༄༅། །མཁས་དང་གྲུབ་པའི་སློབ་དཔོན་ཆེན་པོ་སེངྒེ་བཟང་པོའི་བླ་རྣལ་བཞུགས་སོ།།[1]
༼རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པ།༽
ཨཱཿ ཆོས་ཀུན་སྐྱེ་མེད་སྟོང་པའི་ངང་། །ཨ་ག་རུ་ཡི་ཁྲི་པད་ཟླར། །སློབ་དཔོན་ཆེན་པོ་སེངྒེ་བཟང་། །དཀར་དམར་མདངས་ལྡན་གཟི་བརྗིད་འབར། །པཎྜི་ཏ་ཡི་ཆ་བྱད་ཅན། །དབུ་ལ་སྡེ་སྣོད་གསུམ་ཞུ་གསོལ། །ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག །གླེགས་བམ་བསྣམས་ཤིང་ཕྱེད་སྐྱིལ་བཞུགས། །ཐུགས་ཀར་ཤེས་རབ་ཕ་རོལ་ཕྱིན། །གསེར་མདོག་ཞལ་གཅིག་ཕྱག་བཞི་མ། །
རྩ་ཕྱག་ཆོས་འཆད་མཉམ་བཞག་དང་། །འོག་མས་སྐྱབས་སྦྱིན་རྡོ་རྗེ་དང་། །གླེགས་བམ་འཛིན་ཅིང་ལོངས་སྐུའི་ཆས། །པད་ཟླར་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །གནས་གསུམ་ཡི་གེ་འབྲུ་གསུམ་དང་། །ཐུགས་ཀར་སྐྱེ་མེད་ཨ་ཡིས་མཚན། །དེ་ལས་འོད་འཕྲོས་ཡེ་ཤེས་པ། །སྤྱན་དྲངས་དམ་ཡེ་དབྱེར་མེད་གྱུར། །བཟང་པོ་སྤྱོད་པའི་ཡན་ལག་བདུན། །མཎྜལ་འབུལ་ཞིང་གསོལ་འདེབས་ནི། །ཨེ་མ་ཧོ། བྱམས་པ་མགོན་པོས་རྗེས་བཟུང་པཎྜི་ཏ། །རྒྱལ་ཡུམ་དགོངས་པ་ཇི་བཞིན་གསལ་མཛད་ཅིང་། །མཁྱེན་རབ་མཐའ་ཡས་སེངྒེ་བཟང་པོ་ལ། །གསོལ་བ་འདེབས་སོ་ཡུམ་དོན་རྟོགས་པར་ཤོག །ཨོཾ་ཨཱཿབཛྲ་གུ་རུ་སེང་ཧ་བྷ་དྲ་པྲཉྫཱ་པཱ་ར་མི་ཏཱ་སརྦ་སིདྡྷི་ཧཱུཾཿ ཞེས་དང་དབྱངས་གསལ་ཨ་ཡིག་བཟླ། །བླ་མ་ཡུམ་ཆེན་ཐུགས་ཀ་ནས། །འོད་ཟེར་གསེར་མདོག་གྲངས་མེད་དང་། །དབྱངས་གསལ་ཨ་ཡིག་ཆར་བཞིན་བབས། །རང་གི་ལུས་ལ་སིབ་སིབ་ཐིམ། །མི་ཤེས་མུན་པ་ཀུན་བསལ་ནས། །བློ་མཆོག་སྣང་བ་རྒྱས་པར་མོས། །སྐབས་འགར་ཡུམ་གྱི་དོན་ལ་བཞག །ཐུན་མཐར་བླ་མའི་གནས་གསུམ་ལས། །བདུད་རྩི་དཀར་དམར་མཐིང་གསུམ་པོ། །ཡིག་འབྲུ་སྒྲར་བཅས་བྱུང་ནས་ནི། །རང་གི་གནས་གསུམ་ཐིམ་པ་དང་། །བླ་མ་འོད་ཞུ་ཤེར་ཕྱིན་གྱི། །གླེགས་བམ་འོད་ཀྱི་ཕུང་པོར་གྱུར། །རང་ཐིམ་ཤེར་ཕྱིན་སེར་མོའི་སྐུར། །གྱུར་པའི་ངང་ལ་སྣང་སེམས་བསྲེ། །ཨ་ནི་སྐྱེ་བ་མེད་པའི་སྒོ། །ར་ནི་རྡུལ་དང་བྲལ་བའི་སྒོ། །པ་ནི་ཆགས་པ་མེད་པའི་སྒོ། །ཙ་ནི་ཡེ་ཤེས་རྒྱས་པའི་སྒོ། ན་ནི་ནམ་མཁའ་མཛོད་ཀྱི་སྒོ། །དྷཱིཿནི་ཡེ་ཤེས་ལྔ་ཡི་སྒོ། །དེ་ཡི་དོན་ལ་མཉམ་པར་བཞག །ཐུགས་ཀར་ཐིག་ལེ་སེར་པོའི་སྟེང་། །དྷཱིཿདང་ཨ་ར་པ་ཙས་བསྐོར། །སེམས་གཏད་སྔགས་ཀྱང་བཟླ་བ་དང་། །ག་ཏེ་ཡང་ནི་ཅུང་ཟད་བཟླ། །ཤེར་ཕྱིན་མདོ་ནི་གང་རུང་བཀླག །དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །རྗེས་སྤྱོད་སྟོང་དང་རྟེན་འབྱུང་དང་། །འགྲོ་བའི་དོན་ལ་བརྩོན་བྱས་ན། །ཚེ་འདིར་ཡུམ་གྱི་དགོངས་པ་རྟོགས། །སྐུ་བཞིའི་རྒྱལ་སར་འཛེགས་པར་ངེས། །དེ་སྐད་ཆོས་ཀྱི་བློ་གྲོས་ལ། །འཁྲུལ་ཉམས་ཤིང་རྟ་ཟླ་ ༨ ཚེས་ ༢༨ ཀྱི། ཉི་ཤར་ཆ་ལ་རབ་རིབ་ནི། །བྱུང་བས་རྐྱེན་བྱས་ཐ་སྐར་གྱིས། །རྒྱལ་བ་དང་པོའི་ཚེས་ ༢ ལ་བྲིས། །དགེ་བས་བྱང་ཆུབ་ཐོབ་གྱུར་ཅིག །མངྒ་ལཾ།། །།
[1] ཆོས་ཀྱི་བློ་གྲོས་བཀའ་འབུམ། པོད། ༼ང༽ ཆོས་ཚན་ ༧ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༡ ནས་ ༣བ༤ བར།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།