རྣམ་དཔྱོད་ཀྱི་མིག་སྦྱིན་མཁན། པཎ་གྲུབ་བཅུ་བདུན།
པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་ང་ཚོར་རྣམ་དཔྱོད་ཀྱི་མིག་འབྱིན་མཁན་ལྟ་བུ་ཡིན་པས། གཞུང་དེ་དག་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། གཞུང་དེ་དག་ལ་རྒྱུས་མངའ་ཅུང་ཟད་ཡོད་པ་ཞིག་བྱུང་ན། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་བ་དང་། དེ་མིན་ཕ་མ་དང་མི་ཐོག་གོང་མ་དག་གིས་སྐྱབས་སུ་མཆིའོ་ཞེས་བརྗོད་པ་དེ་གའི་ཐོག་ཏུ་མུ་མཐུད་ཕྱིན་ན་དབང་རྟུལ་དད་པའི་རྗེས་འབྲང་ཆགས་པ་རེད།
དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་དེ་བྱུང་ན། ད་ལྟ་དུས་རབས་ཉེར་གཅིག་པ་ཡིན་ཅིང་། མ་འོངས་པར་དུས་རབས་ཉི་ཤུ་རྩ་གཉིས་པ་དང་། རྩ་གསུམ་པ། རྩ་བཞི་པ། རྩ་ལྔ་སོགས་མུ་མཐུད་ནས་སངས་རྒྱས་པའི་ཆོས་འདི་གནས་ཐུབ་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་གི་ཐོག་ཏུ་ཕྱིན་ན། མི་ཐོག་གཅིག་ཙམ་གྱི་རྗེས་ནས་རིམ་བཞིན་རྫོགས་འགྲོ་ཉེན་ཡོད།
ཡོ་རོབ་སོགས་སྔར་ནང་ཆོས་མ་དར་བའི་་ཡུལ་གྲུ་རྣམས་ཀྱི་མཁས་པ་རྣམ་དཔྱོད་ཅན་དང་། དེ་བཞིན་ཚན་རིག་པ་སོགས་མང་པོ་ཞིག་ལ་པཎ་གྲུབ་བཅུ་བདུན་གྱི་གཞུང་གི་བརྗོད་དོན་བཤད་པ་བྱེད་སྐབས་དགའ་མོས་ཆེན་པོ་བྱེད་ཀྱི་འདུག །དེས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་སྐྱེ་དགོས་པ་ཞིག་ཡིན། ང་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་ཞེས་ངོས་ཀྱིས་ཁ་སང་བརྗོད་པའི་རྒྱུ་མཚན་འདི་རེད། ཁྱེད་རང་ཚོ་ཚང་མས་དེ་སྔོན་དགོན་པ་སོ་སོའི་ཆོ་ག་ཕྱག་ལེན་འདོན་པ་དང་། གྲོང་ཆོག་རྒྱུག་པ་སོགས་བྱས་པ་ལྟ་བུ་མིན་པར་གཞུང་ལ་སློབ་གཉེར་བརྒྱབ་ནས་སངས་རྒྱས་པའི་ཆོས་ཀྱི་གཞི་བདེན་གཉིས་བསླངས་ནས། དེ་ནས་བདེན་བཞིའི་རྣམ་གཞག་གི་ཐོག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཏན་ལ་འབེབས་པ་དེ་རིགས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག ཤེས་སོང་ངམ། ཞེས་བཀའ་སྩལ་ཏོ།། །།
༄༅། །ཕྱི་ལོ་ ༢༠༡༩ ཟླ་བ་ ༨ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་ནཱ་ལིར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཀའ་ཁྲིད་ཀྱི་མཇུག་མཐར་སྩལ་བའི་གལ་ཆེའི་བཀའ་སློབ་ཟུར་འདོན་ཞུས་པ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།