པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༡ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་གི་གསུང་རར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙུན་མའི་
འཇང་དགུན་ཆོས་ཐེངས་ ༢༡ པའི་ཐོག་སྩལ་བའི་པཎ་གྲུབ་གསོལ་འདེབས་ཀྱི་བཀའ་ཁྲིད།།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་དང་། མདོ་ཀུན་ལས་བཏུས་པ། གཞན་ཡང་བསྟོད་ཚོགས་ཀྱི་རིགས་སོགས་མང་པོ་ཞིག་མཛད་པ་ང་ཚོས་མཇལ་རྒྱུ་ཡོད། སྔགས་ཀྱི་སྐོར་ན་མགོན་པོ་ཀླུ་སྒྲུབ་ཀྱིས་གསང་བ་འདུས་པའི་རིམ་ལྔའི་སྐོར་མཛད་ཡོད།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་ཐོག་ཏུ་སྦྲུལ་གྱི་གདེངས་ཀ་ཞིག་ཡོད་པ་གང་ཞིག་ཡིན་ནམ། ཀླུ་ཡུལ་ནས་ཡུམ་མདོ་གདན་དྲངས་པའི་སྐོར་ནམ་རྒྱུན་སྲོལ་ཡོད། ངོས་ནས་ནམ་རྒྱུན་རྩེད་མོ་དང་བཅས་ཏེ། སློབ་དཔོན་ཐོགས་མེད་ལ་སོགས་པ་རྣམས་ལ་ནམ་རྒྱུན་དབུ་ཞ་སྒྲོན་བཞིན་ཡོད། རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་རྣམས་རྒྱ་གར་འཕགས་ཡུལ་གྱི་ནཱ་ལེནྡྲར་བཞུགས་སྐབས་དབུ་ཞྭ་ཨེ་ཡོད་སྙམ། བོད་ས་བབ་མཐོ་ལ་གནམ་གཤིས་གྲངས་བས་ཞྭ་མོར་དགའ་པོ་ཡོད། ང་རང་ཚོ་ཞྭ་མོ་གྱོན་དགོས་པར་བརྟེན་པཎ་གྲུབ་བཅུ་བདུན་རྣམས་ལའང་དབུ་ཞྭ་བསྒྲོན་པ་ཞིག་མིན་ནམ་སྙམ། མགོན་པོ་ཀླུ་སྒྲུབ་ལ་སྦྲུལ་མགོའི་གདེངས་ཀ་ལས་དབུ་ཞྭ་བཞེས་མེད། སྦྲུལ་མགོའི་གདེངས་ཀ་དེ་གང་ཡིན་ཞེ་ན། མགོན་པོ་ཀླུ་སྒྲུབ་ལྷོ་ཕྱོགས་དཔལ་རི་སོགས་སུ་བཞུགས་སྐབས་དུག་སྦྲང་མང་བར་བརྟེན་དུག་སྦྲང་འགོག་བྱེད་དུ་སྦྲུལ་གྱི་གདེངས་ཀ་བྱུང་བ་རེད། ཅེས་ངོས་ཀྱི་རྩེད་མོ་དང་བཅས་བརྗོད་ཀྱི་ཡོད། མདོར་ན་ང་ཚོས་ཀླུ་སྒྲུབ་ཀྱི་སྣང་བརྙན་འབྲི་སྲོལ་གང་ཞིག་ཡིན་ནའང་ཁྱད་པར་མེད། ཁོང་གི་གསུང་རྣམས་ལ་བལྟས་ན་ཧ་ལས་པ་ཞིག་རེད་འདུག
དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །
ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །
རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །
གལ་གནད་ཆེ་ཤོས་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་ང་ཚོས་སློབ་གཉེར་བྱེད་བཞིན་ཡོད་ལ། ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཡོད། སྔགས་ཀྱི་སྐོར་ལ་སྤྱོད་བསྡུས་མཛད་ཡོད་པ་དེ་དག་ང་ཚོས་མཇལ་རྒྱུ་ཡོད་པའི་གཞུང་གལ་གནད་ཅན་ཞིག་ཡིན། སློབ་དཔོན་དེ་དག་སྙན་གྲགས་ཅན་ཞིག་བྱུང་བ་རེད། ཅེས་བརྗོད་པ་ཙམ་མིན་པར་སྐད་གྲགས་ཆེན་པོར་བརྩི་དགོས་པའི་རྒྱུ་མཚན་ནི། སློབ་དཔོན་དེ་དག་གིས་མཛད་པའི་གཞུང་ལུགས་རྣམས་ང་ཚོས་མཐོང་རྒྱུ་ཡོད།
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་བུདྡྷ་པཱ་ལི་ཏ་ནི་ཧ་ལས་པ་ཞིག་ཡིན། གཞུང་རྒྱས་པོ་དེ་ཙམ་མེད་ཀྱང་གཞུང་ཧ་ལས་པ་ཞིག་རེད། དེ་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བསྐྱོན་སྐབས་ཧ་ལས་པ་ཞིག་རེད་འདུག །དེ་ཡང་ད་ལྟ་ང་ཚོས་མཇལ་རྒྱུ་ཡོད་པ་ཞིག་ཡིན།
བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །
གོང་དུ་ཞུས་པ་ལྟར། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འགྲེལ་པ་ཤེས་རབ་སྒྲོན་མེད་མཛད་ཡོད། དེའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ལ་ཟུར་ཟ་ཅུང་ཟད་རེ་ཡང་གནང་ཡོད། དེས་ཀྱང་བློ་གྲོས་འཕེལ་བ་ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་ཡོད། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པ་དེ་རང་ལ་བཞག་ན་ཡིན་པ་རེད་སྙམ་པ་ལྟ་བུ་ཞིག་ལས་དམིགས་བསལ་མེད་ཀྱང་། དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཅུང་ཟད་དོགས་སློང་དང་དགག་པ་བསྐྱོན་པ་དེ་དག་གིས་བསམ་བློ་གསར་པ་ཞིག་གཏོང་དགོས་པ་ཆགས་ཀྱི་ཡོད། དེའི་རྐྱེན་གྱིས་ཟླ་བ་གྲགས་པའི་ཚིག་གསལ་གྱི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་དགོངས་པ་ཞིབ་ཏུ་བཀྲལ་བ་ཞིག་བྱུང་ཡོད། དེ་ལྟར་བགྲོ་གླེང་གནང་བ་ཧ་ཅང་ཡག་པོ་འདུག
ང་ཚོ་བོད་གངས་ཅན་གྱི་ལྗོངས་ལའང་སྔོན་གྱི་མཁས་པ་རྣམས་ཀྱིས་དགག་བཞག་གནང་བ་སྟེ། དཔེར་ན། སྟག་ཚང་ལོ་ཙཱ་བའམ་སྒྲ་པ་ཤེས་རབ་རིན་ཆེན་གྱིས་རྗེ་བདག་ཉིད་ཆེན་པོར་འགལ་བའི་ཁུར་ཆེན་བཅོ་བརྒྱད་ཀྱི་ཐོག་ནས་དགག་པ་མཛད་ཡོད། འོན་ཀྱང་སྐུ་ཚེ་སྨད་ལ་རྗེ་བདག་ཉིད་ཆེན་པོའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་རྣམས་གཟིགས་ནས་དད་པ་ཐུན་མོང་མ་ཡིན་པ་འཁྲུངས་པའི་ལོ་རྒྱུས་ཡོད་པ་དེ་དག་མཁས་པའི་རྣམ་དཔྱོད་རེད་འདུག །དེ་བཞིན་ཀུན་མཁྱེན་གོ་རམས་པ་དང་། སློབ་དཔོན་ཤཱཀྱ་མཆོག་ལྡན་སོགས་ས་སྐྱའི་མཁས་པ་མང་པོ་ཞིག་ཡོད་པ་དེ་དག་གིས་རྗེ་རིན་པོ་ཆེར་དགག་པ་བསྐྱོན་ཡོད། ཕྱག་དཔེ་གཅིག་གི་ནང་དུ་རྗེ་བདག་ཉིད་ཆེན་པོར་ཨ་མདོའི་ཕྲུ་གུ་དེས་རང་བཟོ་མང་དུ་བྱས་ཡོད་ཅེས་འཁོད་འདུག །དེ་དག་དགག་པ་དང་དགག་ལན་ཡོད་པ་རྣམས་ཡག་པོ་འདུག །དེ་དག་ཞིབ་ཏུ་མཇལ་ན་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་གསུངས་པ་དང་། རྗེ་བདག་ཉིད་ཆེན་པོས་ཞིབ་ཚགས་པོའི་ཐོག་ཏུ་རྣམ་དབྱེ་ཕྱེ་ནས་གསུངས་པ་རྣམས་མཐོང་སྐབས་དམིགས་བསལ་གྱི་ཁྱད་ཆོས་རྣམས་ཀྱང་མཐོང་ཐུབ་པ་ཞིག་ཡོང་གི་ཡོད།
དེ་མིན་རྗེ་བདག་ཉིད་ཆེན་པོའི་གསུང་ཁོ་ན་ལྟ་ཀློག་བྱེད་མཁན་ཞིག་ཡིན་ན། སྐྱབས་སུ་མཆིའོ། །དེ་ལྟར་ཡིན་པ་རེད་སྙམ་པ་ལྟ་བུ་ཞིག་ཡིན་ལ། དེའི་དགག་པ་རྣམས་མཐོང་ཚེ་རྗེ་རིན་པོས་གསུངས་པ་དེ་ལ་དགོངས་པ་འདི་ལྟར་བཞེས་ཡོད་པ་དང་། ལྷག་པར་གཞུང་གོང་འོག་བསྒྲིགས་ནས་བསམ་བློ་གཏོང་སྐབས་རྗེ་བདག་ཉིད་ཆེན་པོས་ཕྱོགས་གཅིག་ནས་རྟོགས་བཟོ་ལྟ་བུ་ཞིག་ཡིན་ནའང་། དོན་དངོས་ལ་རྟོགས་བཟོ་མིན་པར་སྔོན་གྱི་མཁས་པ་གཞན་གྱིས་ལེགས་བཤད་མ་ཐོན་པ་ཞིག་རྗེ་བདག་ཉིད་ཆེན་པོས་གཞུང་ལུགས་མང་པོ་ཞིག་གོང་འོག་བསྒྲིགས་ནས་དཔྱད་པའི་ཚེ། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས།
དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །
འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །
གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །
ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །
ཞེས་གསུངས་པ་ལྟར་དངོས་གནས་ཧ་ལས་པ་ཞིག་རེད་འདུག །ཡིག་འབྲུ་རེ་རེའི་གོ་བ་ལེན་སྟངས་ལ་རྗེ་བདག་ཉིན་ཆེན་པོ་གཞན་དང་མི་འདྲ་བ་ཞིག་རེད་འདུག །དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེ་དང་། རང་རྐང་དུ་དབུ་མའི་གཞུང་ལྗགས་རྩོམ་མཛད་པ་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ་བཅས་ནི་དངོས་གནས་དྲང་གནས་མཁས་པ་རེད་འདུག་ལ། རྗེ་རིན་པོ་ཆེས་ཀྱང་ཡོངས་སུ་རྫོགས་པའི་པཎྜི་ཏ་ཞེས་བསྔགས་བརྗོད་གནང་ཡོད།
རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །
མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །
ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །
རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །
དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྩ་བ་ཤེས་རབ་ཀྱི་དོན་འགྲེལ་དབུ་མ་འཇུག་པ་རང་འགྲེལ་དང་བཅས་པ་དང་། རྩ་བ་ཤེས་རབ་ཀྱི་ཚིག་འགྲེལ་ཚིག་གསལ། དེ་བཞིན་དབུ་མ་བཞི་བརྒྱ་པའི་འགྲེལ་པ་དེ་དག་ཧ་ལས་པ་སྤུས་དག་པོ་ཞིག་རེད་འདུག །དེ་དག་བསྟན་འགྱུར་ནང་དུ་ཡོད་སྟབས་བསྒྲིགས་ནས་མི་འཇོག་པར་ལྟ་ཀློག་བྱེད་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད། སྔགས་ཀྱི་ཐོག་ལ་ཆ་མཚོན་ན། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་མཛད་ཡོད་ལ། དེ་ཡང་ཧ་ལས་པའི་གཞུང་ཞིག་རེད་འདུག
ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །
ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །
རྒྱལ་སྲས་ཞི་བ་ལྷས་མཛད་པའི་རྩ་བ་བསླབ་བཏུས་དང་། བསླབ་བཏུས་ནང་རྒྱས་པོ་མེད་པའི་རིགས་རྣམས་རྒྱས་སུ་བཏང་བ་དང་། བསླབ་བཏུས་ནང་རྒྱས་པོ་ཡོད་རིགས་རྣམས་མདོར་བསྡུས་པའི་ཚུལ་གྱིས་གསུངས་པ་ནི་སྤྱོད་འཇུག་ཡིན་ཅིང་། མདོར་ན་སློབ་གཉེར་བྱ་རྒྱུ་དང་། འཆད་ཉན་བྱེད་སྐབས་བསླབ་སྤྱོད་གཉིས་སྦྲགས་ནས་ཕྱིན་ན་ཧ་ཅང་ཡག་པོ་ཡོད། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱིས་བཀའ་གནང་བ་ལ། དུས་རབས་བརྒྱད་པའི་ནང་དུ་རྒྱལ་སྲས་ཞི་བ་ལྷས་སྤྱོད་འཇུག་མཛད་ཅིང་། དུས་དེ་ནས་བཟུང་སྟེ་དུས་ད་ལྟ་བར་དུ་བདག་གཞན་མཉམ་བརྗེའི་བློ་སྦྱོང་གི་ཉམས་ལེན་སྟོན་པའི་གཞུང་སྤྱོད་འཇུག་ལས་ལྷག་པ་བྱུང་མྱོང་མེད། ཅེས་གསུངས་པ་དེ་བདེན་པ་རེད་འདུག
གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །
སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །
ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །
མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །
གཟུང་འཛིན་གཉིས་སྟོང་སྟེ་སེམས་ཙམ་པའི་ལྟ་བ་ཆོས་ཀྱི་བདག་མེད་གསུངས་པ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། ཁོང་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ཤིང་། ང་ཚོས་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་ ༩༠༠ ཡས་མས་དང་། དགུང་ལོ་སྟོང་ཕྲག་བཞུགས་ཚུལ་བཤད་སྲོལ་ཡོད་ཀྱང་། རྒྱ་གར་བའི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་མཁན་ཆེན་ཞི་འཚོ་བོད་ལ་ཕེབས་སྐབས་དགུང་ལོ་བདུན་ཅུ་དོན་གྲངས་ཡིན་ཚུལ་བརྗོད་ཀྱི་འདུག་ལ། བོད་ལ་ལོ་ཤས་བཞུགས་མཐར་དགུང་ལོ་དགུ་བཅུ་གོ་གྲངས་ཤིག་ལ་མྱ་ངན་ལས་འདས་པ་ཡིན་འདུག །ངོས་ཀྱི་ངོ་ཤེས་རྒྱ་གར་བ་ཞིག་ཡོད་པ་ཁོང་གིས་ངོས་ལ་རྩེད་མོ་དང་བཅས་ཏེ། ཁྱེད་རང་ཚོ་བོད་པས་མཁན་ཆེན་ཞི་འཚོ་སྐུ་ཚེ་ཧ་ཅང་རིང་པོ་བཞུགས་པ་རེད་ཅེས་བརྗོད་ན་དགའ་པོ་ཡོད་སྟབས། དགུང་ལོ་ ༩༠ བཞུགས་པ་དེའི་ཐོག་ཀླད་ཀོར་ཞིག་བསྣན་ནས་དགུང་ལོ་ ༩༠༠ བཟོས་པ་རེད་ཅེས་བརྗོད་ཀྱི་འདུག །ལྷ་རབས་བྱུང་ན་བསམ་ཡས་གཙུག་ལག་ཁང་དུ་མཁན་ཆེན་ཞི་འཚོའི་དབུ་ཐོད་ཀྱི་སྐུ་རུས་དེ་ཉིད་ནང་རྟེན་དུ་བཞུགས་ཡོད་པ་དེར་གུས་ཞབས་ཆེན་པོའི་ཐོག་ནས་མ་འོངས་པར་སྐུ་རུས་དེ་ཉིད་མི་ལོ་ཇི་ཙམ་ལོན་པའི་སྐུ་དུས་ཡིན་མིན་བརྟག་ཞིབ་བྱ་རྒྱུའི་གོ་སྐབས་ཡོང་ངེས་ཡིན་ལ། དེ་ལྟའི་བརྟག་ཞིབ་ཅིག་བྱེད་ཐུབ་ན་རྩོད་པ་ཆོས་ཕྱོགས་སུ་ཞི་བ་ཞེས་པ་ལྟར་ཡོང་ངེས་ཡིན།
གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་དུས་ནམ་ཞིག་བྱོན་མིན་ཐད་ལོ་ངོ་ ༣༠༠༠ ཕྱིན་པ་དང་། ལ་ལས་ལོ་ངོ་ ༢༥༨༠ ཕྱིན་པ། འགའ་ཞིག་གིས་ལོ་ངོ་ ༢༥༠༠ ཕྱིན་པ་སོགས་འདོད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད། དེ་ཡང་བཅོམ་ལྡན་འདས་ཀྱི་སྐུ་རུས་འཁྲུལ་མེད་ཅིག་ལ་གུས་ཞབས་ཆེ་ལ་གཙང་སྦྲ་དོད་པོའི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ཐུབ་ན། སྐུ་རུས་དེ་ལོ་ངོ་ཇི་ཙམ་ཕྱིན་པའི་སྐུ་རུས་ཡིན་མིན་བརྟག་དཔྱད་བྱེད་ཐུབ་པ་ཞིག་ཡག་པོ་འདུག །འཚམ་རེ་ང་ཚོ་ངོ་ཚ་བ་ལྟ་བུ་ཡོང་གི་འདུག །ང་ཚོ་ནང་པ་ཡིན་ཅིང་། སྟོན་པ་བྱོན་པའི་ལོ་དུས་ལ་འདོད་ཚུལ་སྣ་ཚོགས་ཡོད་སྟབས། དོན་དངོས་གང་ཞིག་ཡིན་མིན་གསལ་པོར་བརྗོད་རྒྱུ་མེད་སྟབས་ཐབས་སྐྱོ་པོ་ཞིག་འདུག
དེ་ལྟར་མཁན་ཆེན་ཞི་བ་འཚོ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །ངོས་རང་བསམ་བློ་འདི་ལྟར་འཁོར་གྱི་འདུག །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཁས་པ་རྣམ་དཔྱོད་ལྡན་པ་ཞིག་རེད་འདུག་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཀྱི་ཡུམ་དེ་ཉིད་རྒྱ་བཟའ་ཡིན་པའི་བརྗོད་ཚུལ་ཞིག་ཡོད། ལྷག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་སྟེ་རྒྱ་དང་གཉེན་སྒྲིག་བྱུང་སྟེ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་ཅིང་། དེའི་ཚེ་དེའི་དུས་སུ་རྒྱ་ནག་ལ་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་ཟིན་པ་རེད། དཔེར་ན་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་རྒྱ་ནག་ནས་གདན་ཞུ་གནང་བ་དང་། ར་མོ་ཆེའི་ཇོ་བོ་དེ་ཉིད་བལ་ཡུལ་ནས་གདན་ཞུ་གནང་བ་སོགས་ད་ལྟ་ལྷ་ལྡན་གཙུག་ལག་ཁང་གི་རྟེན་གྱི་གཙོ་བོ་ཞིག་ཆགས་ཡོད། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བསམ་ཡས་གཙུག་ལག་ཁང་དུ་བཀའ་བསྟན་བསྒྱུར་རྒྱུས་མཚོན་མཛད་པ་ཤུགས་ཆེ་མཛད་སྐབས། རྒྱ་གར་རང་ལ་ཁུངས་གཏུག་རྒྱུའི་དགོངས་པ་བཞེས་ནས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་བ་ཞིག་ཡིན། སྐབས་དེར་མཁན་ཆེན་ཞི་འཚོ་དགུང་ལོ་ཧ་ཅང་བགྲེས་པོ་ཡིན་ནའང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་གནང་བར་བརྟེན་ཐུགས་དགྱེས་པོའི་ཐོག་ནས་བོད་གངས་ཅན་གྱི་ལྗོངས་སུ་ཕེབས་ཏེ། བསམ་ཡས་གཙུག་ལག་ཁང་གསར་བཞེངས་གནང་། བཀའ་བསྟན་སྒྲ་སྒྱུར་དང་། ནང་ཆོས་འཆད་ཁྲིད། དགེ་ཚུལ་སློང་གི་སྡོམ་པ་འབོགས་ཆོག་གནང་རྒྱུ་སོགས་ལ་ཐུགས་ཁུར་གཙོ་བོར་བཞེས་པ་གནང་ཡོད།
མཁན་སློབ་ཆོས་གསུམ་ལས། སློབ་དཔོན་རིན་པོ་ཆེ་ནི་ཕྱི་ནང་གི་འགལ་རྐྱེན་སེལ་སླད་གདན་ཞུ་གནང་སྟེ་སློབ་དཔོན་རིན་པོ་ཆེས་ཕྱག་རོགས་གནང་ནས་ཕྱི་ནང་གི་འགལ་རྐྱེན་སེལ་བ་གནང་ཡོད། གཙོ་བོ་བཀའ་བསྟན་སྒྲ་བསྒྱུར་དང་། སྡོམ་པ་འབོགས་ཆོག་གནང་རྒྱུའི་རིགས་སོགས་མཁན་ཆེན་ཞི་འཚོས་ཐུགས་འགན་བཞེས་པ་གནང་ཡོད། ཕྱི་ལོ་ ༡༩༣༠‑༡༩༤༠ ནང་གི་རྒྱ་གར་བའི་མཁས་པ་ར་ཧུལ་སངྒིར་མཆོག་གིས་རང་ཉིད་ཀྱི་ལོ་རྒྱུས་ཤིག་བྲིས་པའི་ནང་དུ། བོད་དུ་རྒྱ་གར་ནས་སངས་རྒྱས་པའི་ཆོས་གདན་ཞུ་གནང་སྟེ་དར་སྤེལ་གནང་མཁན་མཁན་ཆེན་ཞི་བ་འཚོ་ཡིན་ནའང་། བོད་ཀྱི་དགོན་སྡེ་ཁག་ཏུ་མཁན་ཆེན་ཞི་འཚོའི་སྐུ་བརྙན་གཅིག་ཀྱང་མི་འདུག་ལ། དགོན་སྡེ་ཕལ་མོ་ཆེའི་ནང་དུ་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་འདུག་པ་གང་ཞིག་ཡིན་ནམ་ཞེས་གསལ་འདུག་པ་བདེན་པ་ལྟ་བུ་ཞིག་ཆགས་ཡོད། ང་ཚོས་ནམ་རྒྱུན་ཐ་སྙད་འབོད་སྐབས། མཁན་སློབ་ཆོས་གསུམ་སྟེ། མཁན་ཆེན་དང་། སློབ་དཔོན། ཆོས་རྒྱལ་ཞེས་མཁན་ཆེན་ཐོག་མར་འབོད་པ་དང་། དེ་བཞིན་སྨིན་གླིང་ལོ་ཆེན་གྱིས་མཛད་པའི་མཁན་སློབ་ཆོས་གསུམ་གྱི་བསྟོད་པའི་ནང་གོ་རིམ་ཡང་ཐོག་མར་མཁན་ཆེན་དང་། དེ་རྗེས་སློབ་དཔོན། དེ་ནས་ཆོས་རྒྱལ་བཅས་གོ་རིམ་དེ་བཞིན་དུ་གནང་འདུག་པ་ལྟར། མཁན་ཆེན་གཙོ་བོར་ཕེབས་དགོས་པ་ལྟ་བུ་ཞིག་ཡོད། ང་ཚོ་བོད་པས་སློབ་དཔོན་རིན་པོ་ཆེ་གཙོ་བོར་བྱས་ཤིང་། གཡས་སུ་མཁན་ཆེན་དང་། གཡོན་དུ་ཆོས་རྒྱལ་བཅས་ཀྱི་གོ་རིམ་བསྒྲིགས་པ་ཞིག་ཡོང་གི་འདུག
སྔ་འགྱུར་བླ་ཆེན་འགའ་ཞིག་དང་ངོས་རང་བཀའ་མོལ་བྱུང་བར། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་གཉིས་ཐོག་མར་བོད་དུ་ཚུགས་པ་དང་། དེ་ཡང་ཐོག་མར་མཁན་ཆེན་ཞི་འཚོས་བསམ་ཡས་གཙུག་ལག་ཁང་གི་གླིང་བཞི་གླིང་ཕྲན་དང་བཅས་པའི་བཟོ་བཀོད་གནང་སྐབས་བདུད་འདུལ་སྔགས་པ་གླིང་དང་། སྒྲ་སྒྱུར་ལོ་པཎ་གླིང་། རྣམ་དག་ཚུལ་ཁྲིམས་གླིང་། མི་གཡོ་བསམ་གཏན་གླིང་སོགས་ཡོད་པ་ལས། བདུད་འདུལ་སྔགས་པ་གླིང་དུ་གོས་དཀར་ལྕང་ལོའི་སྡེའི་སྡོད་གནས་ཟུར་དུ་ཡོད། དེ་ལྟར་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་བཅས་བླ་མཆོད་སྡེ་གཉིས་ཞེས་བྱུང་བར་བརྟེན་གོས་དཀར་ལྕང་ལོའི་སྡེ་རྣམས་ཀྱིས་སློབ་དཔོན་གཙོ་བོར་བརྩི་བ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་རྣམས་ནས་མཁན་ཆེན་གཙོ་བོར་མཛད་ཚུལ་གསུང་གི་འདུག་པ་དེ་ལྟར་ཡིན་འདུག
དེ་ལྟར་མཁན་ཆེན་ཞི་བ་འཚོ་དངོས་གནས་དྲང་གནས་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག །སྐབས་དེར་མཁན་ཆེན་བོད་དུ་ཕེབས་སྐབས་འཕྲུལ་འཁོར་གྱི་རིགས་མེད་ལ། གནམ་གྲུ་དེ་བས་ཀྱང་མེད་པས། རྟ་བོང་ལ་ཆིབས་པ་དང་། སྐབས་དེར་མཛོ་གཡག་ལྟ་བུར་ཆིབས་ཏེ་སྐུ་ལས་མང་པོ་ཞིག་བསྐྱོན་ནས་བོད་དུ་ཕེབས་ཤིང་། ལྷག་པར་རྒྱ་གར་ཚ་བའི་ཡུལ་ས་བབ་དམའ་ས་ནས་བོད་ས་བབ་མཐོ་ལ་གནམ་གཤིས་གྲང་སར་ཕེབས་པར་བརྟེན། ནམ་རྒྱུན་རྒྱ་གར་འཕགས་ཡུལ་དུ་བཞེས་རྒྱུའི་འབྲས་དང་ལྡ་ལི་སོགས་མེད་སྟབས་རྩམ་པ་བཞེས་ནས་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཞིག་བོད་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོར་དགོངས་ནས་སྐུ་ལས་བསྐྱོན་ནས་བོད་དུ་ཕེབས་པ་རེད། ཧ་ཅང་རྩ་ཆེན་པོ་རེད་འདུག །རྒྱལ་རབས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་གྱིས་ནང་ཆོས་སློབ་སྦྱོང་བྱ་རྒྱུའི་རིགས་ལེགས་སྦྱར་དང་པཱ་ལའི་སྐད་ཡིག་སོགས་ཀྱི་ཐོག་ནས་བྱེད་མི་དགོས་པར་བོད་རང་ཉིད་ལ་སྐད་ཡིག་གི་ཐོག་ཏུ་བསྒྱུར་ནས་སློབ་གཉེར་བྱེད་དགོས་ཞེས་ལམ་སྟོན་གནང་བ་དང་། བཀའ་བསྟན་སྒྲ་སྒྱུར་གནང་རྒྱུ་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཐུགས་ཁུར་གཙོ་བོར་བསྐྱེད་པའི་ཐོག་ནས་བཀའ་བསྟན་སྒྲ་སྒྱུར་གནང་རྒྱུ་གཙོ་བོ་སྐབས་དེ་ནས་བསྒྱུར་བ་གནང་ཡོད། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་སློབ་དཔོན་ཐོན་མིས་མདོ་སྡེ་སྤང་ཀོང་ཕྱག་རྒྱ་པ་སོགས་འགའ་ཞིག་བསྒྱུར་ཡོད་པ་ལས། དེ་མིན་གཙོ་བོ་མཁན་ཆེན་ཞི་བ་འཚོས་ཐུགས་ཁུར་བཞེས་ནས་བསྒྱུར་གནང་མཛད་པ་ཞིག་རེད་འདུག །མཁན་ཆེན་ཞི་བ་འཚོའི་གསུང་ལ་ཆ་མཚོན་ན། དབུ་མ་རྒྱན་རང་འགྲེལ་དང་བཅས་པ་དང་། རང་འགྲེལ་དེ་ཉིད་མཆན་ལྟ་བུ་ཞིག་ལས་རྒྱས་པོ་དེ་ཙམ་མེད། ཚད་མའི་གཞུང་ལ་ཚད་མའི་དེ་ཁོ་ན་ཉིད་བསྡུས་པའམ་ཚད་ཆེན་དུ་གྲགས་པ། དེ་དག་ཧ་ལས་པ་ཞིག་རེད་འདུག
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །
པདྨའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །
སློབ་དཔོན་ཀ་མ་ལ་ཤཱི་ལ་ནི། མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཞལ་ཆེམས་འཇོག་པ་གནང་སྟེ། མ་འོངས་པར་བསམ་ཡས་མི་གཡོ་བསམ་གཏན་གླིང་གི་རྒྱ་ཡི་དགེ་སློང་རྣམས་ཀྱི་ཁྲོད་དུ་ཐོས་བསམ་མི་དགོས་པར་སྒོམ་པ་འབའ་ཞིག་བྱས་ན་འགྲིགས་ཞེས་བརྗོད་མཁན་ཡོང་སྲིད་པས། དེ་ལྟའི་གནས་ཚུལ་བྱུང་སྐབས་ཀ་མ་ལ་ཤཱི་ལ་གདན་ཞུ་བྱེད་དགོས་པའི་ཞལ་སློབ་གནང་བ་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལ་བོད་དུ་ཕེབས་ཤིང་། སྐབས་དེའི་རྒྱ་ཡི་མཁན་པོ་མི་རྟོག་པ་ཙམ་ཞིག་གསུང་མཁན་རྣམས་དང་རྩོད་པ་དང་། དགག་བཞག་གི་བགྲོ་གླེང་གནང་ཡོད། ཁོང་གིས་མཛད་པའི་གཞུང་ལ་མཚོན་ན། དབུ་མའི་གཞུང་ལ་དབུ་མ་སྣང་བ་ལྗགས་རྩོམ་མཛད་ཡོད། དེ་ནི་དབུ་མའི་གཞུང་ལུགས་གལ་གནད་ཆེ་བ་ཞིག་ཆགས་ཡོད། ཚད་ཆེན་གྱི་འགྲེལ་པ་པོད་གཉིས་ཡོད་པ་དེ་དག་ཧ་ལས་པ་ཞིག་རེད་འདུག །རྒྱ་ཡི་མཁན་པོ་རྣམས་དང་བགྲོ་གླེང་གནང་སྐབས་ཀྱི་གཞུང་སྒོམ་རིམ་ཐོག་མཐའ་བར་གསུམ་སོགས་མཛད་པ་རྣམས་ང་ཚོས་མཇལ་རྒྱུ་ཡོད་པ་ཤ་སྟག་ཡིན། འདི་ཡན་ཟབ་མོ་ལྟ་རྒྱུད་ཀྱི་སྡེ་ཚན་དེ་ཡིན། རྒྱ་ཆེན་སྤྱོད་རྒྱུད་ནི།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང་། སྡོམ་རྣམ་གཉིས། ཐེག་བསྡུས་སོགས་མཛད་པ་རྣམས་ཀྱང་ང་ཚོས་མཇལ་རྒྱུ་ཡོད། གཞུང་ལུགས་དེ་དག་མཛད་ནས་སྐབས་བབས་གཙོ་བོ་ནི་མངོན་རྟོགས་རྒྱན་གྱི་གཞུང་ལུགས་འཆད་ཉན་གཙོ་བོར་གནང་བ་ཞིག་རེད་འདུག
བྱམས་ཆོས་སྡེ་ལྔ་ནི་མགོན་པོ་བྱམས་པས་གསུངས་པ་ཞིག་ཡིན་ཅིང་། མགོན་པོ་བྱམས་པ་ལ་མི་ཡི་རྟེན་ཅན་ཞིག་ཀྱང་ཡོད་འདུག །མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་དྲང་ངེས་ལེགས་བཤད་སྙིང་པོའི་ནང་དུ་རྒྱ་ཡི་མཁན་པོ་ཝེན་ཚེགས་ཞུ་བ་ཁོང་ཀོ་རི་ཡ་ནས་ཡིན་འདུག །དེ་ལྟར་ཝེན་ཚེགས་ཀྱིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་དེ་ཉིད་ངོས་ནས་རགས་ཙམ་རེ་མཇལ་བ་ཡིན། དེའི་ནང་དུ་རྗེ་བཙུན་བྱམས་པ་མགོན་པོའི་ཡུམ་གྱི་མཚན་ལ་བྱམས་མ་ཞུ་བའི་སྲས་ཡིན་སྟབས་བྱམས་པ་ཞེས་མཚན་ཐོགས་པ་རེད་ཅེས་གསལ་འདུག །དེས་ན་མི་ཡི་རྟེན་ཅན་གྱི་བྱམས་པ་ཞིག་ཡོད་པའི་རྟགས་རེད། དགའ་ལྡན་ལྷ་ཡི་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་ལ་ཡུམ་གྱི་སྐད་ཆ་ཨེ་ཡོད་སྙམ། དེ་ལྟར་མི་ཡི་རྟེན་ཅན་དང་དགའ་ལྡན་ལྷ་ཡི་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་གང་ཞིག་ཡིན་ནའང་། བྱམས་ཆོས་སྡེ་ལྔ་ནི་ཡོད་མུས་ཡིན་ལ། དེས་མ་ཚད་མངོན་རྟོགས་རྒྱན་ལ་ཆ་མཚོན་ན་ཧ་ལས་པ་ཞིག་ཡོད། དེ་བཞིན་རྒྱུད་བླ་མ་དང་། མདོ་སྡེ་རྒྱན་སོགས་ཀྱི་གཞུང་ལུགས་རྣམས་ཀྱང་ཧ་ལས་པ་ཞིག་རེད་འདུག །གཞན་ཡང་དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་སོགས་གཞུང་ལུགས་མང་པོ་ཞིག་ཡོད།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཡོངས་གྲགས་ཀྱི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་པ་སོགས་ཡོད་པ་རྣམས་ཧ་ཅང་ཡག་པོ་འདུག །ཡོངས་གྲགས་མངོན་པ་མཛོད་དང་། ཉི་ཤུ་པའི་ཚིག་ལེའུར་བྱས་པ་སོགས་སེམས་ཙམ་པའི་ཕྱི་དོན་འགོག་པའི་གཞུང་ལུགས་རྣམས་ཡིན།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ང་ཚོས་མཇལ་རྒྱུ་ཡོད་ལ། དེ་བཞིན་ཚད་མ་རིགས་སྒོ་ཡང་མཛད་ཡོད། ཚད་མའི་གཞུང་ལུགས་རྣམས་ལ་མཚོན་ན། ཚད་མ་རིགས་སྒོ་རྒྱའི་སྐད་ཡིག་ཐོག་ཏུ་བསྒྱུར་ཡོད་འདུག་པ་ལས། ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སོགས་ཕལ་ཆེར་རྒྱའི་སྐད་ཡིག་ཐོག་སྔར་བསྒྱུར་ཡོད་བཟོ་མི་འདུག །འོན་ཀྱང་ཕྱིས་སུ་འགའ་ཞིག་བསྒྱུར་ཡོད་འདུག །མདོར་ན་ཚད་མ་མདོ་དང་བཅས་པའི་གཞུང་ལུགས་དེ་དག་བོད་ཡིག་གི་ཐོག་ཏུ་སྔར་ནས་བསྒྱུར་ནས་ཡོད་ལ། དེ་དག་གི་ཐོག་ལ་སློབ་གཉེར་བྱེད་སྲོལ་ཡོད་པ་འདི་ལྟར་ཕལ་ཆེར་བོད་གཅིག་པུ་ལས་གཞན་ལ་མི་འདུག །དཔལ་ནཱ་ལེནྡྲའི་ཚད་མའི་གཞུང་དེ་དག་དེང་སྐབས་བོད་གཅིག་པུ་ལས་ཕལ་ཆེར་གཞན་ལ་མེད་པ་ཞིག་རེད་འདུག །དེ་དག་ང་ཚོས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། གཞན་ཡང་ཕྱོགས་གླང་གིས་བརྒྱད་སྟོད་དོན་བསྡུས་སོགས་ཀྱི་གཞུང་ཡང་མཛད་ཡོད།
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
དཔལ་ལྡན་ཆོས་གྲགས་ཀྱིས་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་སྟེ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། འབྲིང་དུ་བཀྲལ་བ་ཚད་མ་རྣམ་ངེས། བསྡུས་པ་ཚད་མ་རིགས་ཐིགས་ཏེ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་ཆ་ཚང་ང་ཚོའི་བོད་ཀྱི་སྐད་ཡིག་ཐོག་སྔར་ནས་ཡོད་མུས་ཡིན། གཞུང་ལུགས་འདི་དག་མ་བལྟས་ན་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་སྐུ་ངལ་མང་དུ་བསྐྱོན་ནས་སྒྲ་བསྒྱུར་གནང་ཡོད། ང་ཚོས་འཆད་ཉན་གྱི་ཐོག་ནས་བདག་པོ་མ་བརྒྱབ་པར་རང་གར་བཞག་ན་ལོ་ཙཱ་དེ་དག་ལའང་ངོ་ཚ་དགོས་པ་ལྟ་བུ་ཞིག་ཆགས་ཡོད། དེ་བཞིན་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་ཆ་བཞག་ན། འདི་དག་ནི་ང་ཚོ་བོད་པའི་གཟི་བརྗིད་སྟོན་འོས་པ་ལྟ་བུ་ཆགས་ཡོད་ཀྱང་། དངོས་གནས་དྲང་གནས་སྔོན་གྱི་མཁས་པ་དག་གིས་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་འགྲེལ་བཤད་རྩོམ་མཁན་བོད་པ་ལྟ་བུ་ཕལ་བྱུང་ཨེ་ཡོད་སྙམ།
དེ་ཡང་ལོ་ངོ་སྟོང་ཕྲག་གི་རིང་ལ་བོད་ཀྱི་མཁས་པས་མཛད་པའི་དབུ་མའི་གཞུང་དང་། ཕར་ཕྱིན་གྱི་གཞུང་། ཚད་མའི་གཞུང་དང་བཅས་པར་བོད་ཀྱི་མཁས་པའི་གསུང་པོད་སྟོང་ཕྲག་མང་པོ་ཞིག་ཡོད། གསུང་འབུམ་ཁག་རྣམས་ཕྱོགས་བསྡོམས་བྱས་ན་པོད་ཇི་ཙམ་ཡོད་མེད་ང་ཚོས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་འདུག །གཅིག་བྱས་ན་པོ་ཏི་ཁྲི་ཙམ་ལོངས་ཀྱི་མེད་དམ་སྙམ། གསུང་ད་དུང་པར་དུ་མ་འཁོད་པའི་རིགས་ཀྱང་ཡོང་ངེས་ཡིན། དེ་དག་ལ་བསམ་བློ་བཏང་ན་ཧ་ལས་པ་ཞིག་རེད་འདུག །ཚད་མའི་གཞུང་ལ་མཚོན་ན། བོད་པ་རང་ཉིད་ཀྱིས་བྲིས་པ་དཔེར་ན། ཆོས་རྗེ་ས་པཎ་གྱིས་མཛད་པའི་ཚད་མ་རིགས་གཏེར་ནི་ཧ་ཅང་ཡག་པོ་ཞིག་འདུག
ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
ཁྱེད་རང་ཚོའི་ནང་དུ་འགྲེལ་པ་དོན་གསལ་བློ་འཛིན་བྱས་མྱོང་བ་ཇི་ཙམ་ཡོད་དམ། སྔར་བལ་ཡུལ་གྱི་བཙུན་མ་ཁག་ཅིག་ཐུག་འཕྲད་སྐབས་དེ་དག་གི་ཁྲོད་ནས་འགྲེལ་པ་དོན་གསལ་བློ་ཐོག་ཏུ་ཡོད་པ་ཉི་ཤུ་རྩ་ལྔ་ཙམ་ཞིག་འདུག་པས། ངོས་རང་འགྲེལ་པ་དོན་གསལ་བློ་འཛིན་བྱེད་མྱོང་མེད་སྟབས། ཁྱེད་རང་ཚོ་ངོས་ལས་ལྷག་པ་རེད་ཅེས་བསྔགས་བརྗོད་བྱས་པ་ཡིན། ངོས་རང་མངོན་རྟོགས་རྒྱན་དང་། དབུ་མ་འཇུག་པ། མཛོད་ཀྱི་རྩ་བ་བཅས་བློ་འཛིན་བྱས་པ་ལས་རྣམ་འགྲེལ་གྱི་རྩ་བ་དང་། འདུལ་བ་མདོ་རྩ་བ་ཐར་ཐོར་ཞིག་ལས་བློ་འཛིན་བྱས་མེད། དེ་ལྟར་འགྲེལ་པ་དོན་གསལ་བློ་འཛིན་བྱས་མེད་སྟབས། བཙུན་མ་རྣམས་ཧ་ཅང་གྱོང་པོ་འདུག་སྙམ་པ་བྱུང་། ཁྱེད་རང་ཚོ་༸རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་ཆགས་འདུག འགྲེལ་པ་དོན་གསལ་ལས།
འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །
ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་རྟེན་ནས་རྣམ་པར་བཀྲོལ། །
འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །
དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །
ཞེས་གསུངས་པ་ལྟར་མངོན་རྟོགས་རྒྱན་གྱི་ཤེར་ཕྱིན་གྱི་དགོངས་པ་དེ་དབུ་མར་གནས་ཡོད་ཀྱང་། རང་ཉིད་སེམས་ཙམ་པའི་ལྟ་གྲུབ་ལ་མོས་པ་ཤུགས་ཆེ་ཡོད་སྟབས་སེམས་ཙམ་པའི་ལུགས་སུ་བཀྲལ་ཡོད། དེ་ཡི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ་དང་། ཚད་མ་རང་ལ་མཁས་པ་སློབ་དཔོན་ཕྱོགས་གླང་། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན་བྱོན་པ་ལས། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེས་རང་ཉིད་ཀྱི་སློབ་དཔོན་གྱིས་ཕར་ཕྱིན་གྱི་ལྟ་བ་སེམས་ཙམ་པའི་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་གཟིགས་ནས་དབུ་མའི་ལུགས་སུ་བཀྲལ་བ་ཡིན་ཞེས་གསུངས་ཡོད།
དེར་བརྟེན་འཕགས་པ་གྲོལ་སྡེ་བཤེས་གཉེན་བསྟེན་ཚུལ་ལོག་པ་ཡིན་ནམ་མིན། འཕགས་པ་གྲོལ་སྡེས་སློབ་དཔོན་དབྱིག་གཉེན་ལ་དགག་པ་བསྐྱོན་ནས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དེ་མ་འགྲིགས་པར་བརྩི་བཞིན་ཡོད། དེས་ན་ཁོང་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་ཅེས་བརྗོད་དམ་མི་བརྗོད། དེ་ནི་དཔེ་མཚོན་ཞིག་ཡིན། དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་དངོས་གནས་བློ་གཟུ་བོར་གནས་པའི་ཐོག་ནས་རྣམ་དཔྱོད་ཀྱིས་དཔྱད་པ་གནང་སྟེ། རང་ཉིད་ཀྱིས་བླ་མས་མཛད་པ་ཞིག་ཡོད་ཀྱང་། དེ་ཉིད་རིགས་པ་དང་མི་ལྡན་ཞིང་གཞུང་གི་དགོངས་པ་དང་མི་མཐུན་པ་ཞིག་ཡོད་ན་མི་འགྲིགས་པ་ཞིག་ལ་བརྩི་བཞིན་ཡོད། དེ་ནི་ཧ་ཅང་རྩ་ཆེན་པོ་ཞིག་རེད་འདུག །དེ་ནི་མ་གུས་པ་ཞིག་མིན་པར་གུས་པ་ཆེན་པོའི་ཐོག་ནས་སློབ་དཔོན་གྱིས་དགོངས་གཞི་དགོས་པ་འདི་དང་འདིའི་ཐོག་ནས་མཛད་པ་རེད་ཅེས་གསུང་གི་ཡོད། དཔེར་ན། མདོ་སྡེ་དགོངས་འགྲེལ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ཅིང་། དེ་ཡང་སྒྲ་ཇི་བཞིན་པར་ཁས་མ་བླངས་པར་དྲང་དོན་དུ་བཀྲལ་བ་དེ་ཡང་བཅོམ་ལྡན་འདས་ལ་མ་གུས་པས་གཏན་ནས་མིན། དེ་རིགས་ཧ་ཅང་གལ་གནད་ཆེ་ཞིང་། རྣམ་དཔྱོད་ཕུལ་དུ་བྱུང་བའི་རྟགས་མཚན་ཧ་ཅང་གསལ་པོ་ཞིག་རེད་འདུག
ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
སློབ་དཔོན་སེངྒེ་བཟང་པོས་མཛད་པའི་ཕར་ཕྱིན་གྱི་འགྲེལ་པ་དོན་གསལ་ཡིན་ལ། དེ་བཞིན་བརྒྱད་སྟོད་ཀྱི་འགྲེལ་ཆེན་དང་། སྣང་བ་རྣམ་གཉིས་ཞེས་འཕགས་པ་གྲོལ་སྡེའི་ཉི་སྣང་དང་། སློབ་དཔོན་སེངྒེ་བཟང་པོའི་རྒྱན་སྣང་བཅས་ནི་ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་དེ་དག་ཆགས་ཡོད། དེ་དག་ང་ཚོ་ལྟ་ཀློག་འཆད་ཉན་བྱེད་བཞིན་ཡོད། གཞུང་དེ་དག་བསམ་གྱིས་མི་ཁྱབ་པ་ཤ་སྟག་རེད་འདུག
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་དེ་ཉིད་སྒྱུར་བྱེད་ཀྱི་ལོ་ཙཱ་བ་ཡག་པོ་མ་བྱུང་བ་རེད་ཅེས་གསུང་སྲོལ་ཡོད། པ་ཚབ་ལོ་ཙཱ་བ་ལྟ་བུ་ཞིག་གིས་བསྒྱུར་ན་འདུལ་བ་མདོ་རྩ་བ་ད་ལྟའི་འདི་ལས་འགྱུར་ལེགས་པ་ཡོང་གི་རེད་ཅེས་མཚན་ཞབས་དངོས་གྲུབ་མཆོག་ཉིད་ཀྱིས་གསུངས་མྱོང་ཡོད། དངོས་གྲུབ་མཆོག་ཉིད་མཆོག་གིས་འདུལ་བ་མདོ་རྩ་བ་བློ་འཛིན་བྱས་པ་ཡིན་ཞེས་གསུང་གི་འདུག །ལ་ལར་ཡིན་ནོ། །མེད་དོ་ལྟ་བུ་རིགས་མང་པོ་ཞིག་ཡོད་སྟབས་བློ་འཛིན་བྱ་རྒྱུ་ཧ་ཅང་ཁག་པོ་འདུག་ཅེས་གསུང་སྲོལ་འདུག
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །
མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
སངས་རྒྱས་པའི་ཆོས་ཚུལ་བསྡོམས་བརྒྱབ་ན། མངོན་རྟོགས་རྒྱན་ལས། སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །ཞེས་པའི་དོན་དག་ལྟར་འདིར་ཡང་།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
བདེན་གཉིས་ཀྱི་ཐོག་ནས་འགོག་བདེན་དེ་བཞིན་དོན་དམ་བདེན་པའི་སྐད་ཆ་ཞིག་བཤད་ནས་འགོག་བདེན་བརྗོད་དགོས་པ་ལས། དོན་དམ་བདེན་པའི་རྣམ་གཞག་མ་ཤེས་ན། འགོག་བདེན་བཤད་རྒྱུ་གང་ཡང་མེད། དེར་བརྟེན་ཐོག་མར་བདེན་གཉིས་ཀྱི་རྣམ་གཞག་ཤེས་པ་ཞིག་དགོས་པ་ཡིན། བདེན་གཉིས་ཀྱི་རྣམ་དབྱེ་ཕྱི་རོལ་མུ་སྟེགས་པས་བརྗོད་ཀྱི་ཡོད་ལ། རང་སྡེའི་གྲུབ་མཐའ་སྨྲ་བཞི་ཀས་གསུང་གི་ཡོད། འོན་ཀྱང་།
གང་ལ་བཅོམ་དང་བློ་ཡི་གཞལ། །བསལ་ན་དེ་བློ་མི་འཇུག་པ། །
བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །
ཞེས་གསུངས་པ་དེར་མདོ་སྡེ་པས་དངོས་པོ་རང་མཚན་དོན་དམ་བདེན་པ་དོན་གཅིག་དང་། རྟག་པ་སྤྱི་མཚན་ཀུན་རྫོབ་བདེན་པ་དོན་གཅིག་ཅེས་གསུངས་པ་དེ་རིགས་གཏིང་ཟབ་པོ་དེ་ཙམ་མེད། སེམས་ཙམ་པས་དོན་དམ་བདེན་པ་གསུང་སྐབས་གཏིང་ཟབ་ཏུ་འགྲོ་བ་དང་། དེ་རྗེས་དབུ་མ་པ་དང་། དབུ་མ་པ་ལའང་ནང་གསེས་ཐ་སྙད་དུ་རང་མཚན་བཞེས་དང་མི་བཞེས་པའི་ཁྱད་པར་ཕྱེ་ནས་གསུངས་པ་དེར་བསམ་བློ་གཏོང་སྐབས། གཙོ་བོ་སྟོང་ཉིད་ཅེས་པ་དེ་ཉིད་དཀོན་གཉེར་གྱིས་ལྷ་སྐུ་འགྲེལ་བཤད་བརྒྱབ་པ་ལྟ་བུ་ཞིག་མིན་པར། དེ་ནི།
ལས་དང་ཉོན་མོངས་ཟད་པའི་མཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །
དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་དགགས་པར་གྱུར། །
ཞེས་གསུངས་པ་དེའི་ཐོག་ནས་བསམ་བློ་གཏོང་དགོས་པ་ཞིག་ཡིན། དེ་ཡང་མི་སེམས་འཁྲུག་པའི་རིགས་ལ་སྨན་བཅོས་གནང་མཁན་གྱི་ཚན་རིག་པ་སྙན་གྲགས་ཅན་ཨེ་རོན་སྦེག་ཞུ་བ་ཞིག་ཡོད། ཁོང་ད་ལྟ་དགུང་ལོ་གོ་དྲུག་གོ་བདུན་ཙམ་ལ་ཕེབས་ཡོད། ཁོང་གིས་གསུངས་པ་ལྟར་ན། མི་རྣམས་ཞེ་སྡང་ལངས་སྐབས་ཞེ་སྡང་ལངས་སའི་ཡུལ་དེ་ཆེས་མི་སྡུག་པ་ཞིག་ཏུ་མཐོང་གི་ཡོད་ལ། དེའི་མི་སྡུག་པའི་ཆ་བརྒྱ་ཆ་དགུ་བཅུ་ཞེ་སྡང་ལངས་མཁན་གང་ཟག་རང་ཉིད་ཀྱི་རྣམ་རྟོག་གིས་བཅོས་པ་རེད་ཅེས་བརྗོད་ཀྱི་འདུག །དེ་ནི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་ཆགས་སྡང་སྐྱེས་ཚུལ་གསུངས་པ་དང་ཏག་ཏག་ཆགས་ཡོད། དེ་ལྟ་བུའི་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བ་དེ་ནི་བདེན་འཛིན་གྱི་སྤྲོས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལ་བསམ་བློ་ལེགས་པར་བཏང་ན། རྩ་བ་ཤེས་རབ་ཀྱི་རབ་བྱེད་ཉེར་གསུམ་པ་ལས།
འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །
སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་ཏུ་འབྱུང་། །
གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལས་བརྟེན་འབྱུང་བ། །
དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །
ཅེས་སོགས་གསུངས་པ་ལྟར། དུག་གསུམ་རྣམས་རྣམ་པར་རྟོག་པ་ལས་བྱུང་བ་དང་། རྣམ་རྟོག་ཅེས་པ་དེ་ཉིད་ཡུལ་གྱི་ངོས་ནས་གྲུབ་པར་འཛིན་པའི་བློ་དེས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་ཚུལ་གྱི་སྐོར་ཧ་ཅང་གསལ་པོར་གསུངས་ཡོད། དེ་དག་གི་ཐད་ལ་འགྲེལ་བཤད་བརྒྱབ་ནས་བསམ་བློ་གཏོང་དགོས་པ་ཞིག་ཡིན། དེ་དག་ལ་བསམ་བློ་གཏོང་སྐབས་དབུ་མའི་ལྟ་བ་དེ་ད་ལྟ་ད་ལྟའི་གནས་སྐབས་སུ་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ཡིན། ཉོན་མོངས་མེད་པར་གྱུར་ཅིག་ཅེས་རྟག་ཏུ་སྨོན་ལམ་རྒྱག་བཞིན་ཡོད། ཉོན་མོངས་ཀྱི་དགྲ་བོ་ཞེས་རྟག་ཏུ་བརྗོད་ཀྱི་ཡོད། ཉོན་མོངས་ལ་གཉེན་པོ་བསྟེན་དགོས་ན། བྱང་ཆུབ་ཀྱི་སེམས་བསྒོམས་ནས་ཐད་ཀར་ཉོན་མོངས་ལ་གནོད་རྒྱུ་ཧ་ཅང་ཁག་པོ་རེད། སྟོང་ཉིད་ཀྱི་ལྟ་བ་ཉག་ཅིག་ལས་འགྲོ་ས་མེད། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྨང་གཞི་བཅོལ་ས་ལྟ་བུ་དེ་བདེན་འཛིན་གྱི་སྤྲོས་པ་དེ་ཉིད་ཆགས་ཀྱི་ཡོད་སྟབས། དམིགས་གཏད་མཐའ་དག་བཤིག་ཐུབ་པའི་ལྟ་བ་ཞིག་བྱུང་ན། བདེན་འཛིན་གཞི་བཅོལ་དེ་ཉིད་མེད་པ་ཆགས་ཐུབ། དེ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད་འདུག
དེ་བཞིན་འགོག་བདེན་པ་ཞེས་བརྗོད་སྐབས། དེ་ཉིད་ཡོད་སྲིད་པ་འདུག་སྙམ་པ་ཞིག་ཡོང་བ་དང་། ངོས་རང་དེ་ཙམ་ཤེས་ཀྱི་མེད་ཀྱང་། སྟོང་ཉིད་ཀྱི་ལྟ་བར་ངོས་རང་ཆུང་ངུའི་སྐབས་ནས་དོ་སྣང་ཤུགས་ཆེ་ཡོད། ཡང་ཡང་བསམ་བློ་གཏོང་སྐབས་འདོད་པའི་ཉོན་མོངས་མངོན་གྱུར་བ་དེ་རིགས་ཤུགས་གང་འཚམ་ཆགས་པ་ཞིག་ཡོང་གི་འདུག །དེ་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་བློ་བསྒོམས་ནས་འདོད་པའི་ཉོན་མོངས་ཤུགས་ཆུང་དུ་ཕྱིན་པ་ཞིག་མིན་པར་སྟོང་ཉིད་ཀྱི་ལྟ་བ་བསྒོམས་ནས་འདོད་པའི་ཉོན་མོངས་ཤུགས་ཆུང་དུ་འགྲོ་བ་ཞིག་ཏན་ཏན་ཡོང་གི་འདུག །དངོས་ཡོད་གནས་ཚུལ་ལ་དེ་ལྟར་ཕན་ཐོགས་ཡོང་གི་ཡོད།
དེར་བརྟེན་འགོག་བདེན་ཞེས་པ་ཏན་ཏན་འདུག་སྙམ་པ་ཞིག་གི་ཐོག་ནས་ཉོན་མོངས་མངོན་འགྱུར་བ་དེ་དག་ཤུགས་གང་འཚམ་ཆུང་དུ་འགྲོ་སྐབས་མཐོང་སྤང་སྤངས་པའི་འགོག་བདེན་ལ་སོགས་པ་རྣམས་གཞི་ནས་ཡོང་ས་རེད་སྙམ་པ་ཞིག་བློ་ངོར་སླེབས་ཡོང་གི་འདུག །དེས་ན་ཆོས་དཀོན་མཆོག་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་ཐུབ་པ་འདུག
བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
དེའི་ཐོག་ནས། ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །
འདི་ལྟར་འབྲི་དགོས་པའི་རྒྱུ་མཚན་རྣམས་མཇུག་བྱང་གི་ཐོག་ཏུ་བཀོད་ཡོད། ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། ང་ཚོ་བོད་མི་བཙན་བྱོལ་བ་དང་། ཐའེ་ལན་ཌི་བཅས་སུ་མི་རབས་གསར་པ་དེང་དུས་ཀྱི་ཤེས་ཡོན་དང་། ལྷག་པར་སེམས་ཁམས་རིག་པ་དང་། ལྟ་གྲུབ་ཀྱི་རྣམ་གཞག །གཙོ་བོ་སེམས་རྒྱུད་འདུལ་ཐབས་ཀྱི་བཤད་པ་དེ་ཙམ་མེད། མདོར་ན་དངོས་ཁམས་རིག་པ་གཙོ་བོར་གཏན་ལ་ཕབ་པ་ཞིག་དང་། ཕྱི་དངོས་པོ་ཡར་རྒྱས་འགྲོ་རྒྱུ་གཙོ་བོར་དམིགས་པ་ཞིག་ལས། ནང་སེམས་ཡར་རྒྱས་གཏོང་རྒྱུའི་སློབ་སྦྱོང་དེ་དག་གི་ནང་དུ་མེད། དེ་ལྟ་བུའི་སློབ་སྦྱོང་བྱས་ནས་སློབ་གྲྭ་ཐོན་པ་དང་། ཡང་དབང་རྟུལ་དད་པའི་རྗེས་འབྲང་གིས་ཡིད་མ་འཚིམས་ཤིང་། ཡང་བསམ་བློ་གཏོང་རྒྱུའི་སྒོ་ཡང་མ་རྙེད་པ་བཅས་ཀྱི་ཐོག་ནས་ཆོས་ཞེས་བརྗོད་སྐབས་རྨོངས་དད་རེད་སྙམ་པ་ཞིག་དང་། འཛམ་གླིང་འདིའི་ཐོག་གི་ཕྱིའི་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་མཐོང་ཐོས་བྱུང་བ། གཙོ་བོ་ཚན་རིག་གི་ཐོག་ནས་འགྲེལ་བཤད་མང་པོ་བརྒྱབ་པ་དེ་དག་གིས་ཡིད་དབང་འཕྲོག་སྟེ། ཆོས་ཞེས་བརྗོད་སྐབས་འཛམ་གླིང་འདིའི་སྟེང་གི་དད་པ་རྐྱང་པའི་ཐོག་ཏུ་འགྲོ་བའི་ཆོས་དེ་ཁོ་ནར་བསམ་བློ་འཁོར་ནས་སྡོད་བཞིན་པའི་དུས་འདིར།
རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། སངས་རྒྱས་པའི་ཆོས་ཚུལ་འདི་ཉིད་ནི། ངོས་རང་ཆོས་ལུགས་ཚང་མར་གུས་ཞབས་ཡོད། འོན་ཀྱང་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་དང་། ནང་པ་འདྲ་འདྲའི་ནང་ནས་ནཱ་ལེནྡྲའི་ཆོས་བརྒྱུད་འདི་ཉིད་གཞན་དང་མི་འདྲ་བ་ཞིག་ཡོད་པ་དང་། དེ་ཡང་གཙོ་བོ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་ཏེ་གང་དུའང་བརྟག་དཔྱད་ཞིབ་འཇུག་བྱས་པའི་ཐོག་ནས་ཡིན་ལུགས་ཀྱི་རྣམ་གཞག་གཏན་ལ་འབེབས་མཁན་ཞིག་དང་། ཡིན་ལུགས་ཀྱི་རྣམ་གཞག་དེ་ཡང་ཕྱིའི་ཤེས་བྱ་གཏན་ལ་ཕབ་པ་ཙམ་མིན་པར། ནང་གི་ཉོན་མོངས་པའི་སེམས་དང་། ཉོན་མོངས་དང་འབྲེལ་བ་ཇི་ལྟར་དུ་ཡོང་མིན་སོགས་ལ་ཧ་ཅང་ཞིབ་ཚགས་ཀྱིས་གཏན་ལ་ཕབ་ཡོད། དེར་བརྟེན་རྒྱུ་མཚན་ལ་བསམ་བློ་བཏང་ནས་བྱས་ན་སངས་རྒྱས་པའི་ཆོས་སྤྱི་དང་། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་ནི་རྣམ་དཔྱོད་ཅན་གྱི་མཁས་པ་ཤ་སྟག་རེད་འདུག །དེ་ཡང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གི་གཞུང་ལུགས་རྣམས་ལ་ལེགས་པར་བལྟས་ཚེ་ཤེས་རྟོགས་ཐུབ་པ་ཞིག་ཡིན།
དེང་སྐབས་ཚན་རིག་པའི་ནང་ནས་ཚད་རྡུལ་དངོས་ཁམས་རིག་པ་ཞེས་གཟུགས་ཅན་གྱི་ཆོས་གང་དང་གང་ཞིག་ཡིན་ནའང་། ཡུལ་གྱི་ངོས་ནས་མ་གྲུབ་པའི་ཐོག་མའི་བསམ་བློར་འཁོར་མཁན་གྱི་གྲས་ཀྱིས་དངོས་པོ་གང་ཞིག་ཡིན་ནའང་དོན་གྱི་ངོ་བོ་ཞིག་ཡུལ་གྱི་ངོས་ནས་ཡོད་དགོས་པ་གཞིར་བཞག་གིས་བསམ་བློ་བཏང་སྟེ་རིམ་བཞིན་འཚོལ་སྐབས་མཐར་གང་ཡང་མེད་པ་ཞིག་ཆགས་སྐབས་སེམས་ནང་ཡ་མཚན་སྐྱེ་བ་ལྟ་བུ་བྱུང་བའི་ལོ་རྒྱུས་ཡོད། ང་ཚོའི་དབུ་མའི་གཞུང་གི་ནང་ནས་བཏགས་དོན་བཙལ་བ་སྟེ། གཅིག་དུ་བྲལ་གྱི་རིགས་པ་དང་། མུ་བཞི་སྐྱེ་འགོག་གི་རིགས་པ་དེ་དག་གིས་བཏགས་དོན་འཚོལ་བཞིན་ཡོད། དེ་ལྟར་རིམ་བཞིན་བཙལ་མཐར་མ་རྙེད་པ་དེ་མེད་པའི་དོན་མིན་པར། དངོས་པོ་དེ་དང་དེ་ཡོད་ཀྱང་། ཡོད་ལུགས་དེ་ཡུལ་གྱི་ངོས་ནས་མ་གྲུབ་པ་རེད་ཅེས་མཐའ་མའི་གཏན་འབེབས་འདི་ལྟར་དུ་བྱེད་བཞིན་ཡོད། ཡང་གཏན་ནས་མེད་པ་མིན་པར་ཕན་གནོད་འདྲེན་མཁན་ཞིག་ཡོད་པར་བརྟེན། རྐྱེན་ཉིད་འདི་པ་ཙམ་ཞེས་པའི་ཐ་སྙད་དེ་སླེབས་ཡོང་གི་ཡོད། གྲགས་པའི་དབང་གིས་ཡོད་པ་སྟེ།
དེ་ལས་གཞན་དུ་གྱུར་པ་འཇིག་རྟེན་གྲགས་པའི་དབང་གིས་ཡོད་པ་ཡིན། །
ཞེས་གསུངས་པ་ལྟར་རྣམ་བདུན་གྱི་རིགས་པས་བཙལ་ན་རྙེད་རྒྱུ་མེད་ཅིང་། ཡོད་ལུགས་ནི་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཙམ་རེད། དེ་ནི་ཐོག་མར་བདག་ཅག་གི་སྟོན་པས་བཀའ་སྩལ། དེ་རྗེས་ཀླུ་སྒྲུབ་ཡབ་སྲས་རྣམ་གཉིས་ལ་སོགས་པས་ཞིབ་ཚགས་ཀྱི་འགྲེལ་བཤད་གནང་ནས་གཏན་ལ་ཕབ་ཡོད། དེང་གི་དུས་འདིར་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ནས་ཡུལ་གྱི་ངོས་ནས་མེད་པ་དེ་ཉིད་མཐོང་ཞིང་། དེ་རྗེས་ཐ་སྙད་དུ་འཇོག་མཚམས་ཐད་ད་ལྟའི་ཆར་གསལ་པོ་གང་ཡང་མེད་པར་ལྷག་ཡོད། དེའི་སྐོར་ངོས་རང་ཚན་རིག་པའི་དབར་སྔོན་མ་ནས་གོ་བསྡུར་ཕྲན་བུ་བྱུང་ཡོད། བར་ལམ་ལོ་ངོ་གཅིག་གཉིས་གོང་ངོས་རང་ཀ་ལི་ཀ་ལར་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ངོས་རང་སྐད་བཏང་བ་ལྟར། གཙུག་ལག་སློབ་ཁང་དེའི་དགེ་རྒན་གྱི་ཁྲོད་དུ་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་མཁས་དབང་ཞིག་འདུག་ལ། ངོས་རང་ཚད་རྡུལ་དངོས་ཁམས་རིག་པའི་ཐོག་ཏུ་དོ་སྣང་ཡོད་སྟབས། ཁོང་ལ་དུས་ཚོད་ཡོད་ཚེ་ངོས་དང་ཟུར་དུ་ཐུག་འཕྲད་བྱེད་ཀྱི་ཡིན་ཞེས་ངོས་གཉིས་ལྷོད་ལྷོད་ཐོག་ཐུག་འཕྲད་བྱས་ཤིང་། ཁོང་གིས་གཟུགས་ཅན་གྱི་ཆོས་རྣམས་ཡུལ་གྱི་ངོས་ནས་གྲུབ་མེད་ཚུལ་ཧ་ཅང་གསལ་པོ་ཞིག་གསུང་གི་འདུག
དེ་ལས་འཕྲོས་ཏེ་ཁོང་གིས་གསུངས་གསལ་ལ། དངོས་པོ་གང་ཞིག་ཡིན་ནའང་དོན་གྱི་ངོས་ནས་གྲུབ་མེད་པས། དངོས་པོ་ཡོད་པའི་ཡོད་མཚམས་ནི་དེ་འཛིན་གྱི་བློ་ཡོད་པའི་རིང་ལ་དངོས་པོ་དེ་ཡོད་པ་དང་། དེ་འཛིན་གྱི་བློ་མེད་ན་དངོས་པོ་དེ་ཡང་མེད་པ་བཅས་ལྷན་ཅིག་དམིགས་ངེས་ཀྱི་འགྲོ་སྟངས་ལྟ་བུ་གསུང་གི་འདུག །སེམས་ཙམ་པས་ཕྱི་དོན་འགོག་སྐབས་གཟུགས་སོགས་ཀྱི་ཆོས་རྣམས་ཕྱི་རོལ་ཡུལ་གྱི་ངོས་ནས་མ་གྲུབ་པར་བརྟེན་ཤེས་པའི་རང་སྣང་ངམ། རང་འཛིན་ཤེས་པའི་བག་ཆགས་སད་སྟོབས་ཀྱིས་སྣང་བ་ཙམ་ལས་ཕྱི་རོལ་དོན་དུ་གྲུབ་པ་མེད་ཅེས་སེམས་ཙམ་པས་ལྷན་ཅིག་དམིགས་ངེས་ཀྱི་རྒྱུ་མཚན་བཀོད་ནས་གསུངས་པ་དང་གཅིག་མཚུངས་བརྗོད་ཀྱི་འདུག །ཁོང་ནང་པ་མིན་ལ་ནང་པའི་དཔེ་ཆ་ཡང་བལྟས་མེད། བརྗོད་ལུགས་ནི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་གོང་རོལ་ནས་རྒྱ་གར་འཕགས་ཡུལ་དུ་ཡོད་པའི་ལྟ་གྲུབ་ཁག་ཏུ་དེ་དག་ལ་ཞིབ་འཇུག་བྱས་ཏེ་གསུངས་ཡོད། དེ་ནི་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་སུ་གཅིག་ལའང་འདི་ལྟར་བརྗོད་རྒྱུ་མེད། པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་རྣམ་པས་ཀྱང་དེ་ལྟར་གསུང་རྒྱུ་མེད། འདི་ལྟར་བརྗོད་རྒྱུ་ཡོད་པ་ང་ཚོ་བོད་གཅིག་པུ་རེད་འདུག །དེ་དག་གི་འགྲེལ་བཤད་ཀྱང་བོད་ཡིག་གཅིག་པུ་ཡིན་པ་ལས། སྐད་ཡིག་གཞན་དག་སུ་གཅིག་གི་ནང་དུ་འདི་ལྟར་མེད། རིང་མིན་ཕྱི་ཟླ་བཅུ་གཅིག་པའི་ནང་དུ་ཚད་རྡུལ་དངོས་ཁམས་རིག་པའི་ཚན་རིག་པ་རྣམས་དང་ལྷན་དུ་ཚན་རིག་ཚོགས་འདུ་ཞིག་འཚོགས་འཆར་ཐུགས་གཏན་འཁེལ་ཡོད།
རྟགས་མཚན་གཅིག་ནི། དེ་དག་རྒྱུ་མཚན་ཤ་སྟག་གི་གཏན་ལ་འབེབས་བཞིན་པ་ལས། བཅོམ་ལྡན་འདས་ཀྱིས་གསུངས་པས་སོ། །ཞེས་པའི་སྐད་ཆ་ཞིག་མིན། གཞལ་བྱའི་གནས་གསུམ་ཞེས་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་གསུམ་ལས། ཤིན་ལྐོག་རིགས་འགའ་ཞིག་ལུང་ལ་བརྟེན་ནས་འགྲོ་དགོས་པ་ཡོང་གི་ཡོད། འོན་ཀྱང་། ཚད་མ་རྣམ་འགྲེལ་ལས།
གཙོ་བོའི་དོན་ལ་མི་སླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །
ཞེས་གསུངས་པ་ལྟར། གཙོ་བོའི་དོན་རྣམས་རིགས་པས་དཔྱད་ནས་དེ་ལྟར་གསུང་མཁན་གྱི་སྟོན་པས་གསུངས་པ་དེ་དག་ལ་ཞེ་ས་མ་ཞུས་ན། ཞལ་རྫུན་གནང་དགོས་དོན་མེད་ལ། ཁོང་ཚད་ཐུབ་ཆགས་ཡོད་པར་བརྟེན་རང་ལ་ཤིན་ལྐོག་ཏུ་གྱུར་པའི་དོན་ཞིག་ཡིན་ནའང་དེ་ལྟར་སྟོན་མཁན་གྱི་སྟོན་པས་མཐོང་བ་མངོན་གྱུར་དང་། ཅུང་ཟད་ལྐོག་གྱུར་གཉིས་ལས་གཙོ་བོ་ཅུང་ཟད་ལྐོག་གྱུར་གྱི་ནང་དུ་ཡང་ཡང་དཔྱད་མཐར་མཐོང་བ་མངོན་གྱུར་གྱི་ནང་དུ་རི་རབ་གསུངས་པ་དེ་ཁྱད་མཚར་ཞིག་ཆགས་གྲབས་བྱེད་ཀྱི་འདུག །འོན་ཀྱང་ང་ཚོར་རྒྱུ་མཚན་གཅིག་ཡོད་པ་ནི། ཤིན་ལྐོག་སྟོན་པའི་གཞུང་དེ་སྔ་ཕྱི་དངོས་ཤུགས་འགལ་བ་མེད་པ་ཞིག་དགོས་ཞེས་གསུངས་ཡོད། རི་རབ་ཀྱི་རྣམ་གཞག་སྐོར་འགའ་ཞིག་གྲུ་བཞི་དང་། ལ་ལར་ཟླུམ་པོ་སོགས་མི་འདྲ་བ་ཐོན་ཡོང་གི་ཡོད། རི་རབ་ལྟ་བུ་ཤིན་ལྐོག་སྟོན་པའི་གཞུང་གི་ནང་དུ་སྔ་ཕྱི་དངོས་ཤུགས་མི་མཐུན་པ་ཡོད། དེ་ནས་ཏག་ཏག་འགྲོ་གི་མེད་པ་ལྟ་བུ་ཞིག་འདུག །བཙུན་མའི་ཁྲོད་ནས་མཎྜལ་འབུལ་མཁན་ཡོད་ཤས་ཆེ། མཎྜལ་འབུམ་སོགས་སྔོན་འགྲོ་ལྔ་གྲངས་གསོག་གནང་མཁན་གྱི་རིགས་རྣམས་ཧ་ཅང་ཡག་པོ་རེད། རྗེས་སུ་ཡི་རང་ཡོད། ཁྱེད་རང་ཚོ་རྣམ་རྟོག་བྱེད་དགོས་དོན་མེད། ༸རྒྱལ་བ་རིན་པོ་ཆེས་རི་རབ་མེད་ཅེས་གསུང་གི་འདུག་པས། ངས་མཎྜལ་འབུལ་བཞིན་པ་འདི་དག་གང་ཞིག་བྱེད་དགོས་སམ་སྙམ་པའི་བསམ་བློ་གཏོང་དགོས་དོན་མེད། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །ཞེས་དང་། བདག་པོས་བཟུང་དང་མ་བཟུང་དང་། །ཞེས་སོགས་གསུངས་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། འཛམ་གླིང་བྱེ་བ་ཕྲག་བརྒྱ་ཚང་མའི་ཕུན་སུམ་ཚོགས་པའམ་ལེགས་པའི་ཆ་མཐའ་དག་བློ་ཡིས་བླངས་ནས་འབུལ་བ་ནི་འགྲིགས་པ་ཞིག་ཡིན།
མངོན་པ་མཛོད་ནས་གསུངས་པ་ཇི་མ་ཇི་བཞིན་ཁས་བླངས་དགོས་དོན་མེད། དེ་ལྟར་ཤིན་ལྐོག་གི་རིགས་རྣམས་ལུང་ལ་བརྟེན་དགོས་ཀྱང་། སྒྲུབ་བྱེད་མང་དུ་བཀོད་ནས་སྒྲུབ་ཀྱི་ཡོད་སྟབས། སངས་རྒྱས་ཀྱི་གསུང་དེ་དངོས་གནས་རིགས་པས་དཔྱད་བཟོད་པ་ཞིག་རེད་འདུག །ངོས་ནས་ཆོས་ལུགས་གཞན་དང་གཞན་ལ་མ་གུས་པའི་ཐོག་ནས་ཞུ་གི་མེད། འོན་ཀྱང་རིགས་པས་དཔྱོད་སྐབས། ངོས་ཀྱི་གྲོགས་པོ་རྒྱ་གར་བའི་ཆོས་པ་ཧ་ཅང་ཡག་པོ་ཞིག་ཡོད། ཁོང་གིས་ལྷག་བསམ་རྣམ་དག་ཐོག་འཛམ་གླིང་གི་སྣོད་བཅུད་ཚང་མ་དཀོན་མཆོག་གིས་བཀོད་པ་དང་། བཅུད་ཀྱི་སེམས་ཅན་དང་། འགྲོ་བ་མི་ཚང་མ་དཀོན་མཆོག་གིས་བཀོད་པ་རེད། དེ་ལྟར་དཀོན་མཆོག་གིས་བཀོད་པའི་མིའི་ཁྲོད་དུ་མི་སྡུག་ཅག་གི་རིགས་མང་པོ་ཞིག་ཡོང་གི་འདུག་པ་དེ་དག་གང་ཞིག་བྱས་ནས་བྱུང་ངམ་ཞེས་སྐད་ཆ་དྲིས་བྱུང་བར། ངོས་ནས་ཕྱེད་ཀ་རྩེད་མོ་དང་། ཕྱེད་ཀ་དངོས་གནས་ཀྱི་ཚུལ་དུ་འདི་ལྟ་བུ་ཞིག་ལས་བརྗོད་རྒྱུ་མི་འདུག་པས། ཐོག་མར་དཀོན་མཆོག་གིས་དག་ཞིང་དང་། དམྱལ་ཁམས་གཉིས་བཀོད་ཟིན་ཅིང་། དཔེར་ན་ཁང་པ་རྒྱག་པར་ཐོག་མར་ཁང་པར་སྡོད་མཁན་གྱི་མི་ཞིག་དགོས་པ་ལྟར། དམྱལ་ཁམས་སུ་འགྲོ་མཁན་མེད་ན་དམྱལ་ཁམས་བཀོད་པའི་དགོས་པ་མ་བྱུང་བ་རེད། དེར་བརྟེན་དཀོན་མཆོག་གིས་བརྩེ་བ་ཆེན་པོས་མི་ལ་རང་དབང་གི་བསམ་བློ་གཏོང་རྒྱུ་གནང་བས། ང་ཚོ་འགྲོ་བ་མི་རྣམས་ཀྱིས་རང་དབང་གི་བསམ་བློ་བེད་སྤྱོད་ལོག་པར་སྤྱད་པས་དམྱལ་ཁམས་སུ་འགྲོ་མཁན་ཆགས་པར་བརྟེན་དམྱལ་ཁམས་བཀོད་པ་དེ་དགོས་དོན་ཚང་བ་རེད། དེ་མིན་དཀོན་མཆོག་གིས་མ་མཁྱེན་པ་དང་། ཡང་ན་དཀོན་མཆོག་འབ་སུ་མ་འདུས་པ་རེད་ཅེས་བརྗོད་དགོས་པ་ལྟ་བུ་ཞིག་ཡིན། གཞན་ཡང་རྒྱུ་མེད་པ་ལས་སྐྱེས་པ་དང་། མི་མཐུན་པའི་རྒྱུ་ལས་སྐྱེས་ཞེས་བརྗོད་སྐབས་མི་བདེ་བ་ཆེན་པོ་ཡོད། ང་རང་ཚོའི་མངོན་པ་ཀུན་བཏུས་ལས། གཡོ་བ་མེད་པའི་རྐྱེན་དང་། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་ཞེས་གསུང་སྐབས། དངོས་གནས་དངོས་ཡོད་གནས་ཚུལ་ལ་རན་པའི་འགྲེལ་བཤད་ཅིག་བསྐྱོན་ཡོང་གི་ཡོད།
གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་མཚོལ་བ་དང་། དེ་ལྟར་སངས་རྒྱས་ཀྱི་ཆོས་ལ་བསམ་བློ་ཡང་ཡང་གཏོང་བ་དང་། བསམ་བློ་གཏོང་རྒྱུ་དེ་ཡང་ཐོག་མ་ནས་ང་ཡིད་ཆེས་མེད་ཅེས་མི་བརྗོད་པར། བློ་གཟུར་བོར་གནས་པའི་ཐོག་ནས་བརྟག་དཔྱད་བྱེད་དགོས། ཡང་ང་ནང་པ་ཡིན། ངའི་ཕ་མ་ཡང་ནང་པ་ཡིན། སངས་རྒྱས་ཀྱིས་གསུངས་པ་དེ་བདེན་པ་རེད་བརྗོད་པ་དེ་ཡང་མིན་པར། བློ་གཟུ་བོར་གནས་ཤིང་། གང་ཡང་ཡོང་ཆོག་པའི་ཐོག་ནས་ཐེ་ཚོམ་དགོས་པ་ཡིན། ཐེ་ཚོམ་མེད་པ་དོགས་སློང་མི་ཡོང་བ་དང་། དོགས་སློང་མེད་ན་ཡིན་ལུགས་ཀྱི་དཔྱད་པ་བྱེད་པ་མི་ཡོང་ཞིང་། དེར་བརྟེན་ཐེ་ཚོམ་དགོས་པ་ཡིན། ཐེ་ཚོམ་ལ་དོན་འགྱུར་གྱི་ཐེ་ཚོམ་དང་། དོན་མི་འགྱུར་བའི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་བཅས་ཡོད། མདོར་ན་བློ་རྩེ་གཉིས་སུ་གནས་པའི་ཐེ་ཚོམ་གྱི་བློ་ངེས་པར་དུ་དགོས་པ་ཞིག་ཡིན། འགྲེལ་པ་དོན་གྱི་དབུར་དགོས་སོགས་ཆོས་བཞི་གསུང་སྐབས། གཞུང་དེའི་བརྗོད་བྱ་གང་ཞིག་ཡིན་པ་དང་། བརྗོད་བྱ་དེ་ཤེས་ན་དགོས་པ་གང་ཞིག་ཡོད་པ། དགོས་པ་དེ་ཡང་འཕྲལ་གྱི་དགོས་པ་ཙམ་མིན་པར་ཉིང་དགོས་གང་ཞིག་ཡོད་མེད་ལ་རྩད་ཞིབ་བྱེད་ཀྱི་ཡོད། དེ་ལྟར་གཞུང་གི་བརྗོད་བྱ་མཐོང་བ་དང་། བརྗོད་དོན་དེ་དག་ཤེས་ན་དགོས་པ་ཞིག་མཐོང་བ་དང་། དགོས་པ་དེ་ཡང་འཕྲལ་གྱི་དགོས་པ་ཙམ་མིན་པར་ཕུགས་ཀྱི་དགོས་པ་ཞིག་དང་། དེ་དང་འབྲེལ་བ་ཞིག་མཐོང་སྐབས་བསྟན་བཅོས་དེ་ལ་ཐོས་བསམ་སྒོམ་པ་བྱེད་པ་ཞིག་ཡོང་གི་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་ལྟར་ན་གཞུང་གི་དབུ་ནས་ཐེ་ཚོམ་དགོས་པར་གསུངས་ཡོད།
རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། སངས་རྒྱས་པའི་དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་ཞིག་ཆགས་ཡོད། དེ་བཞིན་སྙིང་རྗེ་དེ་ཡང་ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་ཞིག་ཆགས་ཡོད། རྒྱུ་མཚན་མེད་པར་དད་པ་ཁོ་ནའི་ཐོག་དད་པ་བྱེད་པ་དང་། དཀོན་མཆོག་སྙིང་རྗེའི་བདག་ཉིད་ཅན་ཡིན་ཅིང་། དཀོན་མཆོག་གིས་སྙིང་རྗེ་བྱེད་དགོས་པར་གསུངས་ཡོད་ཅེས་པའི་སྐད་ཆ་ཙམ་མིན་པར་རྒྱུ་མཚན་ལ་བསམ་བློ་ཡང་ཡང་བཏང་སྟེ། དཔེར་ན། བདག་གཞན་མཉམ་བརྗེ་ཞེས་པ་ནི། སྤྱོད་འཇུག་ལས།
བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །
སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །
ཅེས་གསུངས་ཡོད་ལ། དེང་གི་འཛམ་གླིང་འདིའི་ཐོག་རྙོག་དྲ་ཇི་འདྲའི་མང་པོ་ཞིག་མི་འདུག་གམ། རྙོག་དྲ་དེ་དག་འགྲོ་བ་མིས་བཟོས་པའི་རྙོག་དྲ་ཆགས་ཡོད། མིས་བཟོས་པའི་རྙོག་དྲ་ནི་མི་སུ་ཞིག་ཡིན་ནའང་། བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་ཚང་མ་གཅིག་མཚུངས་ཡིན། འོན་ཀྱང་རྙོག་དྲ་མང་པོ་ཞིག་མིས་བཟོ་བཞིན་ཡོད། མིས་བཟོས་པའི་རྙོག་དྲ་དེ་དག་གི་རྩ་བ་ཐུག་ས་ང་དང་ང་ཚོ་ཞེས་པའི་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད། གཞན་ལ་བརྩེ་བ་བྱེད་པ་དང་། ང་ཚོ་ཚང་མ་མི་ཡིན་པ་གཅིག་པ་དང་། སེམས་ཅན་གཅིག་མཚུངས་ཡིན་པས། རང་ཉིད་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་ཇི་བཞིན་སྲོག་ཆགས་དེ་དག་ཀྱང་བདེ་བ་འདོད་ཅིང་། སྡུག་བསྔལ་མི་འདོད་པ་རེད་སྙམ་པའི་ཐོག་ནས་མི་ལ་བརྩེ་བ་སླེབས་པ་དང་། མིའི་ཚེ་སྲོག་ལ་བརྩི་མཐོང་སླེབས་ན་མི་གསོད་ཁྲག་སྦྱོར་གྱི་རིགས་མི་ཡོང་བ་ཡིན། དེ་མིན་དེང་སྐབས་མིའི་ཚེ་སྲོག་ལ་རྩེད་མོ་རྩེ་བཞིན་ཡོད། ཉིན་རེའི་འཛམ་གླིང་གི་གསར་འགྱུར་ཁག་ལ་བལྟས་ན། ཕན་ཚུན་གསོད་རེས་གཏོང་བའི་ཡ་ངའི་གནས་ཚུལ་ཧ་ཅང་མང་པོ་ཞིག་ཐོན་བཞིན་པ་དང་། མི་གསོད་བྱེད་ཀྱི་གོ་ལག་ཇི་ཙམ་ནུས་པ་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་དེ་དག་ལ་ངོ་མཚར་སྐྱེས་པ་ལྟ་བུ་བྱེད་བཞིན་ཡོད། དེ་དག་ནི་ཧ་ཅང་ཐབས་སྐྱོ་བའི་གནས་ཚུལ་ཡིན། དེ་དག་འཕྲུལ་ཆས་ཀྱིས་བྱས་པ་མིན་ལ། ཚན་རིག་གིས་ཀྱང་བྱས་པ་ཞིག་མིན། དེ་ནི་ང་རང་ཚོ་བེད་སྤྱོད་བྱེད་མཁན་གྱི་མི་རྣམས་ཀྱི་སེམས་རྒྱུད་མ་དུལ་བའི་ཐོག་ནས་བྱུང་བ་ཞིག་རེད། དེས་ན་སྤྱོད་འཇུག་ལས།
བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །
སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །
ཅེས་གསུངས་པ་དེ་ལྟར་ཡིན། དེར་བརྟེན་སྤྱོད་འཇུག་ལས།
འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །
འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །
ཞེས་གསུངས་པ་ལྟར་རང་ལས་གཞན་གཅེས་པར་འཛིན་ཅེས་པ་ནི། རང་ཉིད་ཧ་ཅང་ཡ་རབས་ཀྱི་ཐོག་ནས་རང་ཉིད་བློས་བཏང་སྟེ། གཞན་གྱི་བདེ་སྡུག་ཁོ་ནར་བསམ་བློ་བཏང་ནས་བྱས་པའི་གནས་དོན་ཞིག་མིན། རྣམ་དཔྱོད་དང་ཤེས་རབ་ཀྱི་ཐོག་ནས་བསམ་བློ་བཏང་ན། རང་ཉིད་ཀྱི་བདེ་བ་སྒྲུབ་ཅིང་། སྡུག་བསྔལ་སེལ་བའི་ཐབས་ལམ་ལེགས་ཤོས་ནི་གཞན་གཅེས་འཛིན་བྱས་ན་རང་ཉིད་ལ་ཁེ་ཕན་ལེགས་ཤོས་དེ་ཐོབ་ཀྱི་ཡོད། མི་ཚེ་འདི་ཉིད་ལ་ཆ་མཚོན་ནའང་། གཞན་གྱིས་དགའ་པོ་བྱེད་པ་དང་། དེ་ལ་བརྟེན་ནས་གྲོགས་པོ་མང་པོ་ཡོང་བ། གྲོགས་པོ་དེ་དག་ཀྱང་བློས་ཐུབ་ཀྱི་གྲོགས་པོ་ཤ་སྟག་ཡོང་བ། བློས་ཐུབ་ཀྱི་གྲོགས་པོ་མང་པོ་ཞིག་བྱུང་ན། རང་ཉིད་སྐྱིད་པོ་ཡོང་ངེས་ཡིན། གྲོགས་པོ་ཇི་ལྟར་དུ་ཡོང་ངམ་ཞེ་ན། གཞན་ལ་བརྩེ་བ་དང་གུས་ཞབས་བྱས་ན་གྲོགས་པོ་ཡོང་ལ། རང་ཉིད་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་སྙམ་ནས་བསྡད་ན་གྲོགས་པོ་ཡོང་ཐབས་མེད། དུད་འགྲོ་རྣམས་ལ་བལྟས་ནའང་ཤེས་རྟོགས་ཐུབ་པ་ཞིག་ཡིན། ཁྱི་ཞིག་ལ་མཚོན་ན། ཁྱི་གཞན་ཞིག་ཡོང་ཚེ་མཇིང་པའི་སྤུ་རྣམས་གཟེངས་ནས་ངར་སྐད་འདོན་ནས་སྡོད་མཁན་དེ་ལ་གྲོགས་པོ་རག་གི་མེད། ཁྱི་ཞི་འཇམ་གྱི་ཐོག་ཏུ་སྡོད་མཁན་རྣམས་ཀྱིས་ཁྱི་གཞན་དང་མཉམ་དུ་རྩེད་མོ་རྩེ་བ་སོགས་ཀྱི་སྡོད་བཞིན་པ་མཐོང་གསལ་ཡིན། སྲོག་ཆགས་ཀྱི་རིགས་ཚང་མ་དེ་ལྟར་ཆགས་ཡོད། དེར་བརྟེན་འགྲོ་བ་མི་ལ་ཆ་མཚོན་ན། ཆོས་ཡོད་མེད་ཇི་ལྟར་ཡང་། ཇི་ཙམ་གྱི་གཞན་ཕན་གྱི་བློ་ཡོད་པའི་མི་དེ་སེམས་སྐྱིད་པ་ཡོད་ལ། སེམས་སྐྱིད་པ་ཡོད་ན་གཟུགས་པོ་བདེ་བ་ཡོད། དེ་དག་ནི་ཆོས་ཕྱོགས་ཀྱི་སྐད་ཆ་ཞིག་མིན་པར་ཚན་རིག་པ་དག་གིས་བརྗོད་ཀྱི་ཡོད།
ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། རྒྱན་དྲུག་མཆོག་གཉིས་ཀྱི་གསོལ་འདེབས་མཁའ་མཉམ་མ་སོགས་སྔར་ནས་བོད་ལ་ཡོད་ཅིང་། དེའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། འཕགས་པ་གྲོལ་སྡེ་ལ་སོགས་པ་རྣམས་ཚུད་མེད། སློབ་དཔོན་དེ་དག་གི་གཞུང་ལུགས་རྣམས་ང་ཚོས་འཆད་ཉན་ཤུགས་ཆེ་བྱེད་བཞིན་ཡོད། དེ་དག་ཡོད་པའི་ཐོག་ནས་མཐའ་མ་པཎ་གྲུབ་བཅུ་བདུན་ལ་གཏན་འཁེལ་བ་ཞིག་ཡིན། དེ་དག་གི་ནང་དུ་མཛོད་འགྲེལ་མཛད་མཁན་སོགས་མང་པོ་ཞིག་འདིར་ཚུད་མེད་ཀྱང་། འདིར་གཙོ་བོ་ཟབ་རྒྱས་ཀྱི་གདམས་པ་གཙོ་བོར་གསུང་མཁན་རྣམས་ངོས་ཀྱིས་སྣོན་མ་བརྒྱབ་པ་སྟེ། ཀླུ་སྒྲུབ་ཀྱི་རྗེས་འབྲང་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ་སོགས་དང་། འཕགས་པ་ཐོགས་མེད་ཀྱི་རྗེས་འབྲང་སྟེ། མངོན་རྟོགས་རྒྱན་གསུང་མཁན་གྱི་རྒྱ་ཆེན་སྤྱོད་ཀྱི་འཕགས་པ་གྲོལ་སྡེ་ལ་སོགས་པ་སྟེ། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གིས་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། ངྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག། །།
རྒྱུ་མཚན་དེ་ལྟར་ཡིན་ལ། དེང་སྐབས་ང་རང་ཚོ་འདི་ལྟར་ཡོང་གྲབས་བྱེད་བཞིན་ཡོད། དེ་ཡང་ང་ཚོ་བོད་རིགས་ཀྱི་ཁྲོད་ནས་དེང་དུས་ཤེས་ཡོན་ཕྱི་ཡི་ཁྲ་ཁྲ་ཟིང་ཟིང་མང་པོ་ཞིག་མཐོང་བ་དང་། ཚུར་ངོས་ཆོས་ཕྱོགས་ཀྱི་ཐོག་ལ་བསམ་བློ་གཏོང་སྐབས། དེ་སྔའི་བོད་ཀྱི་སྤྱི་ཚོགས་ནང་དབང་རྟུལ་དད་པའི་རྗེས་འབྲང་གི་རྨོངས་དད་ཀྱི་འགྲོ་སྟངས་ལྟ་བུ་ཞིག་མཐོང་བ་ལས། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་རྣམས་མ་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་སྐུར་བ་འདེབས་མཁན་དེང་སྐབས་ཀྱང་ཡོང་གི་འདུག །མི་ཤེས་པ་རྣམས་ཀྱི་ཁྲོད་ནས་སྐུར་བ་འདེབས་ཀྱི་མེད་པར། ཤེས་ཡོན་ཅུང་ཟད་ཡོད་པའི་ཁྲོད་ནས་སྐུར་བ་འདེབས་བཞིན་ཡོད། དེ་དག་གིས་དབང་རྟུལ་དད་པའི་རྗེས་འབྲང་གིས་ཡིད་མ་འཚིམས་པ་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་རྣམས་མ་ཤེས་པའི་བར་ནས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་ཆེ་མཐོང་དེ་ཙམ་མི་བྱེད་མཁན་ཡོང་གི་ཡོད། དེ་དག་ལ་ཁག་མེད། མ་ཤེས་པའི་དབང་གིས་ཡོང་གི་ཡོད། ད་ལྟ་མི་རབས་དེ་ལྟ་བུའི་ཐོག་ཏུ་སླེབས་བཞིན་ཡོད། འདི་ལྟའི་མི་རབས་ཀྱི་ཐོག་ཏུ་སླེབས་སྐབས། ད་ལྟ་ཁྱེད་རང་ཚོའི་མི་རབས་དེ་དག་གིས་གཟབ་ནན་ཐོག་དཔེ་ཆ་ལྟ་རྒྱུ་དང་། དཔེ་ཆ་དེ་ཡང་རང་གར་ལྐུག་པ་ཨུ་ཚུགས་དང་། རྨོངས་དད་ཀྱིས་བལྟས་པ་མིན་པར་བསམ་བློའི་སྒོ་ཡོངས་སུ་ཕྱེ་བའི་ཐོག་ནས་འདི་ཡིན་ན་དེ་ཡིན་དགོས་པ་དང་། དེ་ཡིན་འདི་ཡིན་དགོས་པ་སྟེ། དཔེར་ན། རི་རབ་ཡོད་ན་མིག་གིས་མཐོང་དགོས་པ་དང་། ཡང་ན་རི་རབ་ཡོད་ཀྱང་ང་ཚོའི་མིག་གིས་མཐོང་མི་དགོས་ཟེར་ན། རི་རབ་ཀྱི་གྲིབ་གཟུགས་ང་ཚོས་མྱོང་གི་ཡོད་པའི་སྐད་ཆ་ཡིན། མཛོད་ལས།
ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །
ཅེས་བརྗོད་སྐབས། ཉི་མ་རི་རབ་ཀྱི་བྱང་ངོས་སུ་སླེབས་སྐབས་ང་ཚོའི་འཛམ་གླིང་འདི་ཉིད་ནག་ཁུང་ཆགས་ཀྱི་ཡོད། དེར་བརྟེན་རི་རབ་ཀྱི་གྲིབ་གཟུགས་ང་ཚོས་མཐོང་བཞིན་ཡོད། འོན་ཀྱང་གྲིབ་གཟུགས་གང་ལས་བྱུང་བའི་རི་རབ་དེ་ང་ཚོས་མཐོང་གི་མེད། དེས་ན་དེ་ཡང་བཤད་ཁག་པོ་ཞིག་ཆགས་ཡོད། མཁའ་བསྐྱོད་པ་དངོས་སུ་ཟླ་བའི་གྲོང་ཁྱེར་དུ་སླེབས་ཏེ་ཟླ་བའི་གྲོང་ཁྱེར་ནས་འཛམ་གླིང་ལ་པར་ལེན་བྱས་ཡོད། དེ་ཡང་ཐོག་མར་ཟླ་བའི་གྲོང་ཁྱེད་དུ་མི་སླེབས་པའི་སྐབས་ཀྱི་པར་རིགས་འགའ་ཞིག་ངོས་ཀྱི་ངོ་ཤེས་དགེ་བཤེས་འགའ་ཞིག་ལ་བསྟན་པར་དགེ་བཤེས་དེ་དག་གིས་དེ་ཟླ་བ་ཨེ་ཡིན། དེ་ནི་རི་རབ་ཀྱི་ཟུར་ཞིག་ཏུ་བབས་པ་མིན་ནམ། ཞེས་ད་དུང་ཨུ་ཚུགས་ཀྱིས་བརྗོད་ཀྱི་འདུག
སྤྱི་ཡོངས་སངས་རྒྱས་པའི་ཆོས་པ་རྣམས་བསམ་བློ་ཧ་ཅང་གུ་ཡངས་པོ་ཡོད། དཔེར་ན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བ་གྲགས་པར་ཆ་བཞག་ན། མདོ་སྡེ་དགོངས་འགྲེལ་ལྟ་བུ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ལ། སེམས་ཙམ་པ་གྲུབ་མཐའི་རྩ་བ་འཛིན་ས་ལྟ་བུ་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན་ནའང་། མདོ་སྡེ་དགོངས་འགྲེལ་ནས་མཚན་ཉིད་གསུམ་གྱི་རྣམ་དབྱེ་ཕྱེ་ནས་རང་གི་མཚན་ཉིད་ཀྱིས་གྲུབ་མིན་སྐད་ཆ་ཤོད་སྐབས། ཀླུ་སྒྲུབ་ཀྱི་རྗེས་འབྲང་པ་དག་གིས་དེ་ནི་སྒྲ་ཇི་བཞིན་པར་ཁས་བླངས་ན་མི་འགྲིགས་པར་དེ་ནི་དྲང་དོན་གྱི་མདོ་རེད་ཅེས་བཀག་པ་གནང་ཡོད། དེ་སངས་རྒྱས་ཀྱི་བཀའ་ཡིན་ནའང་། སྐྱབས་སུ་མཆིའོ་ཡིན་དང་ཡིན་ཞེས་མི་བརྗོད་པར། སངས་རྒྱས་ཀྱི་བཀའ་ཡིན་ནའང་སྒྲ་ཇི་བཞིན་པར་ཁས་བླངས་ན་རིགས་པས་གནོད་ཀྱི་འདུག་ཅེས་སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་བའི་གྲས་སུ་འཇོག་གི་ཡོད། ཐར་པའི་ཐོབ་པའི་རྒྱུ་རྐྱེན་བྱེད་མཁན་གྱི་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་འདི་ལྟར་གསུངས་ཆོག་ན། གལ་གནད་ཆེན་པོ་མིན་པའི་རི་རབ་དང་། གླིང་བཞི་གླིང་ཕྲན་ལ་སོགས་པ་རྣམས་མངོན་སུམ་ལ་སྙོན་དགོས་པ་ཆགས་ན་ང་ཚོས་ཁས་ལེན་དགོས་དོན་མེད། ངོས་ནས་རི་རབ་མེད་ཅེས་བརྗོད་ན་༸རྒྱལ་བ་རིན་པོ་ཆེ་ལོག་ལྟ་ཅན་རེད་བསམ་པ་དྲན་གྱི་འདུག་གམ། ནང་པའི་གཞུང་ཆེན་མོ་བལྟ་རྒྱུ་ནི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་མར་བློ་མིག་འབྱེད་ཅིང་། དེ་རྗེས་དཔྱད་ཞིབ་བྱས་ནས་འགྲོ་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག
དངོས་ཡོད་གནས་ཚུལ་ལ་ཕྱོགས་གཅིག་ནས་བལྟས་ན། ད་བར་ངོས་ཀྱིས་འཇོན་མིན་ཇི་ལྟར་ཡང་འདི་ལྟར་བྱེད་བཞིན་ཡོད། ད་ཆ་ངོས་རང་ལོ་ ༨༠ བརྒལ་ནས་ ༨༡ ཐོག་ཏུ་སླེབས་བཞིན་ཡོད། གཟུགས་པོ་ཅུང་ཟད་ཐང་ཆད་ཀྱི་འདུག །ད་དུང་ལོ་བཅུ་བསྡད་ན་ལོ་ ༩༠ དང་། དེ་ནས་ལོ་ ༡༠ བསྡད་ན་ལོ་ ༡༠༠ དེ་ནས་སྡོད་ཀྱི་མ་རེད། དེ་ནི་གཏན་འཁེལ་བ་ཞིག་ཡིན། ད་ནི་ཁྱེད་རང་ཚོ་མི་རབས་གཞོན་པ་རྣམས་ཀྱིས་འགན་འཁྱེར་དགོས་པ་ཡིན། རིམ་བཞིན་ངོས་རང་མེད་པ་ཆགས་འགྲོ་གི་རེད། ད་བར་མི་མང་པོ་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་བཞུགས་ཡོད་པས་བསྟན་པ་འཛིན་གྱི་རེད་ཅེས་སོགས་བརྗོད་པ་དེ་ལྟར་མིན། ག་ལེར་ངོས་རང་མེད་པ་ཆགས་ཚར་སོང་ན། ཁྱེད་རང་ཚོའི་མི་རབས་དེ་དག་གིས་འགན་འཁྱེར་བའི་དུས་ཚོད་ལ་སླེབས་ཡོད། དེར་བརྟེན་ད་ལྟ་སློབ་གཉེར་བྱེད་བཞིན་པ་འདི་དག་བོད་སྤྱིའི་བསྟན་པ་ཧ་ཅང་ཕྱུག་པོ་ཞིག་ཡོད་པ་དེ་དག་མི་རབས་ནས་མི་རབས་བར་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ལས་འགན་ཁྱེད་རང་ཚོས་འཁྱེར་དགོས་པ་དང་། ལྷག་པར་བོད་པའི་རབ་བྱུང་མ་རྣམས་ཧ་ཅང་གལ་འགངས་ཆེན་པོ་རེད་འདུག །དེ་དག་ཁྱེད་རང་ཚོའི་སེམས་ལ་བཅངས་དགོས། དེར་བརྟེན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་རྣམས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་མཐོང་སྟེ། ངོས་ནས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འབྲི་དགོས་དོན་འདི་ལྟར་ཡིན། ཞེས་བཀའ་སྩལ་ཏོ།། །།

དཔལ་ནཱ་ལེནྡྲ། བྱོན་པ་ལེགས།