པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད།
(ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་ ༦ ཚེས་ ༢༤ ཉིན་ལ་དྭགས་ཟངས་དཀར་དཔའ་འདུམ་ཕོ་བྲང་གི་གསུང་ཆོས་ར་བར་སྩལ་བའི་པཎ་གྲུབ་བསྟོད་ཆེན་གྱི་བཀའ་ཁྲིད།)
པཎ་གྲུབ་བཅུ་བདུན་སྲོལ་བཟང་གཏོད་ཚུལ།
དེ་ཡང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་ལས།
ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །
ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །
ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །
ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །
ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་སྟོན་པའི་ཤེར་ཕྱིན་གྱི་གཞུང་རྣམས་མིའི་རྟེན་ཅན་གྱི་མཁས་པའི་ཁྲོད་ནས་བཀའ་བབ་ཀྱི་གཙོ་བོ་གཉིས་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་རྣམ་གཉིས་ཡིན་ཅིང་། དེ་ཡང་ཟབ་མོའི་ལམ་གྱི་རིམ་པ་དེ་ཉིད་མགོན་པོ་ཀླུ་སྒྲུབ་ལ་བཀའ་བབས་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་འཕགས་པ་ཐོགས་མེད་ལ་བཀའ་བབས་པར་བརྟེན། མིའི་རྟེན་ཅན་གྱི་འགྲེལ་བྱེད་གཞན་ལ་ལྟོས་མི་དགོས་པར་རྒྱལ་བའི་དགོངས་པ་རང་དབང་དུ་འགྲེལ་མཁན་གྱི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་ཅེས་གསུངས་ཡོད། ཡང་བསམ་བློ་ཞིག་བཏང་ན། གཙོ་བོ་ལྟ་གྲུབ་ཀྱི་ཐོག་ནས་ཁྱད་པར་ཞིག་འབྱེད་ཀྱི་མེད་དམ་སྙམ། རྣམ་རིག་པའི་ལྟ་བ་གཙོ་བོར་གཏན་ལ་འབེབས་མཁན་དེ་འཕགས་པ་ཐོགས་མེད་ཡིན། དེ་ཡང་ཁོང་ཉིད་ཀྱི་ལས་སྐལ་ལྟ་བུ་དེ། རྣམ་རིག་པའི་ལྟ་བ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་གཙོ་བོ་ཆགས་ཡོད། འཕགས་པ་ཐོགས་མེད་རང་ཉིད་ཀྱི་བཞེད་པ་ནི་རྒྱུད་བླ་ཐོགས་འགྲེལ་ནང་གསལ་བ་ལྟར། དབུ་མའི་ལྟ་བ་ཆགས་ཡོད། འོན་ཀྱང་འཕགས་པ་ཐོགས་མེད་ཀྱི་བཀའ་བབ་ཀྱི་གཞུང་ལུགས་འཆད་སྤེལ་དང་། གཞུང་ལུགས་རྩོམ་པ་སོགས་ནི་རྣམ་རིག་པའི་ལྟ་བ་གཙོ་བོར་གནང་བ་ཞིག་ཆགས་ཡོད། དེས་ན་དབུ་སེམས་ཀྱི་ཤིང་རྟའི་སྲོལ་འབྱེད་གཉིས་ཞེས་བརྗོད་ཀྱང་ཕལ་ཆེར་བརྗོད་ཐུབ་པ་ཞིག་ཡིན། དེ་མིན་རྒྱ་ཆེ་བའི་ལམ་གྱི་རིམ་པར་མཚོན་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མ་གསུངས་པ་མིན་པར་རིན་ཆེན་ཕྲེང་བ་དང་། བྱང་ཆུབ་སེམས་འགྲེལ་སོགས་སུ་གསུངས་ཡོད། དེས་ན་རྒྱ་ཆེ་བའི་ལམ་གྱི་རིམ་པ་དེ་གཉིས་ཀར་ཡོད་པ་ཞིག་ཡིན། དེ་ལྟར།
ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །
ཞེས་གསུངས་པ་ལྟར། ཤིན་ཏུ་རྟོགས་དཀའ་བ་དེ་ཡང་ཕྱོགས་གཅིག་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་ལམ་སང་ལས་སླ་པོའི་ཐོག་ནས་ཤེས་ཐུབ་ཐབས་མེད། བསམ་བློ་མང་དུ་བཏང་། དཔྱད་པ་མང་དུ་བྱས། ལྷག་པར་ཕྱི་ནང་གི་གྲུབ་མཐའ་གཉིས་དང་། ནང་པ་སངས་རྒྱས་པའི་གྲུབ་མཐའ་ལའང་གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་ཀྱི་འདོད་ཚུལ་རྣམས་ཕན་ཚུན་གཤིབ་བསྡུར་གྱི་ཐོག་ནས་དཔྱད་ཞིབ་གནང་ན། ཆོས་ཀྱི་བདག་མེད་བཞེད་མཁན་གྱི་དབུ་སེམས་ཀྱི་གྲུབ་མཐའ་གཉིས་དང་། དེའི་ནང་ནས་ཀྱང་དབུ་མ་པ་ལ་ནང་གསེས་ཀྱིས་རང་བཞིན་ཡོད་པར་སྨྲ་བའི་དབུ་མ་པ་གཅིག་དང་། རང་བཞིན་མེད་པར་སྨྲ་བའི་དབུ་མ་པ་གཅིག་བཅས་མི་འདྲ་བ་གཉིས་ཡོད། དེ་དག་གི་གཞུང་ལུགས་རྣམས་ལ་དཔྱད་བསྡུར་བྱས་ཏེ་བསམ་བློ་བཏང་ན། སེམས་ནང་གཞི་ནས་སྒྲོ་འདོགས་ཆོད་པ་ཞིག་ཡོང་རྒྱུ་ཡོད། དེས་ན་ཟབ་མོ་སྟོང་པ་ཉིད་ཀྱི་དོན་དེ་ལས་སླ་པོའི་ཐོག་ནས་ཤེས་ཐུབ་པ་ཞིག་མིན་པས་ཟབ་པ་དང་། གཉིས་ནས་ཤེར་ཕྱིན་གཞུང་གི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཞེས་གཉིས་གསུངས་ཡོད། དེས་ན་རྗེ་བཙུན་བྱམས་པ་མགོན་པོའི་མན་ངག་ལ་བརྟེན་ནས་མངོན་རྟོགས་རྒྱན་གྱི་དོན་བདུན་ཅུ་གསལ་པོ་ཞིག་ཤེས་ཐུབ་པ་ལས། ཤེར་ཕྱིན་གཞུང་ཤ་སྟག་མཇལ་ནའང་དོན་བདུན་ཅུ་ལམ་སེང་བློ་ངོར་རྟོགས་པ་ཞིག་ཡོང་དཀའ། དེར་བརྟེན་བཅོམ་ལྡན་འདས་ཀྱིས་འདུལ་བའི་གཞུང་ལུགས་སོགས་སུ་དངོས་བསྟན་དང་སྦས་དོན་གཉིས་མེད་ཀྱང་། ཤེར་ཕྱིན་གྱི་གཞུང་ལ་དངོས་བསྟན་དང་སྦས་དོན་གྱི་རིམ་པ་གཉིས་གསུངས་ཡོད། དེ་ལྟ་བས་ན། ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཞེས་གསུངས་པ་ལྟར་ཡིན།
ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །
ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །
ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །
ཞེས་ཀླུ་སྒྲུབ་དང་ཐོགས་མེད་རྣམ་གཉིས་ལ་བསྟོད་ཕྱག་མཛད་པ་ཡིན། ང་རང་ཚོས་བཀའ་འགྱུར་གྱི་གཞུང་ལ་སློབ་གཉེར་བྱེད་པའི་ལྡེ་མིག་ལྟ་བུ་ནི་བསྟན་འགྱུར་ཡིན་ཅིང་། བསྟན་འགྱུར་གྱི་ནང་ནས་པཎ་གྲུབ་བཅུ་བདུན་ཞེས་པའི་སྡེ་ཚན་ཞིག་ངོས་ནས་གསར་གཏོད་བྱས་ཏེ་དེ་དག་གི་སྐུ་ཐང་འབྲི་བཞེངས་དང་། གསོལ་འདེབས་འབྲི་རྩོམ་བྱས་པ་ཡིན། ཁྱེད་རང་ཚོས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདོན་གྱི་ཡོད་དམ་མེད། དེ་ནི་སྔར་མེད་གསར་གཏོད་ཡིན་པས། གཅིག་བྱས་ན་སྔར་ལམ་ཁོ་ན་དེད་ནས་ཕྱིན་ན་དེ་དག་འདོན་མི་དགོས་པ་ལྟ་བུ་ཆགས་ཡོད། པཎ་གྲུབ་བཅུ་བདུན་རྣམས་སྤྱིར་དཔལ་ནཱ་ལེནྡྲའི་མཁས་པ་ཤ་སྟག་ཡིན་ལ། བྱེ་བྲག་ཏུ་པཎ་གྲུབ་དེ་དག་གི་གཞུང་ལུགས་རྣམས་ཕལ་ཆེར་ང་ཚོས་ནམ་རྒྱུན་ནས་སློབ་གཉེར་བྱེད་པ་ཞིག་ཆགས་འདུག །སྤྱིར་མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་སོགས་ཀྱི་རྗེས་འབྲང་མཁས་པ་ཧ་ཅང་མང་པོ་བྱོན་ཡོད་ཀྱང་། པཎ་གྲུབ་དེ་དག་ངོས་ནས་གཙོ་བོ་ཆེ་བར་བརྩིས་པ་ཡིན། དྲང་པོར་ཞུས་ན། ངོས་ནས་རྒྱུས་ཡོད་པ་རྣམས་རེད། གཞན་རྣམས་ངོས་ནས་རྒྱུས་དེ་ཙམ་མེད། པཎ་གྲུབ་རྒྱུས་ཡོད་ཅན་དེ་དག་རིམ་པར་བསྒྲིགས་པ་ཡིན།
ཐོག་མར་དེ་ལྟར་བསྒྲིགས་དགོས་པའི་རྐྱེན་གཅིག་ནི། ཡོངས་གྲགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པ་མེད་པས་དེ་ཉིད་ངེས་པར་དུ་དགོས་ཀྱི་འདུག་སྙམ་པ་ཞིག་བྱུང་ལ། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱང་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད་པ་དང་། དེ་ཡང་ངེས་པར་དུ་དགོས་པ་ཞིག་ཡིན། དེ་མཚུངས་སློབ་དཔོན་ལེགས་ལྡན་འབྱེད་མེད་པས་དེ་ཡང་ངེས་པར་དུ་དགོས་པ་ཡིན། རྒྱལ་སྲས་ཞི་བ་ལྷ་ཡང་མེད་པས་ངེས་པར་དགོས་པ་ཞིག་ཡིན། རྒྱུ་མཚན་གཙོ་བོ་དེ་དག་ཡིན་ལ། དེ་ལྟར་བྱས་ན་མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་རྣམས་ཁ་སྐོང་བྱེད་སྐབས་འཕགས་པ་ཐོགས་མེད་ཀྱི་ཤེར་ཕྱིན་གྱི་འགྲེལ་མཛད་རྣམས་ལ་མཚོན་ནའང་། སྣང་བ་རྣམ་གཉིས་ཞེས་ཉི་སྣང་དང་། རྒྱན་སྣང་གཉིས་པོ་ནི་ཕར་ཕྱིན་སློབ་གཉེར་བྱེད་མཁན་རྣམས་ཀྱི་གཞུང་ལུགས་གཙོ་བོ་གཉིས་ཡིན་ཅིང་། དེ་དག་མཛད་པ་པོ་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་སེངྒེ་བཟང་པོ་རྣམ་གཉིས་ནམ་རྒྱུན་ཡོངས་སུ་གྲགས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་མེད། དེ་དག་ཀྱང་དགོས་ཀྱི་འདུག་སྙམ་པའི་ཐོག་ནས་པཎ་གྲུབ་བཅུ་བདུན་རྣམས་རིམ་པར་བསྒྲིགས་དོན་དེ་ལྟར་ཡིན།
དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟབ་པ་དང་། རྒྱ་ཆེ་བའི་ལམ་གྱི་རིམ་པའི་དགོངས་དོན་དཔྱིས་ཕྱིན་པ་ཤེས་པ་ལ་ཚིག་ཉུང་ངུའི་ཐོག་ནས་དོན་གསལ་བར་དཀྲལ་བ་ནི་རྒྱལ་བ་བྱམས་པ་མགོན་པོས་འཕགས་པ་ཐོགས་མེད་ལ་གསུངས་པའི་ཆོས་བྱམས་ཆོས་སྡེ་ལྔ་དང་། དེ་དག་ལས་གཙོ་བོ་ནི་མངོན་རྟོགས་རྒྱན་ཡིན། དེས་ན་བཀའ་བསྟན་རྣམ་གཉིས་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །བཀའ་བསྟན་རྣམ་གཉིས་སློབ་དེབ་ལ་འདུ་ཤེས་བཞག་སྟེ་ལྟ་ཀློག་བྱེད་དགོས། བཀའ་བསྟན་ཡོངས་རྫོགས་ལྟ་ཀློག་བྱེད་ཐུབ་ཐབས་མེད་ཀྱང་། པཎ་གྲུབ་བཅུ་བདུན་ཞེས་བསྒྲིགས་པ་འདི་དག་གི་གསུང་རྣམས་ལྟ་ཀློག་བྱེད་ཐུབ་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།
༄༅། །དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་
དད་གསུམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ།།
འགྲོ་ལ་ཕན་བཞེད་ཐུགས་རྗེས་རབ་བསྐྲུན་པའི། །
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ། །
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི། །
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ། །
ཞེས་སྟོན་པ་ཐུབ་པའི་དབང་པོར་གཙོ་བོ་རྟེན་འབྱུང་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་དེ་ཉིད་དྲན་པའི་ཐོག་ནས་བསྟོད་ཕྱག་མཛད་པ་དང་། དེ་ནི་མགོན་པོ་ཀླུ་སྒྲུབ་དང་། རྗེ་བདག་ཉིད་ཆེན་པོས་དེ་ལྟར་གནང་བཞིན་ཡོད།
རྒྱལ་ཡུམ་དགོངས་དོན་མཐའ་བྲལ་དེ་ཉིད་དོན། །
རྟེན་འབྱུང་རིགས་ཚུལ་ཟབ་མོས་གསལ་མཁས་པའི། །
ཞེས་པ་ནི། མགོན་པོ་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ནི། མགོན་པོ་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པ་ཞིག་ཡིན། དེས་ན།
རྒྱལ་བའི་ལུང་བཞིན་ཐེག་མཆོག་དབུ་མའི་སྲོལ། །
འབྱེད་མཛད་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
ཞེས་པའོ།།
དེ་སྲས་ཐུ་བོ་མཁས་ཤིང་གྲུབ་པའི་མཆོག །
ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན། །
ཀླུ་སྒྲུབ་གཞུང་འཛིན་ཀུན་གྱི་གཙུག་ནོར་དཔལ། །
རྒྱལ་སྲས་འཕགས་པ་ལྷ་ལ་གསོལ་བ་འདེབས། །
ཞེས་པ་ནི། འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་དང་། གཞན་ཡང་སྔགས་ཀྱི་གཞུང་སོགས་དང་། གོང་ཞུས་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་དྲུག་དང་། བྱང་ཆུབ་སེམས་འགྲེལ་སོགས་ནི་ཧ་ལས་པའི་ལེགས་བཤད་རྨད་དུ་བྱུང་བ་ཤ་སྟག་རེད་འདུག །དེ་དག་གི་བཤད་ལུང་གི་རྒྱུན་ཡོད་ཅིང་། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱི་སྔགས་ཀྱི་གཞུང་ལས། གསང་འདུས་ཀྱི་བསྐྱེད་རྫོགས་ཀྱི་ཐད་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་གཞུང་ལུགས་ཡོད་ལ། ཨཱརྱ་དེ་བའི་མདོ་ཕྱོགས་ཀྱི་གཞུང་གཙོ་བོ་དབུ་མ་བཞི་བརྒྱ་པ་དང་། སྔགས་ཕྱོགས་ལ་སྤྱོད་བསྡུས་སྒྲོན་མེ་དེ་དག་ནི་བསམ་གྱིས་མི་ཁྱབ་པའི་གཞུང་བཟང་ཡིན་ཅིང་། གཞུང་ལུགས་དེ་དག་ང་ཚོས་རྒྱུན་དཔེ་ལྟར་དུ་ལྟ་ཀློག་བྱེད་དགོས་པ་ཡིན། དབུ་མ་བཞི་པའི་སྨད་ཆར་ལྟ་གྲུབ་སྐོར་གསུང་སྐབས་ཕྱི་རོལ་མུ་སྟེགས་པའི་གྲུ་མཐའ་ཕལ་མོ་ཆེ་གསུངས་ཏེ་རིགས་པའི་ཐོག་ནས་བརྡར་ཤ་བཅད་པ་གནང་ཡོད།
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་རྟེན་འབྱུང་གི་དེ་ཁོ་ན་ཉིད་དམ། བཏགས་ཡོད་མིང་ཙམ་ཞེས་པ་དེ་ཉིད་ཧ་ཅང་ཤུགས་ཆེར་གསུངས་ཡོད། ངོས་ནས་ཚིག་ཅིག་ཡོད་པ་ནི། བུདྡྷ་པཱ་ལི་ཏ་ལས། འདི་ལྟར་ངོ་བོ་ཉིད་ལས་ཡོད་པ་ལ་ནི་ཡང་བརྟེན་ནས་གདགས་པས་ཅི་བྱ་སྟེ། དེའི་ངོ་བོ་ཉིད་གང་ཁོ་ན་ཡིན་པ་དེ་ཁོ་ནས་གདགས་པར་བྱ་བར་འགྱུར་རོ། །གང་གི་ཕྱིར་དེ་ངོ་བོ་ཉིད་མེད་པ་དེའི་ཕྱིར་ཉེ་བར་ལེན་པས་གང་གདགས་པར་བྱ་བ་སྟེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ནི་ཧ་ལས་པའི་ནུས་པ་ཆེན་པོ་རེད་འདུག །ང་རང་ཚོ་མང་པོས་བརྟེན་ནས་འདོགས་རྒྱུ་ལས་བྱེད་ཐབས་གང་ཡང་མེད། བརྟེན་ནས་འདོགས་དགོས་པ་ནི་ལྟོས་མེད་རང་དབང་གིས་མ་གྲུབ་པར་བརྟེན། བརྟེན་ནས་མ་བཏགས་ཐབས་མེད་ཡིན།
བདེན་པའི་དངོས་པོ་སྐྱེ་སོགས་མཐའ་བཀག་ཅིང༌། །
ཚད་མ་མཐུན་སྣང་ཕྱི་དོན་བཞེད་པ་ཡི། །
གྲུབ་མཐའི་སྲོལ་གཏོད་ཡོངས་རྫོགས་པཎྜི་ཏ། །
སློབ་དཔོན་ལེགས་ལྡན་འབྱེད་ལ་གསོལ་བ་འདེབས། །
ཞེས་པ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རང་རྩོམ་མཛད་དེ་གསུངས་པ་ནི། དབུ་མ་སྙིང་པོ་རྩ་འགྲེལ་ནི་ཧ་ལས་པའི་གལ་གནད་ཆེ་བའི་གཞུང་ལུགས་ཤིག་ཆགས་ཡོད། དེ་ཡང་ཕྱི་ནང་གི་གྲུབ་མཐའ་ཆ་ལག་ཚང་བ་གསུངས་པའི་ཐོག་ནས་བགྲོ་གླེང་དཔྱད་བསྡུར་གནང་བ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །གཞན་ཡང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མེ་མཛད་དེ་འགྲེལ་པ་ཤེས་རབ་སྒྲོན་མེའི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་ལ་དགག་པ་ཅུང་ཟད་བསྐྱོན་པ་དེ་དག་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པ་རྣམས་ང་རང་ཚོས་དོ་སྣང་ཡོང་ཐབས་སུ་ཁོང་གིས་དགག་པ་མཛད་པ་དེ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དགག་པ་དེ་ལྟར་མཛད་མེད་ན་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ཚིག་གསལ་ནང་དུ་དེའི་གསལ་བཤད་ཞལ་གསལ་ཞིབ་ཕྲ་ཐོན་ཐབས་མེད། དེས་ན་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །དེ་མིན་སློབ་དཔོན་ལེགས་ལྡན་འབྱེད་རང་རྒྱུད་པ་རེད་ཅེས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་ཐལ་ཟློག་གི་སྐབས་སུ་མདོར་བསྟན་དང་རྒྱས་བཤད་མ་མཁྱེན་པ་རེད་ཅེས་ང་ཚོས་སྣང་ཆུང་བྱ་རྒྱུ་གཏན་ནས་ལྷག་མེད། དེ་དག་ནི་བསམ་གྱིས་མི་ཁྱབ་པ་མཁས་པ་རེད་འདུག །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མེའི་ནང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གསུངས་པ་དེའི་ཐོག་སྐྱོན་ཅུང་ཟད་རེ་འཕེན་གནང་མཛད་པ་དེ་དག་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག
རྟེན་འབྲེལ་རྐྱེན་ཉིད་འདི་པ་ཙམ་ཉིད་ཀྱིས། །
མཐའ་གཉིས་སེལ་བའི་སྣང་སྟོང་དབུ་མའི་ཚུལ། །
ཟབ་རྒྱས་འདོམས་མཁས་མདོ་སྔགས་ཡོངས་རྫོགས་ལམ། །
རྒྱས་མཛད་ཟླ་བ་གྲགས་པར་གསོལ་བ་འདེབས། །
ཞེས་དཔལ་ལྡན་ཟླ་བ་གྲགས་པས་རང་གར་ལྗགས་རྩོམ་མཛད་པ་ནི། དབུ་མ་འཇུག་པ་རྩ་འགྲེལ་དང་། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་དབུ་མ་ཚིག་གསལ་བཅས་གཞུང་བཟང་དེ་དག་ཧ་ཅང་གལ་གནད་ཆེ་བས། ང་ཚོས་རྒྱུན་དཔེ་ལྟར་ལྟ་ཀློག་སློབ་གཉེར་བྱེད་དགོས་པ་ཞིག་རེད་འདུག །ངོས་ནས་རྒྱ་རིགས་ཆོས་གྲོགས་རྣམས་དང་། དེ་བཞིན་ཉི་ཧོང་གི་ཆོས་གྲོགས་རྣམ་པར་དབུ་མ་ཚིག་གསལ་དེ་སྔ་བསྒྱུར་བ་བྱུང་མི་འདུག་པས་དབུ་མ་ཚིག་གསལ་རང་རང་གི་སྐད་ཡིག་ཐོག་བསྒྱུར་དགོས་ཞེས་བརྗོད་ཀྱི་ཡོད། འཇུག་པ་རྩ་འགྲེལ་རྒྱ་ཡིག་ཐོག་ཡོད་ཀྱང་། དབུ་མ་ཚིག་གསལ་རྒྱ་ཡིག་སོགས་སུ་བསྒྱུར་མི་འདུག་པས། བསྒྱུར་དགོས་ཞེས་བརྗོད་པས་འགའ་ཞིག་བསྒྱུར་ཟིན་ནས་སྐད་ཡིག་གཞན་གྱི་ཐོག་ཏུ་ཡོད། དེས་ན་དབུ་མའི་ལྟ་བ་ཞིབ་ཚགས་ཤེས་པ་ལ་དབུ་མ་ཚིག་གསལ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །སྔགས་ཕྱོགས་ལ་མཚོན་ན། གསང་འདུས་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་མཛད་ཡོད་སྟབས། མདོ་སྔགས་ཡོངས་རྫོགས་ལམ། །ཞེས་བཀོད་ཡོད།
ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །
ཟབ་དང་རྒྱ་ཆེའི་རིགས་ཚུལ་རྣམ་མང་གིས། །
སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །
རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །
ཞེས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བཤད་ལུང་གི་རྒྱུན་ཡོད་པ་བསླབ་བཏུས་དང་། བསླབ་བཏུས་ཀྱི་ཞལ་སྐོང་གི་ཚུལ་དུ་སྤྱོད་འཇུག་གཉིས་སྦྲགས་ནས་ཕྱིན་ན་ཧ་ལས་པ་ཞིག་ཡོད། ཡང་སྤྱོད་འཇུག་རྐྱང་པའི་ཐོག་ནས་བལྟས་ཀྱང་ཧ་ལས་པ་ཞིག་ཡོད། གཞུང་དེ་དག་ལྟ་རྒྱུ་གལ་གནད་ཧ་ཅང་ཆེན་པོ་རེད་འདུག །བདག་གཞན་མཉམ་བརྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་གཞག་སྟོན་པའི་གཞུང་དུས་རབས་བརྒྱད་པའི་ནང་དུ་རྒྱལ་སྲས་ཞི་བ་ལྷས་མཛད་ཅིང་། དུས་དེ་ནས་བཟུང་སྟེ་ད་ལྟ་བར་བདག་གཞན་མཉམ་བརྗེའི་བློ་སྦྱོང་སྟོན་པའི་གཞུང་དེ་ལས་ལྷག་པ་ཞིག་མེད་པ་ཤིན་ཏུ་གསལ།
གདུལ་བྱའི་ཁམས་བཞིན་གཉིས་སྟོང་དབུ་མའི་ལམ། །
སྲོལ་གཏོད་དབུ་ཚད་རིགས་ཚུལ་འབྱེད་མཁས་ཤིང་། །
ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །
མཁན་ཆེན་ཞི་བ་འཚོ་ལ་གསོལ་བ་འདེབས། །
ཞེས་པ་ལྟར། མཁན་ཆེན་ཞི་བ་འཚོ་ནི། དཔལ་ནཱ་ལེནྡྲའི་མཁས་པ་ཙམ་མ་ཟད། རང་ཉིད་ཀྱི་གྲུབ་མཐའ་མི་འདྲ་བ་རང་རྐང་ཚུགས་པ་ཞིག་གནང་ཡོད་སྟབས། ནམ་རྒྱུན་ང་ཚོའི་གཞུང་ལུགས་ཁག་ཏུ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པ་ལྟ་བུ་ཆགས་ཀྱི་ཡོད། དཔལ་ལྡན་ས་སྐྱ་པས་རང་རྒྱུད་གོང་མ་དང་འོག་མ་ཞེས་གསུངས་ལ། སློབ་དཔོན་ལེགས་ལྡན་འབྱེད་ཕྱི་དོན་མདོ་སྡེ་པས་འདོད་པ་ལྟར་ཞལ་གྱིས་མི་བཞེད་སྟབས། མདོ་སྡེ་པ་གྲུབ་མཐའ་འོག་མ་ཡིན་པར་བརྟེན་རང་རྒྱུད་འོག་མ་ཞེས་གསུངས། མཁན་ཆེན་ཞི་བ་འཚོས་རྣམ་རིག་པའི་ལྟ་བ་གསུང་གི་ཡོད་སྟབས། རང་རྒྱུད་གོང་མ་ཞེས་པའི་ཐ་སྙད་མཛད་ཡོད།
ལྷག་པར་མཁན་ཆེན་ཞི་བ་འཚོས་མཛད་པའི་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་དང་། གལ་གནད་ཤིན་ཏུ་ཆེ་བའི་གཞུང་གཅིག་ནི་ཚད་མའི་དེ་ཁོ་ན་ཉིད་དམ་ཚད་ཆེན་དུ་གྲགས་པ་དེ་ཉིད་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །ནམ་རྒྱུན་རི་བོ་དགེ་ལྡན་པའི་གདན་ས་སེ་འབྲས་དགའ་གསུམ་གྱི་བཤད་གྲྭ་དག་གིས་ཚད་ཆེན་བློ་རིག་རྣོ་བ་ལ་ལས་བློ་འཛིན་བྱེད་པ་ལས། དེ་མིན་གོམས་འདྲིས་ཆེ་བ་མི་འདུག་ཅིང་། ངོས་ནས་རྙིང་མའི་བཤད་གྲྭ་ཆེ་ཤོས་པད་ནོར་རིན་པོ་ཆེའི་གདན་ས་རྣམ་གྲོལ་གླིང་དུ་ནམ་རྒྱུན་གཞུང་ཆེན་ལོ་དགུ་རིང་སློབ་གཉེར་བྱེད་སྲོལ་འདུག་པས། ངོས་ནས་ལོ་དགུ་ཉུང་དྲགས་པས་ལོ་དགུའི་ཐོག་ཚད་ཆེད་ལོ་གསུམ་ལྟ་དགོས་ཞེས་བརྗོད་པ་ཡིན། ཁྱེད་རང་ཚོས་གོ་བསྡུར་ཐོག་མོས་མཐུན་ཡོད་ཚེ་ཚད་ཆེན་ལྟ་དགོས་ཞེས་བརྗོད་པ་ཡིན། སྔ་འགྱུར་རྙིང་མར་ཆ་མཚོན་ན། མཁན་ཆེན་ཞི་བ་འཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་ལ། ཚད་ཆེན་ལ་སློབ་གཉེར་བྱེད་མཁན་དེ་ཙམ་མི་འདུག་པས། རྣམ་གྲོལ་གླིང་ནས་ཚད་ཆེན་ཐོག་སློབ་གཉེར་བྱེད་ཐུབ་ལ་ཡག་པོ་འདུག །ཅེས་འབོད་སྐུལ་བྱས་པ་ཡིན། མཁན་ཆེན་ཞི་བ་འཚོ་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བས།
ཁ་བའི་ལྗོངས་སུ་རྒྱལ་བསྟན་སྤེལ་མཛད་པ། །
ཞེས་ང་རང་ཚོ་བོད་ཁ་བ་གངས་ཅན་གྱི་ནང་པ་སངས་རྒྱས་པའི་ཆོས་འདི་ང་ཚོས་འཛམ་གླིང་འདིའི་ཐོག་སྤོབས་པ་མཐོན་པོའི་ཐོག་ནས་བཤད་ཐུབ་པ་ཞིག་ཡོད། ང་ཚོས་འཛམ་གླིང་ཐོག་ནང་ཆོས་སྤེལ་གྱི་མེད་པར་ཡུལ་གྲུ་རང་རང་གི་ཆོས་ལུགས་དེ་རང་ལེགས་པ་ལས། ཆོས་ལུགས་བརྗེས་ན་ཡག་པོ་མེད་ཅེས་རྟག་ཏུ་བརྗོད་མུས་ཡིན། དེས་ན་ཆོས་ལུགས་སྤེལ་རྒྱུའི་བསམ་བློ་གཏན་ནས་མེད། འོན་ཀྱང་ང་རང་ཚོའི་ཕ་མེས་ཀྱི་ཆོས་ལུགས་ནང་ཆོས་ཆགས་ཡོད། དེས་ན་ང་ཚོས་ནང་ཆོས་བདག་པོ་རྒྱག་དགོས་པ་ཡིན། གོང་དུ་རྒས་འཁོགས་ཐུག་འཕྲད་བྱས་པའི་ཁྲོད་དུ་རྨོ་ཞིག་འདུག་པ་དེས་རྒལ་པར་ར་ལྤགས་དྲེག་པས་འཚོས་པ་ཞིག་གྱོན་འདུག །ངོས་ནས་ར་ལྤགས་དེ་ཁྱེད་རང་གི་མི་ཐོག་ལ་བཟོས་སམ། ཡང་ན་ཕ་མའི་དུས་སྐབས་ནས་ཡོད་དམ་ཞེས་དྲིས་པར། ཕ་མའི་སྐབས་ནས་ཡོད་ཅེས་བརྗོད་ཀྱི་འདུག །མི་རབས་ཇི་ཙམ་ཕྱིན་མིན་དྲིས་པར་གསལ་པོ་དེ་ཙམ་བརྗོད་རྒྱུ་མི་འདུག །དེས་ན་ཅ་དངོས་རྙིང་པའི་རིགས་རྣམས་ང་ཚོའི་ཕ་མའི་དུས་ཀྱི་ཡིན་ཞེས་བདག་པོ་རྒྱག་པ་ལྟར། ནང་པ་སངས་རྒྱས་པའི་ཆོས་དེ་ཡང་ང་ཚོའི་ཕ་མེས་ཀྱི་ཆོས་ལུགས་ཡིན་པས་དེ་བས་བདག་པོ་རྒྱག་དགོས་པ་ཡིན། དེ་ནི་ང་ཚོས་ནང་པ་མིན་པ་ཞིག་ལ་ནང་པ་བྱེད་དགོས་ཞེས་ནམ་ཡང་བརྗོད་ཀྱི་མ་རེད། འདུལ་བའི་གཞུང་ལས། མ་གསོལ་བར་མི་བྱའོ། །ཞེས་གསུངས་པ་ལྟར། ཚུར་ཆོས་འཆད་རོགས་ཞེས་མ་བརྗོད་བར་དུ་མ་ཤོད་ཅེས་གསུངས་ཡོད། དེས་ན་ཕར་ཆོས་འཆད་པར་ཕྱིན་ནས་ཆོས་ལུགས་བསྒྱུར་རྒྱུ་དེ་གཏན་ནས་མི་འགྲིགས་པ་ཞིག་ཡིན། དེ་ལྟར་ང་ཚོ་ནང་པས་བྱས་ན་མི་འགྲིག་ལ། ཆོས་ལུགས་གཞན་གྱིས་སྐབས་རེ་དེ་ལྟར་བྱས་ནའང་མི་འགྲིག །ཡེ་ཤུའི་ཆོས་པ་རྣམས་ནས་སྤྱི་ཚོགས་ཐོག་ཕན་ཐོགས་བྱེད་རྒྱུ་ཧ་ལས་པ་རེད། ཡིན་ནའང་སྐབས་རེ་ཆོས་ལུགས་བསྒྱུར་རྒྱུ་ཕྲན་བུ་ཡོང་གི་ཡོད། དེ་དག་གིས་སྐབས་རེ་རྙོག་དྲ་ཡོང་གི་ཡོད།
དེས་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གདན་ཞུ་གནང་བ་ལྟར། དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྱི་གྲས་མཁན་ཆེན་འཚོ་རང་ཉིད་བོད་གངས་ཅན་གྱི་ལྗོངས་སུ་ཞབས་ཀྱིས་བཅགས་ཤིང་། མཐའ་མ་ཁོང་ཉིད་ཀྱི་སྐུ་ཚེའི་འདུ་བྱེད་ཀྱང་བོད་རང་དུ་གཏོང་བ་གནང་ཡོད། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བརྗོད་པ་ལ། མཁན་ཆེན་ཞི་བ་འཚོས། ཁྱེད་རང་ཚོ་བོད་ལ་བོད་ཀྱི་སྐད་ཡིག་ཟུར་དུ་ཡོད་སྟབས། རྒྱ་གར་མཁས་པའི་གཞུང་རྣམས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ནས་བོད་ཀྱི་སྐད་ཡིག་གི་ཐོག་ནས་སློབ་གཉེར་བྱས་ན་ལེགས་ཚུལ་གྱི་བཀའ་སློབ་ལམ་སྟོན་མཛད་ཡོད་ལ། མཁན་ཆེན་ཞི་འཚོ་རང་ཉིད་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་མཛད་དེ་སློབ་སྦྱོང་གནང་བ་རེད་ཅེས་བརྗོད་ཀྱི་འདུག །དེས་ན་མཁན་ཆེན་ཞི་བ་འཚོས་བོད་སྐད་གང་འདྲ་ཞིག་བསྐྱོན་གྱི་ཡོད་དམ། མཁྱེན་ལ་མ་མཁྱེན་ཞིག་བསྐྱོན་གྱི་མེད་དམ།
ལྷག་པར་ཁོང་སྐུ་ན་ཤིན་ཏུ་བགྲེས་པོ་ཡིན་པས། རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་ཚོས་བརྗོད་པ་ལྟར་ན། ཁོང་བོད་དུ་ཕེབས་སྐབས་དགུང་ལོ་བདུན་ཅུ་དོན་ལྔ་དོན་དྲུག་ཙམ་ཞིག་ཡིན་པ་དང་། དགུང་ལོ་དགུ་བརྒྱ་ཞེས་པ་དེ་ཇི་ལྟར་ཡིན་མིན་བརྗོད་ཐུབ་པ་མེད། ངོས་ཀྱི་ངོ་ཤེས་རྒྱ་གར་བའི་ལོ་རྒྱུས་སྨྲ་བ་ཞིག་ཡོད། ཁོང་གིས་མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༠༠ དང་། ༡༠༠༠ བཞུགས་པ་དེ་ལྟར་མིན་པར་བོད་པས་ ༡༠༠ ཐམ་པར་ཀླད་ཀོར་ཞིག་སྣོན་མ་བརྒྱབ་ནས་ ༡༠༠༠ བཅོས་པ་རེད་ཅེས་བརྗོད་ཀྱི་འདུག །གང་ལྟར་གང་ཞིག་ཡིན་ནའང་། ཡོངས་གྲགས་ལྟར་བརྩིས་ན་དགུང་ལོ་བདུན་ཅུ་ཙམ་དུ་ཕེབས་སྐབས་བོད་དུ་ཕེབས་ཤིང་། དངོས་གནས་དྲང་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་བཞིན་ཁོང་གིས་འདི་ལྟར་དུ་བྱས་ཏེ་བསླབས་ཡོད།
ཚད་མའི་གཞུང་ལ་མཚོན་ན། གོང་དུ་ཞུས་པ་ལྟར། ཚད་ཆེན་མཛད་པ་དང་། ལྷག་པར་ཁོང་གི་སློབ་མ་ཀ་མ་ལ་ཤཱི་ལས་ཚད་ཆེན་གྱི་འགྲེལ་པ་བསྟན་འགྱུར་གྱི་ཁྲོད་དུ་པོད་གཉིས་ཡོད། ཁོང་གཉིས་ཀྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་བཙུགས་ཤིང་། སློབ་སྟོན་གནང་མཁན་ཁོང་གཉིས་ཡིན། ནང་པ་སངས་རྒྱས་པའི་ཚད་མའི་གཞུང་ལ་དོ་སྣང་བྱེད་རྒྱུ་དེ་བོད་པ་ཁོ་ནར་མ་གཏོགས་རྒྱ་ནག་ལ་མེད། རྒྱ་ནག་ལ་མཚོན་ན། ཚད་མའི་གཞུང་བསྒྱུར་མེད། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་རིགས་སྒོ་དེ་རྒྱ་ཡིག་ཏུ་བསྒྱུར་ཡོད་འདུག་པ་ལས། དེ་མིན་ཚད་མ་ཀུན་ལས་བཏུས་པ་བསྒྱུར་མེད་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་ཡང་རྒྱ་ཡིག་ཏུ་བསྒྱུར་མི་འདུག །ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་ཚད་མའི་གཞུང་ལུགས་དེ་དག་སྔར་ནས་བསྒྱུར་ནས་ཡོད་ལ། བསྒྱུར་བ་ཙམ་མིན་པར་འཆད་ཉན་གནང་བ་དང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་རང་རྩོམ་གྱིས་ཚད་མ་རིགས་གཏེར་མཛད། དེ་ནས་ཕྱྭ་པ་ཆོས་སེང་ཡབ་སྲས་ཀྱིས་རིགས་ལམ་གྱི་ཐོག་ནས་རྟགས་གསལ་གཏོང་སྟངས་སོགས་གསར་གཏོད་གང་འཚམ་གནང་ཡོད་འདུག
འདི་ལྟར་བྱས་ན་འདི་དག་ང་ཚོ་བོད་ཀྱི་ཐུན་མོང་མ་ཡིན་པ་ཞིག་རེད་འདུག །འཛམ་གླིང་འདིའི་ཐོག་ནང་པ་སངས་རྒྱས་པའི་ཚད་མའི་གཞུང་ལུགས་རྩ་བ་བློ་འཛིན་བྱས་ཤིང་། འགྲེལ་པ་བལྟས་ཏེ་ཆོས་ར་འགྲིམས་ནས་རྣམ་འགྲེལ་རྩོད་པ་སོགས་བྱེད་པ་ནི་བོད་པ་ཁོ་ནར་མ་གཏོགས་མེད། འཛམ་གླིང་འདིའི་ཐོག་ནང་པ་ས་ཡ་སྟོང་ཕྲག་གཅིག་ལྷག་ཙམ་ཡོད་ཅིང་། དེང་སྐབས་རྒྱ་ནག་ཏུ་ནང་པ་ཧ་ཅང་མང་པོ་ཞིག་ཆགས་ཡོང་གི་ཡོད། རྒྱ་ནག་ནང་དུ་ནང་པ་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱའི་བར་ཡོད་ཚུལ་བརྗོད་ཀྱི་ཡོད། ནང་པའི་རྒྱལ་ཁབ་དང་ཡུལ་ལུང་གཞན་དུ་ཡོད་པ་རྣམས་བསྡོམས་ན་ནང་པ་ས་ཡ་སྟོང་ཕྲག་གཅིག་ཙམ་མེད་དམ་སྙམ། ས་ཡ་སྟོང་ཕྲག་གཅིག་ཙམ་གྱི་ནང་ནས་ཚད་མའི་གཞུང་ལ་སློབ་སྦྱོང་བྱེད་མཁན་བོད་པ་གཅིག་པུ་ཡིན་ཅིང་། དེ་ལ་གནད་འགག་ཆེན་པོ་ཡོད། དེས་ན་ཞི་འཚོ་ཡབ་སྲས་རྣམས་བོད་གངས་ཅན་གྱི་ལྗོངས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་རེད་འདུག
མཐའ་བྲལ་དབུ་མའི་ལྟ་དང་ཞི་ལྷག་ཟུང་། །
སྒོམ་རིམ་མདོ་རྒྱུད་བཞིན་དུ་ལེགས་བཀྲལ་ནས། །
གངས་ལྗོངས་རྒྱལ་བསྟན་འཁྲུལ་མེད་གསལ་མཛད་པ། །
པད་མའི་ངང་ཚུལ་ཞབས་ལ་གསོལ་བ་འདེབས། །
འདི་ཡན་ཆད་ཀྱིས་ཟབ་མོ་དབུ་མའི་རྒྱུད་འཛིན་རྣམས་ཡིན། གཤམ་གྱི་ཐོགས་མེད་ནས་བཟུང་སྟེ་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་རྒྱུད་འཛིན་ལས།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་པ་འཕགས་པ་ཐོགས་མེད་དང་།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཞེས་མངོན་པ་མཛོད་དང་། གཞན་ཡང་བྱམས་ཆོས་གཞུང་གི་འགྲེལ་པ་སོགས་བསམ་གྱིས་མི་ཁྱབ་པའི་མཁས་པ་རེད་འདུག །མཛོད་གནས་གསུམ་པ་འཇིག་རྟེན་ཁམས་གསུངས་པ་དེ་དག་ལས་འགའ་ཞིག་སྒྲ་ཇི་བཞིན་པར་ཁས་བླངས་ན་མངོན་སུམ་ལ་བསྙོན་པ་ཡིན།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། སློབ་དཔོན་ཕྱོགས་གླང་ནི་ཧ་ལས་པ་ཞིག་རེད་འདུག །ཚད་མ་ཀུན་བཏུས་ཧ་ཅང་མཁྲེགས་པོ་རེད་ལ། ཧ་ལས་པ་ཞིག་རེད་འདུག །ཐོག་མའི་མཆོད་བརྗོད་དེ་ཉིད་ཀྱང་ཧ་ལས་པ་ཞིག་རེད། དེ་ཡང་། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཞེས་མཆོད་པར་བརྗོད་པ་ཚིག་རྐང་གཉིས་ལས་མེད་ཀྱང་། ཧ་ལས་པའི་སྤུས་དག་ལ། རྒྱ་ཆེན་པོ་ཞིག་རེད། དངོས་གནས་སངས་རྒྱས་བཅོམ་ལྡན་འདས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བའི་བང་རིམ་བསྒྲིག་སྟངས་འདི་ལྟར་ཡིན། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ། །ཅེས་པ་ལྟར་གྱིས་དཀྲལ་བས་ན་དབུ་མའི་ལུགས་ལྟར་དཀྲལ་བ་དང་། དབུ་མའི་ནང་ནས་ཀྱང་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྩལ་འདོན་གནང་མཁན་གྱི་རང་བཞིན་མེད་པར་སྨྲ་བའི་དབུ་མ་པའི་ལུགས་དེའི་ཐོག་ནས་བཤད་ན། དངོས་གནས་ཡིད་ཆེས་རྙེད་པ་ཞིག་ཡོང་ཐུབ་པ་རེད་འདུག
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྤར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
དེ་ལྟར་འཛམ་གླིང་རྒྱན་གྱུར་མཁས་པའི་ཕུལ། །
ངོ་མཚར་ལེགས་བཤད་འབྱུང་གནས་མཆོག་རྣམས་ལ། །
མི་ཕྱེད་དང་བའི་ཡིད་ཀྱིས་གསོལ་བཏབ་པས། །
བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །
ཞེས་པས་ལམ་གྱི་ཉམས་ལེན་ཐོག་སྒྲིལ་སྐབས། ཆོས་ཀྱི་སྡོམ་ནི།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས། །
ཞེས་པ་ལྟར། དབུ་མ་པའི་གཞུང་ནས་གསུངས་པ་ལྟར་གྱི་རྟེན་འབྱུང་གི་དེ་ཁོ་ན་ཉིད་དོན་དམ་དུ་བཞག་ནས་དེ་དང་འབྲེལ་ནས་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་དོན་ཤེས་པའི་ཐོག་ནས།
བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས། །
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན། །
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས། །
སྡུག་ཀུན་ཉེར་ཞིའི་ཐར་པ་དོན་གཉེར་བའི། །
ངེས་འབྱུང་བློ་དང་འགྲོ་རྣམས་སྐྱོབ་འདོད་པའི། །
ཕྱོགས་མཐས་གཏུགས་པའི་སྙིང་རྗེའི་རྩ་བ་ཅན། །
བཅོས་མིན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས། །
ཞེས་པའི་ཤླཽ་ཀ་གཉིས་ཀྱི་གྲུབ་དོན་ནི། བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་དོན་སྙིང་པོ་ཚུར་བསྡུས་ན་འདི་ལྟར་ཡིན། དེས་ན་ཁྱེད་རང་ཚོས་འདི་དག་ཤེས་པ་ཞིག་དགོས་པས། སློབ་སྦྱོང་བྱེད་དགོས་པ་ཡིན། ངོས་ནས་ནམ་རྒྱུན་ཆོས་འབྲེལ་བྱེད་སྐབས་འགྲེལ་བཤད་བྱ་རྒྱུ་དེ་གལ་གནད་ཆེན་པོར་བརྩི་བཞིན་ཡོད། གང་ཡིན་ཞེ་ན། ང་རང་ཚོ་བོད་ཁ་བ་གངས་ཅན་གྱི་ལྗོངས་དང་། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་པ་ཕལ་མོ་ཆེ་རྨོངས་དད་ཀྱི་ཐོག་ཏུ་བསྡད་འདུག །ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་འདྲ་ཞིག་གཏན་ནས་མིན། དེར་བརྟེན་ངོས་ནས་མ་གུས་པ་མིན་པར་ཤ་ཚས་མ་བཟོད་པའི་ཐོག་ནས་བརྗོད་ཀྱི་ཡོད། དུས་ཚོད་ནམ་བྱུང་ལ་འགྲེལ་བཤད་བྱ་རྒྱུ་དེ་གལ་གནད་ཆེ་བར་མཐོང་བཞིན་ཡོད། དེས་ན་ཁྱེད་རང་ཚོས་ཀྱང་དེ་རིང་འདིར་༸རྒྱལ་བ་རིན་པོ་ཆེས་ཆོས་འབྲེལ་འདི་ཡང་བྱིན་རླབས་ཐོབ་སོང་ཞེས་པའི་སྐད་ཆ་གང་ཡང་མིན་པར། དེ་རིང་ཆོས་ཀྱི་གོ་རྟོགས་ཅུང་ཟད་བཟང་དུ་ཕྱིན་སོང་། དེ་རིང་༸རྒྱལ་བ་རིན་པོ་ཆེའི་ཆོས་འབྲེལ་དེ་སློབ་སྦྱོང་དང་། འཛིན་གྲྭ་འཚོགས་པ་ལྟ་བུ་ཞིག་ཡིན་སྙམ་པ་ཞིག་བྱེད་དགོས་ལ། ཕྱིན་ཆད་འདི་དག་སེམས་ལ་དྲན་པ་བྱེད་དགོས།
ཤིང་རྟ་ཆེན་པོའི་གཞུང་གི་དོན་རྣམས་ལ། །
ཐོས་བསམ་སྒོམ་པས་ཕ་རོལ་ཕྱིན་པ་དང་། །
རྡོ་རྗེ་ཐེག་པའི་ཟབ་གནད་ལམ་ཀུན་ལ། །
ངེས་པ་བདེ་བླག་རྙེད་པར་བྱིན་གྱིས་རློབས། །
སྐྱེ་ཞིང་སྐྱེ་བར་བསླབ་གསུམ་ལྡན་པའི་རྟེན། །
ལེགས་ཐོབ་བཤད་དང་སྒྲུབ་པས་ལུང་རྟོགས་བསྟན། །
འཛིན་ཅིང་སྤེལ་ལ་ཤིང་རྟ་ཆེ་རྣམས་དང་། །
མཚུངས་པར་བསྟན་ལ་བྱ་བ་བྱེད་པར་ཤོག །
ཅེས་སྨོན་ལམ་འདི་ལྟར་འདེབས་དགོས་པ་ཡིན། སྨོན་ལམ་འདི་ལྟར་བཏབ་པ་ལྟར་སྨོན་ལམ་རྣམས་འགྲུབ་པ་ལ་རང་ཉིད་ཀྱིས་གོང་ཞུས་པཎ་གྲུབ་འདི་དག་གི་གཞུང་ལུགས་རྣམས་ལ་ལྟ་ཀློག་བྱས་ཏེ་ཤེས་པར་བྱེད་དགོས་པ་ཡིན། ལྷ་རབ་བྱུང་ན་རྩ་བ་བློ་ངོར་འཛིན་པ་དང་། འགྲེལ་པ་དེ་དག་གི་ཐོག་ནས་ཚིག་རེ་རེ་བཞིན་དུ་འགྲེལ་བཤད་ཉན། དེ་ནས་ཕྱོགས་གླང་དང་ཆོས་གྲགས་རྣམ་གཉིས་ཀྱིས་གསུངས་པའི་གཏན་ཚིགས་རིགས་པའི་ཐོག་ནས་སྒྲོ་འདོགས་གཅོད་པ་འདི་དག་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཡིན།
འདུས་སྡེ་ཀུན་ཏུ་ཐོས་བསམ་བཤད་སྒྲུབ་ཀྱི། །
བྱ་བས་དུས་འདའ་ལོག་འཚོ་ཡོངས་སྤངས་པའི། །
ལོག་འཚོ་ཞེས་པ་ནི། རང་ཉིད་ཀྱིས་ཆོས་རྣམ་དག་ཡག་པོ་ཞིག་མ་བྱས་ན། སྦྱིན་བདག་དད་པ་ཅན་རྣམས་ཀྱིས་བསྙེན་བཀུར་ཞབས་ཏོག་བསྒྲུབས་པ་རྣམས་རང་ཉིད་ཀྱི་ངོས་ནས་ཆོས་རྣམ་དག་ཅིག་བྱས་ནས་སྨོན་ལམ་རྒྱག་པ་ཡག་པོ་ཞིག་མ་བྱུང་ན། དེ་དག་ལོག་འཚོར་འགྲོ་ཉེན་ཡོད། དེས་ན་ང་རང་ཚོ་ཆོས་པ་རྣམས་ཀྱིས་ལྷག་པར་དུ་གཞན་གྱི་བསྙེན་བཀུར་ཞབས་ཏོག་བསྒྲུབས་པ་དང་། སྐུ་འགྱེད་ཕུལ་བར་རང་ཉིད་ཀྱིས་བསམ་པ་རྣམ་དག་གི་ཐོག་ནས་སྨོན་ལམ་བརྒྱབ། སྨོན་ལམ་མཐུ་དང་ལྡན་པ་ཞིག་ཡོང་བ་ལ་རྒྱུན་དུ་ཉམས་ལེན་ཡག་པོ་ཞིག་བྱེད་རྒྱུ་གལ་གནད་ཤིན་ཏུ་ཆེ།
དམ་པའི་མཁས་གྲུབ་རབ་ཏུ་འཕེལ་བ་ཡིས། །
འཛམ་གླིང་ས་ཆེན་རྟག་ཏུ་མཛེས་གྱུར་ཅིག །
དེ་མཐུས་མདོ་སྔགས་ཡོངས་རྫོགས་ས་ལམ་བགྲོད། །
དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་རྒྱལ་བ་ཡི། །
གོ་འཕང་མྱུར་བ་ཉིད་དུ་ཐོབ་གྱུར་ནས། །
ནམ་མཁའ་ཇི་སྲིད་འགྲོ་བའི་དོན་བྱེད་ཤོག །
༼ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༤ ཉིན་ལ་དྭགས་ཟངས་དཀར།༽
ཅེས་པ་འདི་བཞིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་པར་བསྟན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་འདི་དག་ལ་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པའི་དབང་པོ་གོང་སྨོས་དེ་དག་གིས་རྣམ་དཔྱོད་ལྡན་པའི་སྐྱེས་བུའི་བློ་མིག་རྣམ་པར་འབྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཇི་སྙེད་ཅིག་མཛད་དེ་མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུར་ཉེ་བའི་དུས་ད་ལྟ་བར་ཐོས་བསམ་སྒོམ་པའི་གཞུང་དུ་ཉམས་པ་མེད་པར་གནས་ཡོད་པས་མཁས་པའི་དབང་པོ་དེ་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་། མི་ཕྱེད་དད་པས་དེ་དག་གི་རྗེས་སུ་སློབ་པར་སྨོན་ཅིང་། ཞེས་པ་ནི། གོང་སྨོས་ཀྱི་མཁས་པའི་དབང་པོ་དེ་དག་གི་གཞུང་ལུགས་རྣམས་མཇལ་ནས་ཐོས་བསམ་སྒོམ་གསུམ་གང་ཐུབ་བྱེད་སྐབས་མཁས་གྲུབ་དེ་དག་གིས་བསྟན་པ་ལ་བྱ་བ་ཆེན་པོ་མཛད་པའི་བཀའ་དྲིན་ཅན་ཤ་སྟག་ཡིན་པ་དྲན་དགོས་པ་ཞིག་ཡིན། དེ་ནས་བུ་ཕྲུག་ཚང་མས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། དེང་དུས་ཏེ་དུས་རབས་ཉི་ཤུ་རྩ་གཅིག་པའི་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆེའི་སྐབས་འདིར། ཁ་སང་རགས་ཙམ་བརྗོད་པ་ལྟར། འཛམ་གླིང་འདི་བཞིན་ཧ་ལམ་དངོས་པོ་ཡར་རྒྱས་ཀྱི་རིག་གཞུང་དང་། དངོས་པོ་ཡར་རྒྱས་ཀྱི་གོམས་གཤིས་སོགས་མདོར་ན་དངོས་པོ་ཁོ་ནར་བལྟས་པ་ཞིག་ཆགས་འདུག །དངོས་པོ་ཡར་རྒྱས་ཁོ་ནས་དཀའ་ངལ་སེལ་ཐུབ་ཐབས་མེད་པ་ཧ་ཅང་གསལ་པོ་ཡིན། ད་བར་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེ་དག་གིས་མི་གསོད་རྒྱུ་དང་། གཏོར་བཤིག་གཏོང་རྒྱུའི་ནུས་པ་ཧ་ལས་པའི་ཤུགས་ཆེར་ཕྱིན་པ་དང་། འཕྲུལ་ཆས་ཡར་རྒྱས་འགྲོ་རྒྱུ་དེ་ཧ་ཅང་གལ་གནད་ཆེ་ལ། ཕན་ཐོགས་ཆེན་པོ་ཡོད། འཕྲུལ་ཆས་ཡར་རྒྱས་ཀྱིས་འགྲོ་བསྐྱོད་ལ་སྟབས་བདེ་བ། ལག་ཐོགས་ཁ་པར་སོགས་འཕྲུལ་ཆས་ཀྱི་རིགས་རྣམས་ཀྱིས་ཕན་ཐོགས་ཤུགས་ཆེ་ལ། འཛམ་གླིང་ཡང་ཆུང་ཆུང་ཞིག་བཟོ་བཞིན་ཡོད། ངོས་རང་ལ་ཆ་མཚོན་ན། ཆུང་ངུའི་སྐབས་ནས་འཕྲུལ་ལས་ལ་དགའ་པོ་ཡོད། དེང་སྐབས་ཀྱི་འཕྲུལ་ཆས་ཐོན་གསར་གྱི་རིགས་རྣམས་ཀྱི་འགྲོ་སྟངས་མི་ཤེས་ལ། དོ་སྣང་ཡང་དེ་ཙམ་བྱེད་ཀྱི་མེད། འཕྲུལ་ཆས་དེ་དག་གི་ཕན་ཐོགས་རླབས་ཆེན་ཞིག་ཡོང་གི་ཡོད། དེ་བཞིན་དངོས་པོ་ཡར་རྒྱས་ཕྱིན་པ་དེ་དག་གིས་ང་ཚོའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པ་དང་། གཞན་ཡང་ཚེ་རིང་དུ་འགྲོ་བ་དང་། མཐུན་རྐྱེན་ལེགས་སུ་འགྲོ་གི་ཡོད། དེས་ན་འཕྲུལ་ཆས་དང་དངོས་པོ་ཡར་རྒྱས་རྣམས་ང་ཚོར་དགོས་པ་ཞིག་ཡིན། འོན་ཀྱང་འཕྲུལ་ཆས་དང་དངོས་པོ་ཡར་རྒྱས་ཁོ་ནས་འགྲིག་གམ་ཞེ་ན། གཏན་ནས་མི་འགྲིགས་པར། ནང་གི་བསམ་བློའི་ཐོག་ནས་ཞི་བདེ་ཡོང་བ་ཞིག་མ་བྱུང་ཚེ་དངོས་པོ་ཁོ་ནའི་ཐོག་ནས་མིའི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུ་ཤིན་ཏུ་དཀའ། དེ་དག་གི་སྐོར་བརྗོད་ཀྱི་ཡོད།
རང་རེ་སངས་རྒྱས་ཀྱི་རྗེས་འཇུག་པ་རྣམས་སངས་རྒྱས་ཀྱི་ཆོས་ཚུལ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་བས། སངས་རྒྱས་ཀྱི་ཆོས་ཞེས་པ་ནི། ངོས་ནས་ནས་རྟག་ཏུ་བརྗོད་མུས་ལྟར། སངས་རྒྱས་པའི་ཆོས་འདི་བཞིན་ཆོས་ལེགས་ཤོས་རེད་ཅེས་ངོས་ནས་ནམ་ཡང་བརྗོད་ཀྱི་མེད། ཆོས་ལེགས་ཉེས་ཞེས་པ་ནི། མི་རང་ཉིད་ཀྱི་ཁམས་མོས་དང་འཚམ་པའི་ཐོག་ནས་གང་ཕན་ཐོགས་ཆེ་བ་ཞིག་ཡོད་ན། ཆོས་དེ་ནི་མི་དེར་ལེགས་ཤོས་ཆགས་ཡོད། དཔེར་ན། སྨན་གཅིག་རྡོག་སྒྲུག་གིས་འདི་སྨན་ལེགས་ཤོས་རེད་ཅེས་བརྗོད་མི་ཐུབ་པ་ཡིན། སྨན་ལེགས་ཤོས་དེ་ཉིད་ནད་པ་འགའ་ཞིག་ལ་ཕན་པའི་ཚབ་ཏུ་གནོད་ཉེན་ཡོད། སྨན་ཞེས་པ་ནི་ལུས་ཀྱི་ནད་སེལ་རྒྱུ་ཞིག་ཡིན། དཔེ་དེ་བཞིན་དུ་ཆོས་ཞེས་པ་དེ་ཡང་། སེམས་ཀྱི་དཀའ་ངལ་སེལ་རྒྱུ་ཞིག་ཡིན་པས། དེས་ན་ཁམས་དང་། མོས་པ། དབང་པོའི་ཁྱད་པར་ལས་འགའ་ཞིག་ལ་ཕན་ཐོགས་ཤིན་ཏུ་ཆེ་ཡང་། ལ་ལར་ཕན་ཐོགས་དེ་ཙམ་མེད་པ་ཡོང་བ་ཡིན། དེས་ན་འཛམ་གླིང་འདིའི་ཐོག་ཏུ་ཆོས་ལུགས་མི་འདྲ་བ་མང་དུ་ཡོད་པའི་ནང་ནས་སངས་རྒྱས་པའི་ཆོས་འདི་ལེགས་ཤོས་རེད་ཅེས་ངོས་ནས་ནམ་ཡང་བརྗོད་ཀྱི་མེད།
འོན་ཀྱང་ཆོས་ལུགས་ཚང་མར་ཉམས་ལེན་བྱེད་རྒྱུའི་ཆོས་སམ། བླང་དོར་གྱི་གནད་བཤད་པའི་ཆོས་ཀྱི་རྣམ་པ་གཅིག་དང་། དེའི་སྒྲུབ་བྱེད་ལྟ་གྲུབ་ཀྱི་རྣམ་གཞག་གཅིག །ཆོས་ལུགས་དེ་དང་དེ་ཐོག་མར་བྱུང་སྐབས་ཡུལ་དུས་གནས་སྟངས་ཀྱི་གོམས་གཤིས་སོགས་དང་བསྟུན་པའི་རིག་གཞུང་གི་ཆ་གཅིག་བཅས། མདོར་ན་ཆོས་ཀྱི་ཆ་གཅིག་དང་། རིག་གཞུང་གི་ཆ་གཅིག །ལྟ་གྲུབ་ཀྱི་ཆ་གཅིག་བཅས་གསུམ་ཡོད་པ་ལས། ལྟ་གྲུབ་ཀྱི་རྣམ་གཞག་བརྗོད་སྐབས། སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འདི་རྒྱ་ཆེ་ཤོས་དང་གཏིང་ཟབ་ཆོས་ཤིག་ཡིན་པ་ཧ་ཅང་གསལ་པོ་རེད། ལྟ་གྲུབ་རྒྱ་ཆེན་པོ་ཆགས་ཏེ་དེང་སྐབས་ཚན་རིག་པའི་ནང་ནས་ཀྱང་སངས་རྒྱས་པའི་ལྟ་གྲུབ་དང་། དེའི་ནང་ནས་ཀྱང་རྟེན་འབྱུང་གི་ལྟ་གྲུབ་ལ་དོ་སྣང་དང་། དགའ་མོས་ཤུགས་ཆེ་བྱེད་བཞིན་ཡོད། ཁ་སང་བརྗོད་པ་ལྟར། ཚད་རྡུལ་དངོས་ཁམས་རིག་པའི་སྟེང་ནས་ཧ་ཅང་འདྲ་མཚུངས་སུ་སླེབས་ཡོང་གི་ཡོད།
དེ་བཞིན་དུ་སེམས་ཁམས་རིག་པའི་སྐོར་རྣམས་ལ་མཚོན་ན། སྤྱིར་རྒྱ་གར་གྱི་གནའ་རབས་ཆོས་བརྒྱུད་ཁག་ནས་ཞི་གནས་དང་ལྷག་མཐོང་གི་རྣམ་གཞག་གསུང་སྐབས་སེམས་ཁམས་རིག་པའི་སྐོར་རྣམས་ཐོན་ཡོང་གི་ཡོད། དེས་ན་རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པའི་སྐོར་རྣམས་ཧ་ཅང་རྒྱས་པོ་ཡོད་ལ། ལྷག་པར་དུ་སངས་རྒྱས་པའི་གཞུང་ལུགས་ཁག་ནང་སེམས་ཁམས་རིག་པའི་སྐོར་ཧ་ཅང་རྒྱས་པོ་ཡོད། མདོར་ན་འཛམ་གླིང་འདིའི་ཐོག་སེམས་ཁམས་རིག་པའི་སྐོར་གྱི་རྣམ་གཞག་སྟོན་པའི་གཞུང་རྒྱས་ཤོས་དེ་ཆགས་ཡོད། དེས་ན། གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་ལ། ཞེས་པའི་དོན་ནི། སངས་རྒྱས་པའི་ཆོས་རིགས་པའི་ལམ་ནས་ཁུངས་སྐྱེལ་རྒྱུ་ཡོད་པ་ཞིག་དགོས་ཤིང་། དཔེར་ན། ང་ཚོས་སྐྱེ་བ་སྔ་ཕྱི་ཤོད་ཀྱི་ཡོད། སྐྱེ་བ་སྔ་ཕྱི་ཞེས་པ་དེ་དངོས་པོ་སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་བཞིན་ཡོད་པ་དང་། སྐད་ཅིག་སྐད་ཅིག་གིས་སྐྱེ་འཇིག་བྱེད་ཀྱི་ཡོད་པ་དེ་རང་རང་གི་རྒྱུས་སྐྱེས་པ་ཞིག་དང་། ནང་པའི་གཞུང་གཙོ་ཆེ་བའི་དབང་དུ་བྱས་ན། དངོས་པོ་སྐད་ཅིག་སྐད་ཅིག་གིས་འཇིག་པ་དེ་སྐྱེ་བྱེད་ཀྱི་རྒྱུས་བྱས་པ་ལས། འཇིག་བྱེད་ཀྱི་རྒྱུ་གཞན་ཞིག་མི་དགོས་ཤིང་། དངོས་པོ་སྐྱེ་མ་ཐག་པའི་སྐད་ཅིག་དེ་ཉིད་དུ་འཇིག་པའི་བདག་ཉིད་དུ་གྲུབ་པས་དེས་ཕྲ་བའི་མི་རྟག་པའི་སྐོར་གསུང་གི་ཡོད། དེ་ནི་དེང་སྐབས་ཀྱི་ཚན་རིག་པའི་ཐོག་ནས་བཤད་ནའང་། ཕྱི་ཤེལ་སོགས་འཕྲུལ་ཆས་ཀྱི་ཐོག་ནས་བརྟག་དཔྱད་བྱེད་སྐབས་རྡུལ་ཕྲན་གྱི་ཐོག་ཏུ་སླེབས་སྐབས། སྐད་ཅིག་སྐད་ཅིག་གཡོ་བ་ཞིག་མཐོང་གི་འདུག །དེས་ན། ནང་པ་སངས་རྒྱས་པའི་གཞུང་ལ་ཆ་མཚོན་ནའང་། བྱེ་བྲག་སྨྲ་བས་སྐྱེ་བ་དང་། གནས་པ། འགག་པ། འཇིག་པ་སྟེ་མཚན་ཉིད་སྐྱེ་སོགས་བཞི་ཞེས་གསུངས་ཡོད་ལ། མདོ་སྡེ་པ་ཡན་ཆད་ཀྱིས་སྐྱེ་བྱེད་ཀྱི་རྒྱུ་དེ་གས་འཇིག་པའི་བདག་ཉིད་དུ་སྐྱེས་པར་བརྟེན་གནས་བྱེད་ཅིག་དང་། འཇིག་བྱེད་གཞན་མི་དགོས་ཞེས་རང་བཞིན་གྱིས་འཇིག་པའི་བདག་ཉིད་དུ་གྲུབ་པར་གསུངས་ཡོད།
མདོར་ན། སྐད་ཅིག་སྐད་ཅིག་གི་འཇིག་པའི་བདག་ཉིད་དུ་གསུངས་པ་དེས་རྒྱུ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། རྒྱུ་ཤོད་སྐབས་ཕན་འདོགས་བྱེད་དམ་སྐྱེ་བྱེད་ཀྱི་རྒྱུ་གང་ཞིག་སྐྱེ་བྱའི་འབྲས་བུའི་ངོ་བོར་འགྱུར་མཁན་ཞིག་དང་། འབྲས་བུ་དེ་འགྲུབ་པ་ལ་ཕན་འདོགས་པར་བྱེད་མཁན་གྱི་རྒྱུ་གཉིས་ཡོད་པ་དེ་གསལ་པོ་རེད། ཉེར་ལེན་གྱི་རྒྱུ་ཤོད་སྐབས། ཕྱིའི་གཟུགས་ཅན་གྱི་ཆོས་ལ་ཉེར་ལེན་གྱི་རྒྱུ་དེ་རྫས་རིགས་མཐུན་པ་ཞིག་གི་ཐོག་ནས་ཡོང་དགོས་པ་ལས། རྫས་རིགས་མི་མཐུན་པ་ཞིག་གི་ཐོག་ནས་ཡོང་ཐབས་མེད། སེམས་མེད་བེམ་པོའི་ཆོས་ལའང་ཉེར་ལེན་གྱི་རྒྱུ་དེ་རིགས་མཐུན་པ་ཞིག་གི་ཐོག་ནས་ཡོང་དགོས་པ་ལས། རིགས་མི་འདྲ་བ་ཞིག་གི་ཐོག་ནས་ཡོང་ཐུབ་ཀྱི་མེད། དེས་ན། ཤེས་པ་ཞེས་པ་དེ་གཟུགས་ཅན་དུ་མ་གྲུབ་པ་ཞིག་ཡིན་ཅིང་། ད་ལྟ་ཕན་ཆད་ལ་སྤྱིར་བཏང་ཚན་རིག་དག་གིས་ཀླད་པ་ལས་ཟུར་དུ་ཤེས་པ་མེད་ཅེས་པའི་དམ་བཅའ་ཞིག་ཡོད།
འདིར་འཕྲོས་བཤད་ཀྱི་ཚུལ་དུ་བརྗོད་ཀྱང་སྐྱོན་མི་འདུག །ལོ་ཤས་སྔོན་ཨ་རིར་སྨན་པའི་ཚན་རིག་པ་འགའ་ཞིག་དང་མཉམ་དུ་བགྲོ་གླེང་གི་ཞོར་འཕྲོས་སུ་ངོས་ནས་དོགས་སློང་ཞིག་བྱས་པ་སྟེ། ང་ཚོའི་ཉིན་རེའི་ཉམས་མྱོང་གི་ཁྲོད་དུ་རིགས་འགའ་ཞིག་ལུས་ལ་འགུལ་བསྐྱོད་ཐེབས་ཏེ། དཔེར་ན། དབང་པོའི་ཤེས་པའི་ཐོག་ནས་བཟང་ངན་ཞིག་མཐོང་བའི་དབང་གིས་ལུས་ལ་འགྱུར་བ་ཞིག་སླེབས་པ་དང་། དེའི་རྐྱེན་གྱིས་སེམས་ལ་འགྱུར་བ་འགྲོ་བ་ཞིག་ཡོང་གི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། ཡང་རིགས་འགའ་ཞིག་སྒོ་ལྔའི་ཤེས་པ་དང་། ལུས་ལ་གཡོ་འགུལ་གང་ཡང་མེད་པར་ཡིད་བློ་ཁོ་ནའི་ཐོག་ནས་རྣམ་རྟོག་ཡུད་ཙམ་སྐྱེས་པའི་དབང་གིས་ལུས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་གི་ཡོད།
དེ་ལྟར་ཚན་རིག་གི་ཐོག་ནས་འགྲེལ་བཤད་བྱ་ཚུལ་ཇི་ལྟར་ཡིན་ནམ་ཞེས་དྲིས་པས། དེ་ལྟར་ཡོད་པ་ལྟ་བུ་ཞིག་ཡོད་ཀྱང་། དེ་ལྟར་ཡོང་མི་ཆོག །གང་ལགས་ཤེ་ན། ཤེས་པ་དེ་ཀླད་པ་ལས་སྐྱེས་པར་བཤད་པའི་དབང་གིས་ཡིན། འོན་ཀྱང་དེང་སྐབས་ཚན་རིག་པ་གང་འཚམ་ཞིག་གིས་བརྟག་དཔྱད་ཞིབ་འཇུག་རིམ་པར་བྱས་པའི་འབྲས་བུར་སྒོམ་བརྒྱབ་པ་དང་། སེམས་ལ་བཅོས་པའི་དབང་གིས་ཀླད་པའི་རྫས་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་ཞིག་བརྗོད་ཀྱི་ཡོད། དེས་ན་ཀླད་པར་འགུལ་བསྐྱོད་གཏོང་མཁན་སེམས་སམ། ནུས་པ། རྫས་ལྟ་བུ་ཞིག་ཡོད་པ་དེང་སྐབས་གཞི་ནས་མཐོང་ཡོང་གི་ཡོད། དེ་ལྟ་བུའི་སེམས་དེ་ཡང་གཡོ་བའི་རང་བཞིན་ཡིན་པ་ཤིན་ཏུ་གསལ་པོ་ཡིན། སེམས་དེ་གཟུགས་ཅན་དུ་མེད་ཀྱང་གཡོ་འགུལ་བྱེད་མཁན་ཞིག་ཡིན་སྟབས། དེ་ལ་ཉེར་ལེན་གྱི་རྒྱུ་ཞིག་ཡོད་དགོས་ཤིང་། དེས་ན་སེམས་ཀྱི་ཉེར་ལེན་གྱི་རྒྱུ་དེ་རང་བཞིན་གཅིག་པའི་ཤེས་པ་ཞིག་དགོས་པ་ལས། བེམ་པོ་ཞིག་གིས་ཤེས་པའི་ཉེར་ལེན་གྱི་རྒྱུ་བྱེད་ཐབས་མེད་ལ། ཤེས་པས་བེམ་པོའི་ཆོས་ཤིག་གི་ཉེར་ལེན་གྱི་རྒྱུ་བྱེད་མི་ཐུབ། དེར་བརྟེན་ཚད་མ་རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་གསུངས་པ་ལྟར་གྱི་ཚིག་དེ་ནུས་པ་ཧ་ཅང་ཆེན་པོ་ཞིག་རེད་འདུག །རྣམ་ཤེས་མིན་པ་ཞིག་གིས་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་མི་བྱེད། དེས་ན་རྣམ་ཤེས་ལ་ཐོག་མ་མེད་ཅིང་། རྣམ་ཤེས་ལ་ཐོག་མ་བཞག་ན་རྣམ་ཤེས་སྐད་ཅིག་དང་པོ་དེ་མི་མཐུན་པའི་རྒྱུ་ལས་སྐྱེས་པར་འདོད་དགོས་པ་དང་། ཡང་ན་རྒྱུ་མེད་ལས་སྐྱེས་པར་འདོད་དགོས་པ་ཡིན། རྣམ་ཤེས་སྐད་ཡིག་དང་པོ་རྒྱུ་མེད་ལས་སྐྱེས་པ་དང་། མི་མཐུན་པའི་རྒྱུ་ལས་སྐྱེས་ཆོག་ན། ད་ལྟ་ད་ལྟའི་རྣམ་ཤེས་དེ་དག་ཀྱང་རྒྱུ་མེད་ལས་སྐྱེས་ཆོག་པ་ཡིན། འདི་ལྟར་དུ་དཔྱད་པའི་མཐར་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ལ་འབྲས་བུ་དང་རྗེས་སུ་མཐུན་པའི་རིགས་འདྲའི་རྒྱུ་ཞིག་སྔོན་དུ་འགྲོ་དགོས་པ་ཡིན། དེ་ལྟར་རིགས་དེད་ཀྱི་དཔྱད་པའི་མཐར་རྣམ་ཤེས་ལ་ཐོག་མ་འཇོག་མི་ཐུབ་ཅིང་། ཐོག་མ་བཞག་ན་རིགས་པས་གནོད་ཀྱི་ཡོད། དེས་ན་རྣམ་ཤེས་ལ་ཐོག་མ་འཇོག་མི་ཐུབ། དེར་བརྟེན་ཤེས་པའི་རྒྱུ་ལ་ཐོག་མ་མེད་ཅིང་། ཤེས་པའི་རྒྱུ་ལ་ཐོག་མ་མེད་པར་བརྟེན་ཤེས་པའི་རྒྱུ་ལ་བརྟེན་ནས་བཏགས་པའི་ངའམ་གང་ཟག་དེར་ཡང་ཐོག་མ་མེད་ཅེས་དེ་དག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་། བླ་མས་བཀའ་གནང་གི་འདུག་ཅེས་བརྗོད་རྒྱུ་ཞིག་མིན་པར་ཚང་མ་རིགས་པས་དཔྱད་ནས་འགྲོ་བཞིན་ཡོད། དེ་ནི་དཔེ་མཚོན་ཙམ་ཞིག་ཡིན་ལ། སངས་རྒྱས་པའི་གཞུང་ནས་གསུངས་པ་དེ་རྣམས་རིགས་པས་དཔྱད་མཐར་གཏུགས་ནས་གྲུབ་དོན་འདི་ལྟ་བུ་དང་། དངོས་ཡོད་གནས་ཚུལ་ལ་འདི་ལྟ་བུ་ཞིག་རེད་ཅེས་བརྗོད་པ་ཞིག་ཆགས་ཡོད།
འདི་ལྟར་བསམ་གཞིག་བྱེད་སྐབས་སྟོང་པ་ཉིད་ཅེས་པ་དེ་ཡང་ཞེ་ས་མ་ཞུས་ན། བཅོམ་ལྡན་འདས་ཀྱིས་བདག་མེད་ཅེས་རང་གར་གསུངས་པ་ཞིག་དང་། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དེ་དག་གིས་ཀྱང་སྟོང་ཉིད་ཀྱི་སྐོར་སྤྲོས་ཏེ་གསུངས་པ་ཞིག་གཏན་ནས་མིན། ཡང་ཕྱོགས་གཅིག་ནས་ཚད་རྡུལ་དངོས་ཁམས་རིག་པ་ཞེས་པ་དེ་ཆོས་ཀྱི་སྐད་ཆ་མིན། ཕར་རིམ་བཞིན་འཚོལ་སྐབས་ཡུལ་གྱི་ངོས་ནས་མ་གྲུབ་པ་དང་། ཡུལ་གྱི་ངོས་ནས་རྙེད་རྒྱུ་མེད་པ་ཞིག་གཟུགས་ཅན་གཞིར་བཞག་གི་ཚད་རྡུལ་དངོས་ཁམས་རིག་པའི་འགྲོ་ལུགས་དང་གཅིག་མཚུངས་ཆགས་ཡོད། ནང་པ་སངས་རྒྱས་པའི་གཞུང་ལ་ཆ་མཚོན་ནའང་། རྣམ་རིག་པའི་ཕྱི་དོན་འགོག་པ་དང་གཅིག་མཚུངས་ཡིན་ལ། དེ་ལྟ་བུའི་དངོས་ཡོད་གནས་ཚུལ་རྣམས་རྩད་ཞིབ་བྱས་ཏེ་གཏན་ལ་འབེབས་ཀྱི་ཡོད། དེ་ལྟར་དངོས་ཡོད་གནས་ཚུལ་དེ་རྟོགས་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ང་རང་ཚོའི་མི་འདོད་པའི་སྡུག་བསྔལ་དེ་དག་ཆགས་སྡང་གི་དབང་ལས་ཡོང་གི་ཡོད་པ་གསལ་པོ་ཡིན། མིང་ལ་ཆགས་སྡང་ཞེས་བཏགས་མིན་ཇི་ལྟར་ཡང་། སེམས་འཁྲུགས་པ་དེས་མ་སྐྱིད་པ་ཡོང་གི་ཡོད་པ་ཧ་ཅང་གསལ་པོ་འདུག
མདོར་ན། སྟོང་པ་ཉིད་ཀྱི་ལྟ་བ་ལྟ་བུར་ཆ་མཚོན་ན། སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་ཀྱི་ཡིན་ལུགས་དེ་དག་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་ཅིང་། དེའི་ཐོག་ནས་སྟོང་པ་ཉིད་ཅེས་པ་དེ་གསུངས་པ་ཡིན། དེ་ལ་དགོས་པ་གང་ཞིག་ཡོད་ཅེ་ན། ནང་གི་སེམས་རྒྱུད་མ་དུལ་བའི་ཆ་རྣམས་སྟོང་ཉིད་ལ་ཕྱིན་ཅི་ལོག་ཏུ་རྟོགས་པའི་བདེན་འཛིན་གྱི་བློས་བྱེད་བཞིན་ཡོད་པའི་འགྲེལ་བཤད་རྒྱག་སྐབས་རྒྱུ་མཚན་གྱི་ཐོག་ནས་ཡོང་གི་ཡོད། རྒྱུ་མཚན་དེ་ཡང་མཐར་ཐུག་རང་ཉིད་ཀྱིས་བསམ་བློ་བཏང་སྟེ་མྱངས་ན་ཅུང་ཟད་སྐྱེ་སྐབས་མྱོང་བ་ལ་གཏུགས་ནས་བརྗོད་ཐུབ་ཀྱི་འདུག །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་གཏོང་སྐབས་མི་འདྲ་བ་ཞིག་མཐོང་སྐབས། དེ་གསུང་མཁན་གྱི་སྟོན་པ་བཅོམ་ལྡན་འདས་དེ་ཡང་མི་འདྲ་བ་ཞིག་ཡིན་པ་མཐོང་ཡོང་གི་རེད།
མདོར་ན། ཆོས་དཀོན་མཆོག་ཅེས་པ་དེ་རྩད་གཅོད་བྱས་ནས་དེ་ལ་རྒྱུ་མཚན་ཡང་དག་ཅིག་དང་། དགོས་པ་ཆེན་པོ་ཞིག་མཐོང་སྟེ། དེ་ལྟ་བུའི་རྒྱུ་མཚན་དང་ལྡན་པ་དང་། དགོས་པ་དང་ལྡན་པའི་ཆོས་དེ་གསུང་མཁན་གྱི་སྟོན་པ་ལ་ཡིད་ཆེས་དང་དད་པ་སྐྱེ་བ། དེ་ཚུལ་བཞིན་དུ་སྒྲུབ་མཁན་གྱི་དགེ་འདུན་དཀོན་མཆོག་ལ་དད་པ་སླེབས་པ་བཅས་ཡོང་བ་ཡིན། དེ་ལྟར་རྒྱུ་མཚན་ལ་རྩད་གཅོད་བྱེད་སྐབས་བློ་གཟུ་བོར་གནས་པ་ཞིག་དགོས་པ་ཡིན། དཔེར་ན། སངས་རྒྱས་པའི་ཆོས་ཡག་པོ་རེད་ཅེས་ཞེན་ཁོག་བྱེད་མཁན་ཞིག་ཡིན་ན། དཔྱད་ཞིབ་ལེགས་པོ་མི་ཡོང་བས་དེ་ལྟར་མིན་པར་བློ་གཟུ་བོར་གནས་པ་སྟེ། ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས།
བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །
གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །
ཞེས་ཁོང་ཉིད་སངས་རྒྱས་པའི་ཆོས་ཀྱི་ཕྱོགས་ལ་མི་ཞེན་ཅིང་། མུ་སྟེགས་པའི་ཆོས་ལ་སྡང་བ་ཡང་མེད་པར་བློ་གཟུ་བོར་གནས་པའི་ཐོག་ནས་མུ་སྟེགས་གཞུང་ལུགས་གང་དག་ཡོད་པ་དང་། སངས་རྒྱས་པའི་གཞུང་ལུགས་གང་དག་ཡོད་པ་དེ་གཉིས་བསྡུར་ནས་དཔྱོད་སྐབས་མི་འདྲ་བ་ཞིག་མཐོང་ཞིང་། སངས་རྒྱས་པའི་ཆོས་དེ་འཚེ་བ་མེད་པ་ཤུགས་ཆེ་ཞིག་རེད་འདུག་པས། དེ་གསུང་མཁན་དེ་སྟོན་པར་འཛིན་པ་ལྟར། བློ་གཟུ་བོར་གནས་པ་ཞིག་དགོས་པ་ཡིན། བློ་གཟུར་བོར་མི་གནས་པར་ཕྱོགས་སུ་ལྷུང་ན། བདེན་དོན་ཤེས་ཐབས་མེད། ངོས་ནས་སངས་རྒྱས་པའི་ཆོས་དེ་དངོས་ཐོག་བདེན་འཚོལ་ཆགས་ཡོད་ཅེས་བརྗོད་ཀྱི་ཡོད། དངོས་ཐོག་བདེན་འཚོལ་ཞེས་པ་ནི། དེང་སྐབས་རྒྱ་མིས་བརྗོད་བཞིན་པའི་ཐ་སྙད་གསར་པ་ཞིག་ཡིན། སངས་རྒྱས་པའི་ཆོས་ཀྱིས་དངོས་ཐོག་བདེན་འཚོལ་བྱས་ཏེ་དངོས་ཡོད་གནས་ཚུལ་ལམ། དངོས་ཡོད་ཀྱི་བདེན་དོན་གང་ཞིག་ཡོད་པ་དེ་འཚོལ་མཁན་ཞིག་ཆགས་ཡོད། དེས་ན་སངས་རྒྱས་པའི་ཆོས་ནང་གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་ཞེས་གསུངས་ཡོད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བདེན་བཞིའི་ཆོས་འཁོར་ཐོག་མར་གསུང་སྐབས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །ཞེས་སོགས་ཀྱི་སྡེ་པ་དང་པོ་དེ་བདེན་བཞིའི་ངོ་བོ་ལ་བཟླས་པ་དང་། དེ་ནི་གཞི་དངོས་པོའི་གནས་ཚུལ་རྣམས་གསུངས་པ་ཞིག་ཡིན། དེ་ནས་ལམ་བགྲོད་པའི་རིམ་པ་ནི། སྡུག་བསྔལ་ཤེས་པར་བྱ། །ཀུན་འབྱུང་སྤང་བར་བྱ། །ཞེས་སོགས་ནི་བདེན་བཞིའི་བྱ་བ་ལ་བཟླས་པ་སྟེ། དེས་བླང་དོར་གྱི་གནས་རྣམས་གསུང་གི་ཡོད། དེ་ལྟ་བུའི་ལམ་བགྲོད་ནས་ཕན་ཐོགས་གང་ཞིག་ཡོད་ཅེ་ན། སྡུག་བསྔལ་ཟད་ཐུབ་པ་ཞིག་ཡོད། གང་ཡིན་ཞེ་ན། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་སྤོང་ཐུབ་པར་བརྟེན། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། སོགས་ཀྱི་ཐོག་ནས་མདོར་ན་སྡུག་ཀུན་ཉེ་བར་ཞི་བའི་ཉེར་བཞི་མངོན་དུ་བྱས་ཟིན་ན་སླར་མངོན་དུ་བྱ་རྒྱུ་མེད་པའི་འབྲས་བུ་དེ་ལྟ་བུ་ཞིག་ཡོད་པར་གསུངས་ཡོད། དེ་དག་བརྟག་ཅིང་དཔྱད་ནས་འགྲོ་དགོས་པ་ཡིན།
གཟུ་བོའི་བློ་མེད་ན།
ཕྱོགས་སུ་ལྷུང་བའི་སེམས་ལྡན་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །
ཞེས་གསུངས་པ་ལྟར་ཡིན། དེའི་ཐོག་བརྟག་དཔྱད་བྱེད་སྐབས་ཐེ་ཚོམ་དགོས་ཤིང་། ཐེ་ཚོམ་མེད་ན་དཔྱད་པ་མི་བྱེད་ལ། གང་ལ་ཡིན་མིན་གྱི་ཡིད་གཉིས་ཀྱི་ཐེ་ཚོམ་དགོས་པ་ཡིན། དེས་ན། གཟུ་བོའི་བློས་ཐེ་ཚོམ་གྱི་སྒོ་ནས་ཞིབ་མོར་བརྟགས་ཤིང་དཔྱད་དེ་རྒྱུ་མཚན་འཚོལ་བ་དང་། རྒྱུ་མཚན་མཐོང་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་སྐྱེ་བ་དང་། སྙིང་རྗེ་སྐྱེ་བ་བཅས་ཀྱི་སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་འདི་ལྟ་བུ་ཞིག་ཡིན། དེས་ན། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། སངས་རྒྱས་བསྐྱངས། འཕགས་པ་གྲོལ་སྡེ་ལ་སོགས་པའི་ཟབ་རྒྱས་ཀྱི་གཞུང་ཕུལ་དུ་ཕྱིན་པ་དེ་དག་མེད་མི་རུང་དུ་མཐོང་ནས་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་བྲིས་སྲོལ་སྔར་ནས་ཡོད་མུས་ཐོག་ཟབ་རྒྱས་ཀྱི་བླ་བརྒྱུད་གཞན་དགུ་བསྣན་ཏེ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བྲིས་སྐུ་གསར་བཞེངས་དང་འབྲེལ། མཁས་པའི་སྐྱེས་མཆོག་དེ་དག་ལ་སྙིང་ནས་གུས་པའི་གསོལ་འདེབས་འདི་འདྲ་ཞིག་འབྲི་འདོད་བྱུང་བ་དང་། དོན་གཉེར་ཅན་ཆོས་གྲོགས་འགའ་ཞིག་ནས་ཀྱང་སྐུལ་མ་བྱུང་བར་བརྟེན། དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་འདི་དག་མཁས་པའི་དབང་པོ་དེ་དག་གི་ལེགས་བཤད་ལ་བཅོས་མིན་ཡིད་ཆེས་ཀྱི་དད་པ་ཐོབ་ཅིང་། མཁས་པ་དེ་དག་གི་ལེགས་བཤད་སློབ་གཉེར་མཁན་གྱི་གྲལ་མཐར་འཁོད་པ། ཤཱཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོས། གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པ་བདེ་བར་གཤེགས་ནས་ལོ་གྲངས་ ༢༥༤༥ བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་བ་ ༡༡ ཚེས་ ༡ ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༡༥ ཉིན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས། དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག།། །།
མཇུག་བྱང་འདི་ཁྱེད་རང་ཚོ་རང་ཚང་མས་ལེགས་པར་ལྟ་དགོས་པ་ཡིན། གཞི་ནས་སངས་རྒྱས་པའི་ཆོས་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་དེ་ཤེས་ཐུབ་པ་ཡིན། རྒྱུ་མཚན་ལ་དཔྱད་པ་གཏན་ནས་མི་བྱེད་པར་དེང་གི་ཐ་སྙད་སྡུག་པ་ཞིག་གི་ཐོག་ནས་བརྗོད་ན། རྨོངས་དད་དེ་རྒྱུ་མཚན་གང་ཡང་མེད་པའི་དད་པ་ནི་ཧ་ལམ་རྨོངས་དད་ཡིན་ཅིང་། ནང་པ་སངས་རྒྱས་པའི་ཆོས་རང་ཉིད་རྨོངས་དད་མིན་ནའང་། ཆོས་བྱེད་པོ་རང་ཉིད་ཀྱིས་ཆོས་ཀྱི་གནས་ལུགས་མ་ཤེས་པར་དད་པ་ཙམ་གྱི་དབང་དུ་ཕྱིན་ན་རྨོངས་དད་ཆགས་ཡོད། དེས་སངས་རྒྱས་པའི་བསྟན་པ་ཡུན་དུ་མི་གནས་ལ། སྤྱིར་བཏང་གི་ཤེས་ཡོན་ཇི་ཙམ་གོང་མཐོར་ཕྱིན་པའི་ཚོད་ཀྱིས་རྨོངས་དད་ཇེ་ཉུང་དུ་འགྲོ་ངེས་ཡིན། རྒྱུ་མཚན་ལྡན་པའི་ཆོས་ཤིག་ཡིན་ན། ཇི་ཙམ་ཤེས་ཡོན་ཡོད་པ་དེ་ཙམ་གྱིས་དེར་དོ་སྣང་གསར་པ་སླེབས་པ་ཞིག་ཆགས་ཡོད། ཅེས་བཀའ་སྩལ་ཏོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།