ཕྱག་རྒྱ་ཆེན་པོའི་གདམས་ངག་གི་བཀའ་བབས་བརྒྱུད་པའི་པཎ་གྲུབ་ཀྱི་རྣམ་ཐར།
སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན།[1]
(ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་བརྩམས།)
བཀའ་བབས་དང་པོ་ཕྱག་རྒྱ་ཆེན་པོའི་གདམས་ངག་ཡིན་ཏེ། དེ་ཡང་རྒྱལ་པོ་ཙན་དན་སྐྱོང་བའི་དུས་སུ་སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་ཞེས་བྱ་བ་ཡུལ་ཨོ་ཌི་བི་ཤར་རིགས་བྲམ་ཟེ་གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་སོགས་མཁྱེན། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་གསང་ཚིག་ཀློག་པར་བྱེད་ཅིང་ཡོད་པར།
རྡོ་རྗེ་རྣལ་འབྱོར་མ་ཆང་འཚོང་མའི་གཟུགས་ཀྱིས་བྱོན་ནས་སློབ་དཔོན་ལ་དོན་དམ་པའི་ཡེ་ཤེས་ཀྱི་བདུད་རྩི་ཆང་གི་རྣམ་པར་སྣང་བ་ཡང་ཡང་སྩལ་བས་ཏིང་ངེ་འཛིན་གྱི་མཆོག་བརྙེས་ཀྱང་། བྲམ་ཟེ་རྣམས་རིགས་ཉམས་པར་བྱས་ཞེས་སྨོད་པ་ན། སློབ་དཔོན་གྱིས་བྲམ་ཟེ་རྣམས་ཆང་སྐྱུགས་པའི་སྦྱོར་བ་མཛད། རྡོ་ཆེན་པོ་ཆུར་འཕངས་ཏེ་ཁྱེད་རྣམས་ཀྱིས་ཆང་འཐུངས་ངས་འཐུངས་ན་རྡོ་བ་འདི་ཆུའི་སྟེང་དུ་འཕྱོ་བར་གྱུར་ཅིག །གསུངས་པས་རྡོ་བ་དེ་ཆུ་སྟེང་དུ་འཕྱོ་བར་གྱུར། དེ་ནས་ཡུལ་དབུས་སུ་བྱོན། གནས་བརྟན་ནག་པོ་ཞེས་པ་ལས་རབ་ཏུ་བྱུང་། མཚན་སྒྲ་གཅན་འཛིན་དུ་བཏགས། གནས་བརྟན་ནག་པོའི་མཁན་པོ་བཙུན་པ་རྟ་སྐད་དང་། དེའི་ཡང་མཁན་པོ་ཉེར་སྦས་ཡིན་ཞེས་འཕགས་ཡུལ་གྱི་སློབ་དཔོན་རྣམས་གསུངས་མོད་མཁན་བརྒྱུད་རྙིང་པ་འདི་དག་བརྟག་པར་དཀའ་ཞིང་བདག་གི་བླ་མས་རྒྱ་ཡུལ་དུ་ཧྭ་ཤང་མཁས་པ་རྣམས་ལ་མཁན་བརྒྱུད་དྲིས་པར་ཡང་དེ་བཞིན་ཞུས་འདུག །གང་ལྟར་ཡང་། བོད་རྣམས་ཀྱིས་སྒྲ་གཅན་ཟིན་གཉིས་ཞེས་སྨྲ་བ་ལས་ནི་འདི་རང་དྲག་པར་མངོན། ནཱ་ལནྡའི་མཁན་པོ་མཛད། དུས་འདིར་ཐེག་ཆེན་གྱི་མདོ་རྣམས་དར་རྒྱས་སུ་གྱུར། དེ་ནས་ཡུལ་སྣ་ཚོགས་སུ་བྱོན་ནས། ལྷོ་ཕྱོགས་མ་ར་ཧ་ཊ་ཞེས་པར། ཞིང་གི་རྣལ་འབྱོར་མ་མདའ་མཁན་གྱི་བུ་མོའི་ཚུལ་ཅན་ཞིག་ཕྱག་རྒྱར་བཞེས། དེས་མདའ་སྲོང་བ་སོགས་གཟིགས་པས་ཀྱང་གནས་ལུགས་ཀྱི་དོན་ངོ་སྤྲོད་པ་བཞིན་དུ་གྱུར། མཚན་ཡང་ས་ར་ཧ་པ་སྟེ་མདའ་བསྣུན་ཞེས་གྲགས། དེ་ཡང་ཤ་ར་མདའ་དང་། ཧ་ན་བསྣུན་པའི་ལེགས་སྦྱར་རོ། །སྔོན་དགེ་འདུན་ཐམས་ཅད་ཀྱི་གནས་བརྟན་ཡིན་པས་རྒྱལ་པོ་དང་བྲམ་ཟེ་སོགས་ཀྱིས་འཕྱས་པས། སློབ་དཔོན་མདའ་སྲོང་བཞིན་དུ། ཀྱེ་ལགས་ང་ནི་བྲམ་ཟེ་སྟེ། །སྨྱིག་མཁན་མ་དང་ལྷན་ཅིག་སྤྱོད། །རིགས་དང་མི་རིགས་ངས་མ་མཐོང་། །དགེ་སློང་མགོ་བྲེག་བརྟུལ་ཞུགས་འཛིན། །ཆུང་མར་བཅས་ཏེ་ལྷན་ཅིག་རྒྱུ། །ཆགས་དང་ཆགས་བྲལ་དབྱེར་ཡོད་མིན། །མི་གཙང་འདིར་ནི་རྣམ་རྟོག་སྟེ། །འདི་ལྟ་གཞན་གྱིས་མི་ཤེས་སོ། །སྦྲུལ་གདུག་ལྟ་བུའི་སྐྱེ་བོ་ནི། །ཞེས་སོགས་དོ་ཧའི་གླུ་མང་པོ་བླངས། ཁར་སང་ཕན་ཆད་བྲམ་ཟེ་མིན། །དེ་རིང་ཚུན་ཆད་བྲམ་ཟེ་དངོས། །དོན་གྱི་བྲམ་ཟེ་ཚངས་པ་ཆེ། །ཧེ་རུ་ཀ་དཔལ་བྲམ་ཟེའི་མཆོག །ཁར་སང་ཕན་ཆད་དགེ་སྦྱོང་མིན། །དེ་རིང་ཚུན་ཆད་དགེ་སྦྱོང་ཆེ། །དོན་གྱི་དགེ་སྦྱོང་རྣལ་འབྱོར་པ། །ཧེ་རུ་ཀ་དཔལ་དགེ་སྦྱོང་མཆོག །ཅེས་སོགས་གསུངས་པས་རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ལྔ་ནི་གནས་ལུགས་ཀྱི་དོན་མངོན་སུམ་དུ་གྱུར། དེ་སོགས་འགྲོ་བ་མང་པོའི་དོན་མཛད་དེ་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་པ་ཡིན་ཞིང་། སློབ་དཔོན་འདི་སྙིང་རྗེ་པད་མ་དཀར་པོ་ལས་ལུང་གིས་བསྟན་ནོ། །སངས་རྒྱས་ཐོད་པའི་ཟིན་བྲིས་རྒྱ་དཔེ་ཞིག་ཏུ་རབ་ཏུ་བྱུང་བའི་སྐོར་དེ་མེད། བྲམ་ཟེ་སྒྲ་གཅན་འཛིན་དང་། གནས་བརྟན་སྒྲ་གཅན་འཛིན་ཐ་དད་པར་འདོད། སློབ་དཔོན་འདིའི་དུས་སུ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་ཆེན་གྱི་མདོ་སྡེ་རྣམས་དང་། དཔལ་འཁོར་ལོ་བདེ་མཆོག་དང་སངས་རྒྱས་ཐོད་པ་སོགས་ཀྱི་རྒྱུད་རྣམས་མི་ཡུལ་དུ་ཕེབས་ཤིང་དེ་ལས་སྔ་ཙམ་དུ་ཐེག་ཆེན་སེམས་ཙམ་པའི་ལུགས་དར་ཞིང་བཙུན་པ་ཆེན་པོ་ཨ་བི་ཏ་རྐ་སོགས་ཐེག་ཆེན་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་སོགས་བྱུང་ངོ་།།
སློབ་དཔོན་ཀླུ་སྒྲུབ།
དེའི་སློབ་མ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་དང་། ལང་ཀར་གཤེགས་པ་དང་། སྤྲིན་ཆེན་པོའི་མདོ་དང་། རྔ་བོ་ཆེ་རྣམས་ནས་ལུང་བསྟན། རིགས་ནི་བྲམ་ཟེ་ཡིན། བཙས་པ་ན། དགེ་སློང་བརྒྱ། བྲམ་ཟེ་བརྒྱ། སྐྱེ་བོ་བརྒྱ་རྣམས་ལ་སྟོན་མོ་དྲངས་ན་རིམ་པས་ལོ་བདུན་ཟླ་བ་བདུན་ཞག་བདུན་འཚོ་ཟེར་བ་རྣམས་བསྒྲུབས་པས། དུས་དེ་རྣམས་རྫོགས་སུ་ཉེ་བ་ན། གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་དུ་བཏང་བས། ནཱ་ལནྡར་སླེབས། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིག་སྔགས་གནང་ནས་ཚེ་བསྲིངས་རབ་ཏུ་བྱུང་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང་། རིག་གནས་ཀུན་མཁས་པར་མཛད། རྨ་བྱ་ཆེན་མོ་དང་། ཀུ་རུ་ཀུལླེ། གནོད་སྦྱིན་མོ་དགུ་དང་། མ་ཧཱ་ཀཱ་ལ་རྣམས་གྲུབ་པས་རིལ་བུ་སོགས་ཀྱི་དངོས་གྲུབ་སོགས་ནུས་པ་ཐམས་ཅད་གྲུབ། སྡེ་བརྒྱད་རྣམས་བྲན་དུ་ཁོལ་བཅུད་ལེན་གྲུབ་པས་རྡོ་རྗེའི་སྐུར་གྱུར། དྷ་ནྱ་ཀ་ཊ་ཀའི་གླིང་དུ་ཕེབས། མཁའ་འགྲོ་རྣམས་སྒྱུ་མས་མགོ་བསྐོར་ནས་ལྷ་མོ་ནག་མོ་དང་། མངོན་འབྱུང་སོགས་ནག་པོ་ཆེན་པོའི་རྒྱུད་བརྒྱད་དང་། ཀུ་རུ་ཀུལླའི་རྟོག་པ་སོགས་སྤྱན་དྲངས། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལས་ཞལ་གྱི་གདམས་པ་ཐོབ་སྒྲུབ་ཐབས་མི་གཅིག་པ་བརྒྱ་དྲུག་ཅུ་སྤྱན་དྲངས། མཁན་པོ་སྒྲ་གཅན་འཛིན་སྒྲུབ་པ་ལ་བཞུགས་ནས། ཀླུ་སྒྲུབ་མཁན་པོར་ཕེབས། དགེ་འདུན་རྣམས་ལ་ལུང་འབོགས་པའི་བྱ་བ་མཛད་པའི་ཚེ། མུ་གེ་ལོ་བཅུ་གཉིས་སུ་བྱུང་བས། སློབ་དཔོན་གྱི་གསེར་འགྱུར་གྱི་རྩི་མཛད་ནས་དགེ་འདུན་གྱི་འཚོ་བ་སྦྱར་བར་བྱས། སློབ་དཔོན་སྒྲ་གཅན་འཛིན་སྒྲུབ་པ་ཐོན་པ་ན། ཡུལ་རྣམས་སྟོང་པར་གཟིགས་ནས། རྒྱུ་མཚན་དྲིས་པས། སློབ་དཔོན་གྱི་སྒྲུབ་པའི་བར་ཆད་དུ་གྱུར་དོགས་ཞུ་བར་མ་བྱས། མུ་གེ་ལོ་བཅུ་གཉིས་སུ་བྱུང་ཞུས་པས། སློབ་དཔོན་གྱིས་མ་ལེགས་ཟས་ཀྱི་ཆར་འབེབས་པའི་ནུས་པ་ང་ལ་ཡོད་པ་ལ་ཁྱོད་སེམས་ཅན་ལ་སྙིང་རྗེ་ཆུང་། དེའི་སྡིག་སྦྱོང་ལོ་གཙུག་ལག་ཁང་བརྒྱ་རྩ་བརྒྱད། ལྷ་ཁང་སྟོང་། མཆོད་རྟེན་ཁྲི་ཕྱག་བཞེངས་དགོས་གསུངས་པས། ཀུ་རུ་ཀུ་ལླེའི་རིག་སྔགས་ཀྱིས་ཀླུ་རྒྱལ་འཇོག་པོའི་བུ་མོ་འཁོར་བཅས་བཀུག་ནས་ཙན་དན་ས་མཆོག་འབུལ་བ་དང་། གཙུག་ལག་ཁང་བཞེངས་པའི་གྲོགས་བྱེད་དགོས་གསུངས་པས་ཕ་ལ་དྲིས་པས་སློབ་དཔོན་ཉིད་ཀླུ་ཡུལ་དུ་ཕེབས་ན་བཀའ་བཞིན་བགྱིད་ཟེར། དེ་ནས་སློབ་དཔོན་ཀླུ་ཡུལ་དུ་ཕེབས། ལོ་རྒྱུས་འགར་དེར་སངས་རྒྱས་འོད་སྲུང་དང་གསེར་ཐུབ་སོགས་ཀྱི་དགེ་སློང་དགྲ་བཅོམ་མང་པོ་འདུག་པས་ངེད་ནི་དགྲ་བཅོམ་པ་ཡིན། ཁྱོད་དུག་གསུམ་དང་བཅས་པ་ཞིག་ཀླུའི་དུག་གིས་མི་གནོད་པའི་རྒྱུ་མཚན་འདྲི་བ་ལ། ངས་ནི་རྨ་བྱ་ཆེན་མོའི་སྔགས་གྲུབ་པ་ཡིན་གསུངས། དེ་རྣམས་ལ་དབུ་མ་གཉིས་ཀྱི་ལྟ་བའི་འཇོག་མཚམས་དྲིས་པས་ངོ་བོ་ཉིད་མེད་པའི་ལུང་ཡིན་གསུངས་སྐད་དེ། ཐལ་རང་པ་རྣམས་ཀྱིས་བཅོས་པ་ཡིན་ན་རུང་ངོ་། །ཀླུ་རྣམས་ལ་ཆོས་བསྟན་ནས་ཡུན་རིང་དུ་བཞུགས་པས་དེ་ཕྱིན་མཚན་ནཱ་ག་ཨ་རྫུ་ན་སྟེ་ཀླུ་སྒྲུབ་ཅེས་པར་གྲགས། བ་ལི་ཨཱ་ཙརྨའི་མཚན་ཀླུ་སྒྲུབ་སྙིང་པོ་སྟེ་དེ་དང་འདྲ་འདྲེས་སུ་བྱས་པའང་སྣང་བས་འཁྲུལ་བར་མི་བྱའོ། །
ཤེར་ཕྱིན་རྒྱས་པ་དང་། གཟུངས་དང་རྟོག་པའི་རིགས་དུ་མ་སྤྱན་དྲངས་འབུམ་གྱི་ཞབས་ནས་ཀླུས་ཅུང་ཟད་མ་བསྐུར་ཟེར་ཡང་། དམ་པའི་ཆོས་ལ་དགྲ་ལན་གསུམ་བྱུང་དུས་མ་ཚང་བ་ཡིན་ནོ། །དབུ་མ་ཚོགས་གསུམ་སོགས་པ་བརྩམས། དགེ་སློང་བདེ་བྱེད་སོགས་ཐེག་ཆེན་ལ་སྡང་བ་རྣམས་དང་ཛ་ཊ་སཾ་གྷ་རར། མུ་སྟེགས་མང་པོ་རྩོད་པས་ཚར་བཅད་དེ་བསྟན་པ་ལ་བཀོད་ནས་ཐེག་ཆེན་གྱི་བསྟན་པ་རྒྱས་པར་མཛད། དུས་དེ་ཙམ་ན་སེམས་ཙམ་པའི་གྲུབ་མཐའ་འཛིན་པ་བཙུན་པ་དགའ་བོ་དང་དམ་པའི་སྡེ་ཡང་དག་བདེན་གསུམ་བྱུང་། མངོན་པར་ཀུན་གཞི་བཤད་པའི་སྐབས་སུ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་ཞེས་ཟེར་དེ་ནས་རིམ་པས་ཐམས་ཅད་ཀྱང་དབུ་མ་པར་གྱུར། དེ་ཕྱིན་ནས་སེམས་ཙམ་པ་དངོས་ནི་མེད་དོ། །
བྱིས་པ་ཞིག་རྒྱལ་པོར་འགྱུར་བ་ལུང་བསྟན་པར་མཛད། འཛམ་བུ་གླིང་དུ་མཆོད་རྟེན་འབུམ་ཕྲག་ལྷ་ཁང་སྟོང་སོགས་བཞེངས་པར་མཛད། བྱང་སྒྲ་མི་སྙན་དང་མི་མ་ཡིན་གྱི་གནས་སུ་ལོ་བཅུ་གཉིས་ཙམ་དུ་འགྲོ་དོན་མཛད། སླར་འཛམ་གླིང་དུ་ཕེབས་པས་ལྷོ་ཕྱོགས་སུ་སྔར་གྱི་བྱིས་པ་དེ་རྒྱལ་པོ་བདེ་སྤྱོད་དུ་གྱུར་འདུག་པས་སློབ་དཔོན་ལ་གུས་མཆོད་ཕུལ། རྒྱལ་པོའང་བཅུད་ལེན་དང་གནོད་སྦྱིན་མངག་གཞུག་ཏུ་གྲུབ། དེས་གཙུག་ལག་ཁང་ལྔ་བརྒྱ་སོགས་བཞེངས། དཔལ་གྱི་རིར་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ལོ་ཉིས་བརྒྱ་སྔགས་སྤྱོད་ཀྱིས་བཞུགས་སྐུ་ལ་མཚན་བཟང་སོགས་མངའ། རྒྱལ་པོ་བདེ་སྤྱོད་ཀྱི་བུ། རབ་ནུས་ཀྱིས་ཕའི་རྒྱལ་སྲིད་འདོད་ནས། ཡབ་དང་སློབ་དཔོན་སྐུ་ཚེ་མཉམ་པར་ཤེས་ནས་མ་ཡིས་བསླབ་པ་ལྟར་དབུ་སློང་བས། མཚོན་ཆས་མ་ཆོད་ནས་སྔོན་རྩྭ་སྔོན་པོས་སྲོག་ཆགས་ཀྱི་སྐེ་བཅད་པའི་ལས་གཟིགས་ནས་ཀུ་ཤས་བཅད་ནས་གནང་། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། །ཕྱི་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་གསུངས། རྒྱལ་བུས་སྐུ་ལུས་དང་དབུ་འགྲིགས་ཀྱི་དོགས་ནས་ཐག་རིང་དུ་ཁྱེར་བར་གནོད་སྦྱིན་མོས་སོ་སོར་ལྷ་ཁང་བཞེངས། དེ་གཉིས་ཀྱི་བར་དུ་སྔར་དཔག་ཚད་བཞི་ཡོད་པར། ན་ནིང་བུདྡྷ་གུཔྟའི་སྐབས་རྒྱང་གྲགས་གཅིག་ཀྱང་བག་མེད་ཙམ་འདུག་རྡོ་བརྩེགས་ཞུན་ཐེབ་པ་བྲག་གི་རྣམ་པའི་ཁང་པ་སྒོ་མེད་པའི་སྐར་ཁུང་ནས་མཇལ་བས་ཁྲི་སྟེང་དུ་རྡོ་སྐུའི་དུམ་བུ་འདྲ་བ་རེ་འདུག་གསུངས་སྣང་། ལྷ་མོ་ཙཎྜི་ཀ་བསྒྲུབས་ནས་ལོ་བཅུ་གཉིས་སུ་དགེ་འདུན་གྱི་འཚོ་བ་བསྒྲུབ་པར་ཆད་ཐོ་བྱས་པ་དགེ་ཚུལ་ངན་པ་ཞིག་གིས་བར་ཆད་བྱས་པའི་ཚབ་ཐེག་ཆེན་གྱི་ཆོས་གཞི་བརྒྱ་རྩ་བརྒྱད་དང་། རྡོ་རྗེ་གདན་དུ་བྱང་ཆུབ་ཤིང་ལ་རྡོ་ཡི་དྲ་མིག་དང་། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་སོགས་བཞེངས། སློབ་དཔོན་འདིས་ནི་མཐར་ཐུག་དབུ་མ་གཞན་སྟོང་ཁོ་ན་བཞེད་པ་ཡིན་ཏེ་བསྟོད་ཚོགས་དང་ཀུན་བཏུས་སོགས་ཀྱིས་ཀྱང་གསལ་ལ། ཕྱིས་ཐལ་རང་གི་སློབ་དཔོན་རྣམས་ཀྱིས་སློབ་དཔོན་གྱི་དགོངས་པ་ནི་རིགས་ཚོགས་ཁོ་ནའོ་ཞེས་ནན་གྱིས་འཆད་པའང་གཞུང་དེ་གཙོ་བོར་འཆད་པའི་སྐབས་ཡིན་པས་དེ་ལྟར་འཆད་པའོ།།
མངའ་བདག་མེ་ཏྲི་པ།
མངའ་བདག་མེ་ཏྲི་པ་ཡང་ཤ་བཱ་རི་པའི་སློབ་མ་མཚན་ནི་བྱམས་པ་སྦས་པའོ། །དེ་ཡང་བྲམ་ཟེ་མུ་སྟེགས་ཀྱི་པཎྜི་ཏ་ཡིན། ནཱ་རོ་པ་དང་མཇལ་ནས་དབང་དང་གདམས་པ་གནང་། ནཱ་ལནྡར་རབ་ཏུ་བྱུང་། ཤཱནྟི་པ་སོགས་བླ་མ་མང་པོ་བསྟེན། བི་ཀྲ་མ་ལ་ཤཱི་ལར་བཤད་སྒྲུབ་སྤེལ་མ་མཛད། རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས། དགེ་ཚུལ་ཞིག་གིས་སློབ་དཔོན་བུད་མེད་དང་ལྷན་ཅིག་ཆང་བཞེས་པ་མཐོང་བས་སློབ་དཔོན་གྱིས་འོ་མ་དང་དགེ་ཚུལ་དེས་ཆང་སྐྱུགས་པའི་སྦྱོར་བ་མཛད། ཡང་ལན་ཅིག་ལ་དགེ་བསྐོས་ཀྱིས་མཐོང་བ་ལ་ཆང་འོ་མ་དང་བུད་མེད་མི་སྣང་བར་བྱས། ཡང་ལན་གཅིག་འཇབས་ནས་འོང་བས་སྔགས་ཀྱིས་བསྒྱུར་ལོངས་མ་བྱུང་བས། དགེ་འདུན་གྱིས་གནས་དབྱུང་བྱས་ཆུ་བོ་གངྒཱ་ལ་ལྤགས་གདན་བཏིང་ནས་བཞུད། དེ་དུས་དགེ་བསྐོས་ནི་ཨ་ཏི་ཤ་ཡིན། དེ་ནས་དཔལ་གྱི་རི་ལ་ཤ་བཱ་རི་ཚོལ་དུ་རྒྱལ་བུས་ཀར་དང་ལྷན་ཅིག་ཏུ་ཕེབས་ནས་མཇལ། ཤ་བཱ་རིའི་དབུའི་རལ་པ་ནས་སྲོ་ཤིག་བྱུང་བ་རྣམས་ཡུམ་གཉིས་ཀྱིས་གསོལ་བར་མེ་ཏྲི་པ་ཅུང་ཟད་ཐུགས་མ་དད། རྒྱལ་བུས་ཞབས་ལ་ཕྱག་བྱས་པས་དེ་ཉིད་དུ་འཇའ་ལུས་སུ་སོང་བས་དད་པ་འཁྲུངས། ཡང་བཙུན་མོ་གཉིས་ཀྱིས་རི་དྭགས་བཤོར་བ་ལ་ཡང་མ་དད་པ་ཅུང་ཟད་སྐྱེས་པ་བྱུང་། དབང་བསྐུར་གདམས་པ་གནང་བས་གནས་ལུགས་གཟིགས་པའི་ཡེ་ཤེས་བརྙེས་ཀྱང་མ་དད་པ་གཉིས་པོ་དེའི་རྟེན་འབྱུང་གི་སྐུ་ལུས་གནས་མ་འགྱུར་སླར་ཡུལ་དབུས་སུ་བྱོན་ནས་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་རྗེ་མར་པ་ལོ་ཙཱ་རྗེས་སུ་བཟུང་བ་ཡིན་ཅིང་། འདི་དང་ཤཱནྟི་པ་རྩོད་པ་བྱས་ཟེར་བ་ནི་མེ་ཏྲི་པའི་ལྟ་བ་ཐལ་འགྱུར་བ་ཡིན་རྒྱུའི་བསྟོད་ར་གཏོང་འདོད་པའི་རྫུན་བཤད་ཡིན་པ་ནི་ཇོ་ནང་རྗེ་བཙུན་གྱིས། བུདྡྷ་གུཔྟ་ལ་དྲིས་པའི་ལོ་རྒྱུས་ཀྱིས་ཀྱང་ཤེས་ཤིང་འདིར་ནི་ཞར་བྱུང་དུ་སྨྲས་པའོ།།
སློབ་དཔོན་ཨརྱ་དེ་བ།
གཞན་ཡང་དཔལ་མགོན་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ་ཨཱརྱ་དེ་བ་ནི། འཇམ་དཔལ་རྩ་རྒྱུད་ནས་ལུང་གིས་བསྟན། སིངྒ་ལའི་རྒྱལ་པོ་པཉྩ་ཤི་གའི་སྲས་སུ་འཁྲུངས། མཁན་པོ་ཧེ་མ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་པོ་མཐའ་དག་ལ་མཁས་པར་མཛད་ནས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་དང་མཇལ། བཅུད་ལེན་སོགས་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་བསྟན་པའང་གཏད། ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་འཆད་ཉན་དང་སྒོམ་སྒྲུབ་སོགས་མཛད། ཤིང་དང་རིའི་ལྷ་སོགས་ལས་ཡོ་བྱད་བླངས་ནས་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། གནོད་སྦྱིན་མོ་སྐལ་པ་བཟང་མོས་འཚོ་བ་སྦྱར་ཏེ་དེ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་གཞི་རེ་བཙུགས་སོ།།
དཔལ་ཟླ་བ་གྲགས་པ།
དཔལ་ཟླ་བ་གྲགས་པ་ནི་ཡུལ་དབུས་སུ་རྒྱལ་པོ་གསལ་བའི་སྐབས་ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས། རིག་གནས་ཀུན་ལ་མཁས། རབ་ཏུ་བྱུང་ཞིང་སྡེ་སྣོད་གསུམ་འཛིན་པའི་མཁས་པ་ཆེན་པོར་གྱུར། ལེགས་ལྡན་གྱི་སློབ་མ་རྣམས་དང་བུདྡྷ་པཱ་ལི་ཏའི་སློབ་མ་ཀ་མ་ལ་བུདྷི་ལཱ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཐམས་ཅད་གསན། ནཱ་ལནྡའི་མཁན་པོ་མཛད། རྩ་བཞི་རིགས་གསུམ་སོགས་ཀྱི་འགྲེལ་པ་དང་འཇུག་པ་སོགས་བརྩམས། སངས་རྒྱས་བསྐྱངས་ཀྱི་ལུགས་དེ་དར་བར་མཛད། རི་མོར་བྲིས་པའི་བ་ལས་འོ་མ་བཞོ་བ་དང་། རྡོའི་ཀ་བ་ལ་ཕྱག་ཟངས་ཐལ་དང་རྩིག་པ་ལ་ཟངས་ཐལ་སོགས་མཛད། མ་ནུ་བྷ་གའི་རི་ལ་སྔགས་ལམ་ལ་བརྟེན་ཏེ་མཆོག་གི་དངོས་གྲུབ་ཐོབ་པ་ཡིན་ཅིང་། སློབ་དཔོན་འདི་ཀླུ་སྒྲུབ་ཀྱི་དངོས་སློབ་མིན་པ་ནི་རྒྱ་གཞུང་རྣམས་ནས་ཀྱང་གསལ་ལ། འདུས་པ་སོགས་སྔགས་གཞུང་རྣམས་ནི་འཕགས་པའི་ཡེ་ཤེས་ཀྱི་སྐུ་ལས་ནོས་པ་ཡིན་པར་བྱེད་དགོས་སོ། །འདུས་པའི་འགྲེལ་པ་སྒྲོན་གསལ་སོགས་མཛད་དོ། །དུས་ཕྱིས་གདོལ་པའི་བུ་མ་ཏངྒི་པས་འཕགས་པ་ལྷ་མཇལ་ཏེ་གསང་བ་འདུས་པ་སོགས་འཕགས་པ་ཡབ་སྲས་ཀྱི་སྔགས་གཞུང་རྣམས་ནོས་ནས་དུས་དེར་འདུས་པ་འཕགས་སྐོར་ཐོག་མར་དར་བ་ཡིན་ཞིང་། དབུ་མ་ཚོགས་གསུམ་སོགས་བཞིན་དུ་འཕགས་པ་ཡབ་སྲས་སྐུ་བཞུགས་པའི་དུས་ནས་ཐུན་མོང་དུ་དར་བ་ནི་མ་ཡིན་ནོ། །སྒྲོན་གསལ་ལས་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སྩལ་བ་སྟེ། གཏེར་དང་འདྲ་བར་སློབ་དཔོན་རྣམས་བརྒྱུད་པའི་རིམ་གྱིས་བླ་མའི་ཞལ་ནས་ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་ཀོངྐ་ནའི་སློབ་དཔོན་སྲུང་བའི་ཞབས་ཀྱིས་དུས་ཕྱིས་དཔལ་ཟླ་བ་གྲགས་པ་མཇལ་ནས་སྒྲོན་གསལ་གྱི་གླེགས་བམ་རྙེད་པ་ཡིན་པ་དང་། པཎྜི་ཏ་སྒྲ་གཅན་འཛིན་ཟེར་བ་ཞིག་གིས་གླུས་བྱས་དང་མཇལ་ནས་འཕགས་སྐོར་གྱི་དཔེ་རྣམས་རྙེད་པ་སྟེ། འཕགས་པ་ཀླུ་སྒྲུབ། ཨརྱ་དེ་བ། ཟླ་གྲགས། མ་ཏངྒི་ཞེས་འདྲེན་པའང་དོན་ལ་ནི་ལོས་རུང་ངོ་། །རྒྱ་ནག་ཏུ་རྒྱལ་བསྟན་སྤེལ་མཛད་དགྲ་བཅོམ་པ་མ་ཏངྒི་ཞེས་པའང་འདི་ཡིན་པར་མངོན་ཞིང་། འདིས་འདུས་པ་འཕགས་སྐོར་སོགས་ཏེ་ལོ་པ་ལ་གནང་བ་ཡིན་ནོ། །
[1] སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༨༤༠-༨༥༡ བར།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།