ལ༽ ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་གྱི་སྙིང་པོ།

ལ༽ ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་གྱི་སྙིང་པོ།

 

དེ་ཡང་༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ (1876-1933) མཛད་པའི་སྙན་ངག་ལེའུ་གསུམ་གྱི་དཔེར་བརྗོད་བཻཌཱུརྱ་དཀར་པོའི་ཕྲེང་བ་ལས[1]།

བཀའ་གདམས་བསྟན་པའི་སྲོལ་འབྱེད་མར་མེ་མཛད། །

ལྷ་ཆོས་བདུན་ལྡན་གང་གི་ཆོས་ཀྱི་ཚུལ། །

ཕན་བདེའི་གྲིབ་བསིལ་ཁྱོན་ཡངས་གདུགས་དཀར་པོས། །

ཕྱོགས་བཅུའི་འཇིག་རྟེན་ཁམས་ལས་རབ་ཏུ་བརྒལ། །

ཞེས་བསྟོད་པ་མཛད་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི་རྒྱ་བོད་ཐམས་ཅད་དུ་ཉི་ཟླ་ལྟར་གྲགས་ཤིང་། བསྟན་འགྲོའི་དོན་མཛད་པའི་རྣམ་ཐར་མཐའ་དག་བརྗོད་པར་ག་ལ་ནུས། སྔར་བཤད་པ་དེ་དག་ནི་ཕྱོགས་ཙམ་ཞིག་བརྗོད་པ་ཡིན་ལ། རྣམ་ཐར་དེ་དག་གི་སྙིང་པོ་བསྡུ་ན། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་གསུམ་དུ་འདུ་བ་ཡིན་ལ། དང་པོ་ནི་ཇོ་བོའི་བསྟོད་པ་བརྒྱད་ཅུ་པ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པུ་ར་ཡིན། །དེ་ཡི་དབུས་ན་རྒྱལ་པོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་མངའ་ཐང་འབྱོར་པ་ནི། །རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། །ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་དང་ཟླ་བའི་སྙིང་། །དཔལ་གྱི་སྙིང་པོ་ཞེས་བྱའོ། །རྒྱལ་བུ་པདྨའི་སྙིང་པོའི་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷ་ན་ཤྲཱི་ཞེས་བྱ་བར་གྲགས། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བཱིརྱ་ཙནྡྲ་ཡིན། །འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་བྱུང་བ་ལྟར་རོ།།

དེ་བཞིན་འབྲོམ་སྟོན་ (1004/1005-1064) གྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས[3]། བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ་དེ། །མེ་ཕོ་རྟའི་ལོ་ལ་སྐུ་འཁྲུངས་ནས། །ལོ་བདུན་བར་དུ་རྒྱལ་པོའི་ཁབ་ཏུ་བཞུགས། །བཅུ་དགུའི་བར་དུ་ཨ་ཝ་དྷཱུ་ཏིས་བསྐྱངས། །བཞི་བཅུའི་བར་དུ་བླ་མ་དཔག་མེད་བསྟེན། །དྲུག་ཅུའི་བར་དུ་རྒྱ་གར་ཆོས་ཀྱིས་བསྐྱངས། །ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། །ཟླ་བ་དགུ་རུ་མངའ་རིས་སྟོད་དུ་བཞུགས། །ལོ་གཅིག་ཟླ་བ་གསུམ་དུ་གཙང་རྣམས་འགྲིམས། །ཀུན་ཏུ་སངས་རྒྱས་བསྟན་པ་དར་བར་མཛད། །ཐང་ཆེན་གནས་སུ་ཟླ་བ་བརྒྱད་ཙམ་བཞུགས། །དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་མཛད། །ཞག་རེ་ཞག་གཉིས་བབ་མལ་བརྩིས་པའི་སར། །ཟླ་བ་བཞི་ཙམ་གཞན་དོན་དཔག་མེད་མཛད། །དེ་ནས་ལོ་གསུམ་སོང་ནས་སྙེ་ཐང་བཞུགས། །ཐེངས་གསུམ་བར་ནི་ཟླ་བ་དྲུག་ཙམ་འདས། །ཡེར་པའི་གནས་སུ་ཟླ་བ་གཉིས་བཞུགས་ཏེ། །ལྷ་ས་རྒྱལ་སར་སྒང་དང་སྟོད་ལུང་སོགས། །ཕྱོགས་ཕྱོགས་གནས་མལ་རྣམས་སུ་ཟླ་གཅིག་འདས། །དེ་ལྟར་ང་ལ་བརྟེན་ནས་ལོ་དགུ་དང་། །ཁུ་ལ་བརྟེན་ནས་ཟླ་བ་བརྒྱད་དང་ནི། །བབ་མལ་རྣམས་སུ་ཟླ་བ་བཞི་ཙམ་དང་། །གཙང་གི་ཕྱོགས་སུ་ལོ་གཉིས་ཉེ་བར་གནས། །དྲིལ་བས་དགུང་ལོ་བདུན་ཅུ་དོན་གཉིས་པའི། །སྦྲུལ་ལོ་དབྱུག་གུའི་ཚེས་གཅིག་ནས་བརྩམས་ཏེ། །བཅོ་བརྒྱད་བར་དུ་སྙུང་ཙམ་བསྟན་པ་ལས། །འབྲོམ་སྟོན་ཁོ་ན་དྲུང་དུ་མཆིས་པ་ཡིན། །རྗེ་དེ་ཕ་ཡིན་ཁོ་བོ་བུ་གཅིག་ཡིན། །ཞལ་ཆེམས་ལུང་བསྟན་གདམས་ངག་ཐུགས་ཕབ་པ། །ཐུབ་པས་དགའ་ལྡན་གནས་མཆོག་ཉམས་དགའ་བར། །བྱམས་པ་མགོན་ལ་རྒྱལ་ཚབ་དབང་བསྐུར་ལྟར། །སྟོན་དུས་ལོ་ཐོག་རྒྱས་པར་གྱུར་པ་ན། །བདག་ལ་རྒྱལ་ཚབ་དམ་པར་དབང་བསྐུར་ཏེ། །དབྱུག་གུའི་གྲངས་ཚེས་བཅོ་བརྒྱད་གྱུར་པ་ན། །འཇིག་རྟེན་མགོན་པོ་དགའ་ལྡན་གནས་སུ་གཤེགས། །ཞེས་བྱུང་ངོ་།།

དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[4]། ལོ་ཉེར་གཅིག་ཚུན་ལ་ཕྱི་པ་དང་ནང་པའི་རིག་པའི་གནས་ཐུན་མོང་བ་སྒྲ་དང་གཏན་ཚིགས་རིག་པ། བཟོ་དང་གསོ་བ་རིག་པ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏོ། །ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ་རིགས་ཐིགས་ཚར་གཅིག་གསན་པས་ཕྱི་རོལ་པའི་རྟོག་གེ་བ་མཁས་པར་གྲགས་པ་གཅིག་དང་བརྩད་པས། དེ་ཕམ་པར་མཛད་པས། སྙན་པའི་གྲགས་པ་ཀུན་ཏུ་རྒྱས་སོ། །ཞེས་གྲོ་ལུང་པ་ཆེན་པོ་གསུང་ངོ༌། །དེ་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང༌། རྡོ་རྗེ་མཁའ་འགྲོ་མའི་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས་ཏེ། དགུང་ལོ་ཉེར་དགུ་ཚུན་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་པས། གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ།

དེ་ནས་བླ་མ་དང་ཡི་དམ་རྣམས་ཀྱིས། དངོས་དང་རྨི་ལམ་ཅི་རིགས་པར། རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་བ་ལ་བརྟེན་ནས། ཕལ་ཆེན་སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ། སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ཞིག་ལ་མཁན་པོ་མཛད་ནས་རབ་ཏུ་བྱུང་སྟེ། མཚན་དཔལ་མར་མེ་མཛད་ཡེ་ཤེས་ཞེས་བཏགས་སོ། །དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་མཚན་ཉིད་ཀྱི་ཐེག་པའི་ནང་རིག་པའི་སྡེ་སྣོད་གོང་འོག་རྣམས་ལ་སྦྱངས་ཤིང༌། ཁྱད་པར་དུ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལ་བླ་མ་དྷརྨཱ་རཀྵི་ཏའི་སྤྱན་སྔར་ཨོ་ཏནྟ་པུ་རིར་ལོ་བཅུ་གཉིས་སུ་གསན་ནོ། །རྩ་བའི་སྡེ་བཞིའི་གཞུང་ལ་ཤིན་ཏུ་མཁས་པས། སྡེ་པ་ཐ་དད་པ་རྣམས་ཀྱི་བྱིན་ལེན་ལ་སོགས་པ་བླང་དོར་གྱི་ཆ་ཕྲ་མོ་རྣམས་ཀྱང་མ་འདྲེས་པར་མཁྱེན་ནོ། །ཞེས་གསུངས་སོ།།

གཞན་ཡང་ཕག་གྲུ་རྡོ་རྗེ་རྒྱལ་པོས་ (1110-1170) མཛད་པའི་རབ་གནས་ས་བཅུ་མ་ཇོ་བོ་ལ་བསྟོད་པ་ལས[5]།

ས་བཅུའི་བྱང་ཆུབ་སེམས་དཔའ་འགྲོ་དོན་ལ། །

བསམས་བཞིན་སྲིད་པ་ཉེ་བར་བྷཾ་ག་ལར། །

སྐུ་འཁྲུངས་རིག་པའི་གནས་ལྔ་རབ་ཏུ་སྦྱངས། །

སྨོན་ལམ་སྟོབས་ཀྱིས་ཁ་བ་ཅན་དུ་བྱོན། །

དད་ལྡན་སྐྱེ་བོ་དཀར་ཕྱོགས་ཉ་བ་བཞིན། །

འགྲོ་བའི་ལོ་ཏོག་སྨིན་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས་[6]ཀྱང་། གཉིས་པ་ནི། བོད་དུ་མཛད་ཚུལ་ནི། ལྷ་བླ་མ་ཁུ་དབོན་གྱིས་ལོ་ཙཱ་བ་རྒྱ་བརྩོན་སེང་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས། རིམ་པ་བཞིན་རྒྱ་གར་དུ་བརྫངས་ཏེ། འབད་པ་ཆེན་པོས་ཡང་དང་ཡང་དུ་སྤྱན་འདྲེན་བཏང་བས། བྱང་ཆུབ་འོད་ཀྱི་རིང་ལ་སྤྱན་འདྲོངས་ཏེ་མངའ་རིས་སྟོད་དུ་ཕེབས་ནས། སངས་རྒྱས་ཀྱི་བསྟན་པའི་དག་ཐེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས། མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ཏེ་ཉམས་སུ་ལེན་པའི་རིམ་པར་དྲིལ་བའི་གཞུང༌། བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་བསྟན་པ་རྒྱས་པར་མཛད་དེ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ། མདོ་སྔགས་ཀྱི་གཞུང་དང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ། ༼ག༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༩

[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[3] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡

[4] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༡

[5] རྡོ་རྗེ་རྒྱལ་པོའི་གསུང་འབུམ། ༼༢༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༢ན༥

[6] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༣ ནས་ ༢༦༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *