་གསུངས་པའི་མཛད་པ་བཅུ་གཉིས་དང་།བོད་ཀྱི་མཁས་གྲུབ་རྣམས་ཀྱི་གཞུང་དུ་གསལ་བའི་ཡོངས་གྲགས་ཀྱི་མཛད་པ་བཅུ་གཉིས།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་སྟོན་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་གསུམ་པོར་མཛད་པ་མཐའ་མ་བཞི་ལ་བཞེད་ཚུལ་མི་མཐུན་ཞིང་།

ལྷག་པར་གོང་གསལ་དང་པོ་གཉིས་ཀར་ཆོ་འཕྲུལ་ཆེན་པོའི་མཛད་པ་མི་གསལ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ལས[1]། བལྟམས་པ་དང་། རབ་ཏུ་བྱུང་བ་དང་། དཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པར་སྟོན་པའི་ཐུབ་པ་དུས་བཞི་ཀུན་ཏུ་མཁྱེན་པ། ཞེས་གསུངས་པ་ལྟར་མཛད་ཆེན་བརྒྱད་དང་།མཛད་ཆེན་བཞིའི་ནང་གསེས་ཆོ་འཕྲུལ་ཆེན་པོའི་མཛད་པ་ཆད་སྐྱོན་ལྟ་བུར་མངོན་པས་མཚམས་འདིར་ཆོ་འཕྲུལ་ཆེན་པོའི་མཛད་པ་ངོ་སྤྲོད་ཞུ་བ་ལ།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[2]།

སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱི། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །

ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། སྟོན་པ་བཅོམ་ལྡན་འདས་ཀྱི་ཁྱད་པར་ཅན་གྱི་དུས་ཆེན་བཞི་སྟེ། ཆོ་འཕྲུལ་དུས་ཆེན་དང་། སངས་རྒྱས་པ། ཆོས་འཁོར་བསྐོར་བ། ལྷ་ལས་བབས་པ་བཅས་བཞི་ལས་ཆོ་འཕྲུལ་གྱི་མཛད་པ་ནི། སྟོན་པ་དགུང་ལོ་ ༥༧ ལ་ཕེབས་པ་མེ་ཕོ་འབྲུག་གི་ལོ་སྟེ་ཕྱི་ལོའི་སྔོན་གྱི་ལོ་ ༥༡༡ ལ་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱིས་སྦྱིན་བདག་མཛད་དེ་རྒྱལ་བྱེད་ཚལ་ནས་མཉན་ཡོད་བར་འདུ་ཁང་བརྩིགས། གསེར་གྱི་ཁྲི་བཤམས་ནས་མུ་སྟེགས་སྟོན་པ་དྲུག་དང་འཁོར་དགུ་ཁྲི་དང་བཅས་པ་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་ཚར་བཅད་པའམ་བཏུལ་བའི་མཛད་པ་བསྟན་པའོ།།

དེ་ཡང་༸རྒྱལ་བ་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་དུས་ཆེན་ངོས་འཛིན་ལས[3]།

དབོ་ཟླ་ཞེས་གྲགས་ཧོར་ཟླ་གཉིས་པ་ཡི། །

དཀར་ཕྱོགས་སྤྱི་དང་ཁྱད་པར་ཚེས་བརྒྱད་ལ། །

ཆོ་འཕྲུལ་བསྟན་པའི་དུས་ཆེན་ཡིན་པར་གསུངས། །

ཞེས་དང་། ཡང་དེ་ཉིད་ལས[4]། གཉིས་པའི་ཡར་ངོ་ཆོ་འཕྲུལ་ཆེ། །དྲུག་པའི་བཞི་ལ་ཆོས་འཁོར་བསྐོར། །དགུ་པའི་ཉེར་གཉིས་ལྷ་ལས་བབས། །བཞི་པའི་བཅོ་ལྔ་རྫོགས་སངས་རྒྱས། །ཞེས་ཡོངས་སུ་གྲགས་པའི་དུས་ཆེན་བཞི། ཞེས་ཟླ་བ་གཉིས་པའི་ཡར་ངོར་ཡིན་པར་གསུངས་ཀྱང་། ཡོངས་གྲགས་བོད་ཟླ་དང་པོ་སྟེ། ཆོ་འཕྲུལ་ཆེན་པོའི་མཛད་པ་དེ་དག་ཚེས་གཅིག་ནས་བཅོ་ལྔ་བར་གནས་གང་དག་ཏུ་ཆོ་འཕྲུལ་ཇི་ལྟར་བསྟན་པའི་ཚུལ་ནི། ཚེས་གཅིག་རྒྱལ་པོ་གསལ་རྒྱལ་མཆོད། །ཕྱག་གི་ཚེམས་ཤིང་ས་ལ་བཙུགས། །ཚེས་གཉིས་རྒྱལ་པོ་ཨུ་ཏྲས་མཆོད། །གཡས་གཡོན་གཉིས་སུ་རི་བོ་སྤྲུལ། །ཚེས་གསུམ་རྒྱལ་པོ་ཤུན་ཙིས་མཆོད། །ཞལ་བཤལ་ཆུ་ལས་མཚོ་རྫིང་གྱུར། །ཚེས་བཞི་ཨིནྡྲ་ཝར་མས་མཆོད། །རྫིང་བུའི་ངོས་ནས་ཡུར་པ་དོང༌། །ཚེས་ལྔ་ཚངས་སྦྱིན་རྒྱལ་པོས་མཆོད། །ཞལ་འཛུམ་འོད་ཟེར་ཕྱོགས་བཅུར་འཕྲོས། །ཚེས་དྲུག་ལི་ཙ་བྱི་རྣམས་མཆོད། །སྟོན་པས་འཁོར་ལོ་བསྒྱུར་རྒྱལ་སྤྲུལ། །ཚེས་བརྒྱད་ལྷ་དབང་བརྒྱ་བྱིན་མཆོད། །མུ་སྟེགས་སྟོན་པ་དྲུག་པོ་བཏུལ། །(འདི་ཡན་འགྲན་ཟླ་བཅས་པའི་དང་། དེ་ནས་འགྲན་ཟླ་བྲལ་བའི་ཆོ་འཕྲུལ་ལོ།།) ཚེས་དགུ་ཚངས་པ་ཆེན་པོས་མཆོད། །སྐུ་ལུས་ཚངས་པའི་འཇིག་རྟེན་མཉམ། །ཚེས་བཅུ་རྒྱལ་པོ་བཞི་ཡིས་མཆོད། །སྐུ་ལུས་འོག་མིན་བར་དུ་སླེབས། །བཅུ་གཅིག་མགོན་མེད་ཟས་སྦྱིན་མཆོད། །སྐུ་ནི་མི་སྣང་འོད་ཀྱིས་ཁྱབ། །བཅུ་གཉིས་ཁྱིམ་བདག་ཙིན་དཱས་མཆོད། །འཁོར་འདུས་གཅིག་སེམས་གཅིག་གིས་ཤེས། །བཅུ་གསུམ་སླར་ཡང་ཤུན་ཙིས་མཆོད། །ལྟེ་བ་འོད་བྱུང་སྤྲུལ་སྐུས་ཁྱབ། །བཅུ་བཞི་སླར་ཡང་ཨུ་ཏྲས་མཆོད། །མེ་ཏོག་གཏོར་བས་ཤིང་རྟར་གྱུར། །བཅོ་ལྔ་གཟུགས་ཅན་སྙིང་པོས་མཆོད། །རོ་བརྒྱའི་ཟས་ཀྱིས་སྣོད་རྣམས་བཀང་། །ཞེས་གསུངས་སོ།།[5]

དེ་བཞིན་པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་ཆོ་འཕྲུལ་གྱི་མཛད་པ་ལ་བསྟོད་པ་ལས་[6]ཀྱང་། རྒྱ་ཆེན་ཚོགས་གཉིས་མཐར་སོན་ཕྱི་ནང་གི །བདུད་བཞི་ཀུན་བཅོམ་ཆེ་དགུ་བྲན་དུ་མཛད། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །ཤཱཀྱའི་གཙོ་བོ་དེ་ལ་ཕྱག་འཚལ་ལོ། །མགོན་ཁྱོད་འོད་མའི་ཚལ་དུ་བཞུགས་པའི་ཚེ། །ཕྲག་དོག་དབང་གིས་སྟོན་པ་དྲུག་པོ་ཡི། །འདོད་པས་ས་སྐྱོང་ཚོགས་བསྐུལ་ཆོ་འཕྲུལ་གྱིས། །ཚར་གཅོད་རྗེས་འཛིན་གསོལ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་འཁོར་ལོས་མཚན་པའི་ཞབས་སྐྱེས་ཟུང་། །ཡུལ་ལྗོངས་མང་པོར་བཀོད་ནས་འཕྲིན་ལས་ཀྱི། །དགེ་མཚན་རྒྱ་ཆེར་སྤེལ་ཕྱིར་ལྷ་མིའི་ཚོགས། །གྲངས་མེད་བསྡུ་བར་མཛད་ལ་ཕྱག་འཚལ་ལོ། །ནམ་ཞིག་མཉན་དུ་ཡོད་པར་རྒྱལ་པོའི་གཅུང་། །དུམ་བུར་བཅད་པ་བདེན་ཚིག་གིས་བསོས་ཤིང་། །ཆོ་འཕྲུལ་འདུན་ཁང་ཡེ་ཤེས་མེས་སྦྱངས་ནས། །རྫུ་འཕྲུལ་དུ་མས་གཤེགས་ལ་ཕྱག་འཚལ་ལོ། །དཔྱིད་རའི་དཀར་ཚེས་དང་པོར་གསལ་རྒྱལ་གྱིས། །མངོན་མཆོད་ཚེམས་ཤིང་ས་ལ་བཙུགས་མ་ཐག །འདོད་འཇོའི་དཔག་བསམ་ལྗོན་པས་ལྷ་དང་མི། །ཀུན་དགས་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །ཕྱི་ཉིན་ཨུ་ཏྲ་ཡ་ནའི་མཆོད་ཡུལ་དུ། །བཞུགས་པའི་གཡས་གཡོན་རིན་ཆེན་ས་འཛིན་ཟུང་། །ཟས་མཆོག་རྩྭ་འཇམ་བདུད་རྩིས་འཚོ་བ་ཡིས། །ཡོངས་གང་མཛད་པ་བསྟན་ལ་ཕྱག་འཚལ་ལོ། །ཚེས་གསུམ་ཤུཉྩ་ད་ལའི་བཤོས་གསོལ་ནས། །ཞལ་བསིལ་བོར་བ་ཡན་ལག་བརྒྱད་ལྡན་མཚོ། །འོད་ཟེར་བཞད་ལྡན་པདྨོའི་དྲ་བ་ཡིས། །མཛེས་པའི་ཕུན་ཚོགས་སྤྲུལ་ལ་ཕྱག་འཚལ་ལོ། །བཞི་པར་ཨིནྡྲ་ཝར་མའི་གདུགས་ཚོད་གསོལ། །རྫིང་བུའི་ངོས་དེར་ཡུར་ཆེན་བརྒྱད་བརྒྱད་ཐོན། །སླར་ཡང་བསྐོར་ནས་ནང་དུ་འབབ་པའི་སྒྲས། །ཐེག་གསུམ་དམ་ཆོས་བསྟན་ལ་ཕྱག་འཚལ་ལོ། །ཚེས་མདའ་ཚངས་བྱིན་གྱིས་མཆོད་འཛུམ་ཞལ་ལས། །བྱུང་བའི་གསེར་མདོག་འོད་ཀྱིས་སྟོང་གསུམ་བཀང་། །ངན་སོང་རྒྱུད་སྦྱངས་འགྲོ་ཀུན་བསམ་གཏན་གྱི། །བདེ་བས་ཚིམ་པར་མཛད་ལ་ཕྱག་འཚལ་ལོ། །དཀར་ཚེས་དགའ་བ་གཉིས་པར་ལིཙྪ་བྱིའི། །ཞལ་ཟས་གསོལ་ནས་འཁོར་མང་ཕན་ཚུན་སེམས། །ཤེས་ཤིང་རང་གཞན་དཀར་ནག་ལས་མཐོང་བས། །ཡིད་ཆེས་དད་པར་མཛད་ལ་ཕྱག་འཚལ་ལོ། །བཟང་པོ་གཉིས་པར་ཤཱཀྱའི་ཚོགས་རྣམས་ཀྱི། །བསོད་ནམས་ཞིང་བཞུགས་འཁོར་རྣམས་རེ་རེ་ཡང་། །རིན་ཆེན་བདུན་ལྡན་འཁོར་ལོས་བསྒྱུར་རྒྱལ་གྱི། །ཕུན་ཚོགས་མཆོག་ཏུ་སྤྲུལ་ལ་ཕྱག་འཚལ་ལོ། །ཚེས་བརྒྱད་དབང་པོས་གུས་མཆོད་སེང་ཁྲི་ལས། །སྲིན་པོ་ལྔ་ཐོན་རྡོ་རྗེ་འཛིན་བཅས་པས། །སྟོན་པ་དྲུག་བཅོམ་དགུ་ཁྲི་སྲིད་ལས་བསྒྲལ། །མཐའ་ཡས་ཆོ་འཕྲུལ་བསྟན་ལ་ཕྱག་འཚལ་ལོ། །དེ་ཡི་ནང་པར་རང་བྱུང་གིས་བསྐྲུན་པའི། །མཆོད་ཚོགས་བཞེས་ནས་སྲིད་ཞིའི་དགེ་ལེགས་ཀུན། །གཟུགས་ཅན་ལྟ་བུའི་སྐུ་ཡིས་ཚངས་གནས་ཀྱི། །བར་དུ་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ། །ཕྱོགས་ཚེས་འཇིག་རྟེན་སྐྱོང་བས་ཞལ་ཟས་སྦྱར། །རྒྱལ་བའི་མཛེས་སྐུ་གསེར་འོད་སྟོང་འབར་བའི། །ཆུ་འཛིན་སྲིད་རྩེའི་བར་དུ་ཁྱབ་མཛད་ནས། །ཕན་བདེའི་གྲུ་ཆར་ཕབ་ལ་ཕྱག་འཚལ་ལོ། །དགའ་བ་གསུམ་པར་མགོན་མེད་ཟས་སྦྱིན་གྱི། །བསོད་ནམས་མགྲོན་གྱུར་སེང་གེའི་ཁྲིར་བཞུགས་བཞིན། །སྐུ་ཡི་སྣང་བ་མི་མངོན་ཚངས་དབྱངས་ཀྱི། །གསུང་གིས་དམ་ཆོས་བསྟན་ལ་ཕྱག་འཚལ་ལོ། །དེ་ཡི་སང་ཉིན་ཁྱིམ་བདག་ཙོ་ཏས་མཆོད། །བྱམས་པའི་ཏིང་འཛིན་ལ་བཞུགས་གསེར་འོད་ཀྱིས། །སྟོང་གསུམ་ཡོངས་བཀང་འགྲོ་ཀུན་ཕ་མ་ལྟར། །བྱམས་པས་ཁྱབ་པར་མཛད་ལ་ཕྱག་འཚལ་ལོ། །བཅུ་གསུམ་ཤུནྩིས་བསྙེན་བཀུར་བདེ་གཤེགས་ཀྱི། །ལྟེ་བ་ནས་ཐོན་འོད་འདོམ་བདུན་ཟུང་གི །སྣེ་མོར་རྒྱལ་བའི་སྐུས་མཚན་དེ་འདྲ་བས། །ཕྱོགས་ཀུན་འགེངས་པར་མཛད་ལ་ཕྱག་འཚལ་ལོ། །ཕྱི་ཉིན་ཨུ་ཏྲ་ཡ་ནས་མཆོད་སྤྲིན་སྤྲོས། །མེ་ཏོག་གཏོར་བ་རིན་ཆེན་ལས་གྲུབ་པའི། །ཤིང་རྟ་སྟོང་དང་ཉིས་བརྒྱ་ལྔ་བཅུ་ཡིས། །སྲིད་གསུམ་མཛེས་པར་མཛད་ལ་ཕྱག་འཚལ་ལོ། །བཅོ་ལྔ་གཟུགས་ཅན་སྙིང་པོས་དགེ་ལེགས་བསྐྲུན། །མ་ལུས་ལྷ་ཡི་བདུད་རྩིས་ཚིམ་མཛད་ནས། །ཕྱག་སོར་ལས་ཐོན་གསེར་སྦྱངས་འོད་ཟེར་གྱིས། །མནར་མེད་བདེ་འགྲོར་མཛད་ལ་ཕྱག་འཚལ་ལོ། །དེ་ལྟའི་ངོ་མཚར་ཆོ་འཕྲུལ་བགྲང་ཡས་ཀྱིས། །ནག་ཕྱོགས་ཀུན་བཅོམ་གྲངས་མེད་སྐྱེ་དགུའི་ཚོགས། །མཐོ་རིས་རྣམ་གྲོལ་རྫོགས་པའི་སངས་རྒྱས་ཀྱི། །ལམ་དུ་ངེས་པར་མཛད་ལ་ཕྱག་འཚལ་ལོ། །དེ་ལྟར་སྟོན་པའི་ཡོན་ཏན་རིན་ཆེན་གྱི། །ལྷུན་པོའི་སྤོ་ལས་ཆོ་འཕྲུལ་མཛད་པ་ཡི། །རྡུལ་ཕྲན་ཙམ་ཞིག་བརྗོད་པའི་དགེ་བ་དེ། །འགྲོ་ཀུན་དོན་དུ་ཀུན་མཁྱེན་རྒྱུ་རུ་བསྔོ། །ཞེས་གསུངས་པ་ལྟར་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔ་བར་ཆོ་འཕྲུལ་གྱི་རྣམ་པ་མི་འདྲ་བ་བསྟན་ནས་མུ་སྟེགས་སྟོན་པ་དྲུག་པོ་འཁོར་དང་བཅས་པ་ཆོ་འཕྲུལ་གྱིས་ཕམ་པར་མཛད་དོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བཀའ་འགྱུར་དཔེ་བསྡུར་མ། རྙིང་རྒྱུད། ༼ཁ༽ དེབ་ཨང་ ༡༠༢ པ། ༢༠༠༩ ལོ། ཤོག་གྲངས་ ༢༩༣

[2]  བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥

[3]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༦ ནས་ ༤༨ བར།

[4]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༤༦

[5]  བོད་ཀྱི་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༠༨

[6]  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༧ན༡ ནས་ ༣༨བ༤ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤ ནས་ ༤༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *