༢༽ སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་རྣམ་ཐར།

༢༽ སློབ་དཔོན་ཤཱཀྱ་བཤེས་གཉེན།

 

དེ་ཡང་ངོར་ཆེན་ཀུན་དགའ་བཟང་པོས་ (1382-1456) མཛད་པའི་གསང་འདུས་འགོས་ལུགས་ཀྱི་བརྒྱུད་འདེབས་ལས[1]།

དོན་དམ་སྤྲོས་བྲལ་རྟོགས་པའི་ཀླུ་སྒྲུབ་ཞབས། །

མུ་སྟེགས་སྨྲ་བ་ངན་འཇོམས་འཕགས་པ་ལྷ། །

དེ་ཉིད་དོན་མཐོང་ཤཱཀྱ་བཤེས་གཉེན་ཞབས། །

གུས་པས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས། །

ཞེས་གསོལ་བ་འདེབས་ཡུལ་སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ་ཡབ་སྲས་རྣམ་གཉིས་ཀྱི་སློབ་མར་གྱུར་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་ཞབས་ནི། ལེགས་སྦྱར་སྐད་དུ་ཤཱཀྱ་མི་ཏྲ་སྟེ་ (Shakyamitra) བོད་སྐད་ཀྱི་མཚན་དུ་སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་ཞུ་ཞིང་། དུས་ནམ་ཞིག་བྱོན་པ་ནི། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ (1523-1596) མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས[2]། འདས་ལོ་ནས་ལོ་བཞི་བརྒྱ་ལོན་པ་ས་ཕོ་འབྲུག་ (ཕྱི་ལོའི་སྔོན་གྱི་ལོ་ ༡༧༣༣) ཉན་ཐོས་ཀྱི་བཀའ་བསྡུ་གསུམ་པ་མཛད་པའི་ལོ་དེ་ཉིད་ལ་འཕགས་པ་ཀླུ་སྒྲུབ་བལྟམས། འདིས་སྔོན་མ་བསྒྲགས་པའི་སེང་གེའི་ང་རོ་ལན་གསུམ་བསྒྲགས་ཏེ། གཏམ་ཚོགས་སུ་ཀུན་རྫོབ་ལས་འབྲས་ཀྱི་གནད་བཤད་དེ་མེད་པའི་མཐའ་བསལ། རིགས་ཚོགས་སུ་དོན་དམ་རྟེན་འབྲེལ་སྟོང་ཉིད་ཀྱི་གནད་བཤད་དེ་ཡོད་པའི་མཐའ་བསལ། བསྟོད་ཚོགས་སུ་བདེན་གཉིས་ཟུང་འཇུག་གཞི་ལམ་འབྲས་གསུམ་གྱི་གནད་བཤད་དེ་ཐེག་ཆེན་དབུ་མའི་སྲོལ་རྒྱ་ཆེར་བཏོད་པ་ཡིན་ནོ། །འདི་ལ་སློབ་མ་ཐུགས་སྲས་བཞི། ཉེ་སྲས་གསུམ། སྲས་ཀྱི་ཐུ་བོ་བཞི་སོགས་ཡོད་པ་ལས། ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མ་ཞལ་གཟིགས་ན་ག་བོ་དྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྒི་པའོ། །ཞེས་གསུངས་པ་ལྟར་འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་ཞིའི་ཡ་གྱལ་ཡིན་པས་ཀླུ་སྒྲུབ་དང་དུས་མཉམ་ལྟ་བུར་བྱོན་པ་ཞིག་ཡིན་ལ། ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་གསང་འདུས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[3]། ཀླུ་སྒྲུབ་ཀྱི་རིམ་ལྔའི་རིམ་པ་གཉིས་པའི་མཇུག་ཏུ་ཤཱཀྱ་བཤེས་གཉེན་གྱི་མཛད་བྱང་བྱུང་བ་ལ་འཁྲུལ་ནས་རྒྱ་གར་བ་འགའ་ཞིག་གིས་ཤཱཀྱ་བཤེས་གཉེན་ཀླུ་སྒྲུབ་ཀྱི་མཚན་གྱི་རྣམ་གྲངས་སུ་བཤད་པ་སོགས་རྒྱ་འགྲེལ་རྣམས་ལ་ཡང་ནོར་བ་མང་དུ་ཡོད་པའི་ཕྱིར་རོ། །ཞེས་པ་འདི་ཡང་ཐུགས་ལ་བཏགས་དགོས་པའི་གནད་གཅིག་གོ།

དེ་ཡང་སློབ་དཔོན་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་མཛད་པར་གྲགས་པའི་རིམ་པ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ལས[4]། འདིར་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ནི་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་རབ་ཏུ་བྱུང་བའི་མཚན་ཡིན་ལ། གྲགས་པའི་མཚན་ནི་འཕགས་པ་ཀླུ་སྒྲུབ་ཅེས་བྱ་བ་ཡིན་ནོ། །ཡང་སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་དེའི་སློབ་མ་ཡིན་པའི་ཕྱིར། དེ་ལ་བརྩེ་བའི་སྒོ་ནས་རབ་ཏུ་བྱེད་པའི་ནང་དུ་དེའི་མིང་བཅུག་པ་ཁོ་ན་ཡིན་ཏེ། འདི་ལྟར་བླ་མ་བརྩེ་བ་དང་ལྡན་པ་རྣམས་ནི་བསྟན་བཅོས་བདག་ཉིད་ཀྱིས་བྱས་ཀྱང་སློབ་མས་བྱས་སོ། །ཞེས་སྨྲ་བ་ནི་ལུགས་ཡིན་ནོ། །བསོད་ནམས་བསྔོ་བ་ནི་ཞབས་སུ་བྱ་བ་ཡིན་མོད་ཀྱི། འདིར་བྱ་བ་ནི་རིམ་པ་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །དཀའ་བ་ཉིད་ནི་སེམས་ལས་སྦྱང་དཀའ་བ་གཞན་མེད་པའི་ཕྱིར་རོ། །རིམ་པ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ལས་སེམས་རྣམ་པར་དག་པའི་རིམ་པ་སྟེ་གཉིས་པའོ། །ཞེས་ཤཱཀྱ་བཤེས་གཉེན་ཞེས་པ་ནི་ཀླུ་སྒྲུབ་ཀྱི་རབ་བྱུང་གི་མཚན་ཡིན་པ་དང་། རིམ་པ་གཉིས་པ་ཀླུ་སྒྲུབ་ཀྱིས་མཛད་ཀྱང་བརྩེ་བས་སློབ་མ་ཀླུ་བྱང་གི་མཚན་བཀོད་པ་ཞིག་ཡིན་པར་གསུངས་སོ།།

དེ་བཞིན་རྗེ་ཙོང་ཁ་པའི་ (1357-1419) རིམ་ལྔ་གསལ་སྒྲོན་ལས[5]། དེ་ལ་ཨ་བྷྱཱ་དང་དམ་ཚིག་རྡོ་རྗེའི་འགྲེལ་པ་ལས་རིམ་པ་གཉིས་པ་འཕགས་པའི་སློབ་མ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་བཤད་པས། དེ་དག་གི་ལྟར་ན་མདོར་བྱས་རིམ་པ་གཅིག་ཏུ་བྱས་ནས་རིམ་པ་ལྔར་འདོད་དགོས་ལ། ཐུབ་པ་དཔལ་བཟང་པོ་ཡང་དེ་བཞིན་དུ་འདོད་དོ། །ལག་སྨྲིའི་འགྲེལ་པར་སློབ་དཔོན་གྱི་དངོས་གྲུབ་ཀྱི་མཚན་ཀླུ་སྒྲུབ་དང༌། རབ་ཏུ་བྱུང་བའི་མཚན་ཤཱཀྱ་བཤེས་གཉེན་ཡིན་པས་རིམ་པ་གཉིས་པ་སློབ་དཔོན་ཉིད་ཀྱིས་མཛད་པའི་རང་ལུགས་དང༌། ཁ་ཅིག་སློབ་དཔོན་ཉིད་ཀྱིས་མཛད་པ་ལ་ཉིད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་གྱི་མིང་བཅུག་པ་ནི་ཤིན་ཏུ་དགྱེས་པའི་ཕྱིར་རོ་ཞེས་པའི་གཞན་ལུགས་གཉིས་བཤད་དོ། །འགྲེལ་པ་ནོར་བུའི་ཕྲེང་བ་ལས་ནི་བཤད་པ་སྔ་མ་ལྟར་རམ། ཡང་ན་ཕྱི་མ་ལྟར་ཡིན་ཞེས་གདམ་ག་རུ་བྱེད་དོ། །ཞེས་གསུངས་སོ།།

གཞན་ཡང་ཀླུ་སྒྲུབ་ཀྱི་དངོས་སློབ་ཨཱརྱ་དེ་ཝ་དང་ཤཱཀྱ་མི་ཏྲ་གཉིས་བྱོན་སྔ་ཕྱི་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་རྣལ་འབྱོར་བླ་མེད་ཀྱི་ལུང་བརྒྱུད་ལས[6]། བཀའ་བབས་ལྔ་པ་ཆག་ལུགས་ཀྱི་བརྒྱུད་པ་ནི། ཀླུ་སྒྲུབ་ཡན་སྔར་ལྟར་ལ། དེ་ལ་སློབ་དཔོན་ཤཱཀྱ་བཤེས་གཉེན། སློབ་དཔོན་ཨཱརྱ་དེ་ཝ། ཀླུ་བྱང་། ཟླ་བ་གྲགས་པ་སྟེ་སྲས་ཀྱི་ཐུ་བོ་བཞིས་གསན། ཞེས་ཤཱཀྱ་བཤེས་གཉེན་ནི་སློབ་དཔོན་ཨཱརྱ་དེ་བའི་སྔོན་དུ་བྱོན་པར་གསལ་ལ། ངོར་མཁན་ཆེན་ཀུན་དགའ་བཟང་པོས་ (1382-1456) མཛད་པའི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་དངོས་གྲུབ་རྒྱ་མཚོ་ལས[7]། རྡོ་རྗེ་འཆང་ཆེན་པོ། རྡོ་རྗེ་ཆོས། ཀླུ་ལས་གྱུར་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ། རྒྱལ་པོ་ཨིནྟྲ་བྷཱུ་ཏི། བི་སུ་ཀལྤ། བྲམ་ཟེ་ཆེན་པོ་ས་ར་ཧ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་འཕགས་པ་ལྷ། སློབ་དཔོན་ཤཱཀྱ་བཤེས་གཉེན། གྲུབ་ཆེན་ཀླུའི་བྱང་ཆུབ། དཔལ་ལྡན་ཟླ་བ་གྲགས་པ། སློབ་དཔོན་སློབ་པའི་རྡོ་རྗེ། པཎྜི་ཏ་ནག་པོ་པ། རྒྱལ་སྲས་ས་འདྲེས་པ་ཆེན་པོ། པཎྜི་ཏ་བཱིརྱ་བྷ་དྲ། དེ་ཝ་ཨཱ་ཀཱ་ར་ཙནྡྲ། རྗེ་འགོས་ལོ་ཙྪ་བ། ཞེས་འཕགས་པ་ལྷའི་རྗེས་སུ་ཤཱཀྱ་བཤེས་གཉེན་བྱོན་པར་གསལ་བས་ཅུང་ཟད་མི་མཐུན་པ་སྣང་ངོ་།།

སློབ་དཔོན་ཤཱཀྱ་བཤེས་གཉེན་འཕགས་པ་ལྷའི་སྔོན་རྗེས་གང་དུ་བྱོན་ནའང་། མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་ལ་རྩོད་པ་མེད་པ་ནི། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་གསང་བ་འདུས་པའི་བརྒྱུད་འདེབས་ལས[8]།

ཀླུ་སྒྲུབ་རྡོ་རྗེ་ཅན་དང་འཕགས་པ་ལྷ། །

ཀླུ་བྱང་ཤཱཀྱ་བཤེས་གཉེན་མ་ཏང་གི །

ཟླ་བའི་ཞབས་སོགས་བླ་མ་བརྒྱུད་པ་ལ། །

གདུང་ཤུགས་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས་[9]ཀྱང་། བསྟན་བཅོས་མང་དུ་བརྩམས་པའི་སློབ་དཔོན་ཀླུ་སྒྲུབ་དེ་ལངྐར་གཤེགས་པ་དང་། འཇམ་དཔལ་རྩ་རྒྱུད་དང་། དུས་འཁོར་རྒྱུད་ཕྱི་མ་རྣམས་ནས་ལུང་བསྟན་པ་ཡིན་ནོ། །དེ་ལ་སློབ་མའི་མཆོག་ནི། སློབ་དཔོན་ཨཱརྱ་དེ་ཝ། ཤཱཀྱ་བཤེས་གཉེན། ཀླུ་བྱང་རྣམས་ནི་དངོས་སློབ་ཡིན་པ་ལ་རྩོད་པ་མེད་ཅིང་། ཟླ་གྲགས་དངོས་སློབ་ཡིན་མིན་འོག་ཏུ་དཔྱད་དོ། །ཞེས་སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་སོ།།

དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ལས་[10]ཀྱང་། སློབ་དཔོན་ཤཱཀྱ་བཤེས་གཉེན་ཆེན་པོ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་ངེས་མོད་ཀྱི་ལོ་རྒྱུས་མ་མཐོང་ཞིང་མ་ཐོས་སོ། །ཞེས་གསུངས། སློབ་དཔོན་འདིའི་རྣམ་ཐར་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་ཁྱབ་བདག་འཁོར་ལོའི་དབང་ཕྱུག་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་སྐལ་བཟང་དད་པའི་ཤིང་རྟ་ལས[11]། དེ་ནས་སློབ་དཔོན་ཤཱཀྱ་བཤེས་གཉེན་དུ་སྐུ་བལྟམས། དེ་ནི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོ། གསུང་རབ་སྤྱི་དང་། ཁྱད་པར་འདུས་པ་སོགས་སྔགས་ཀྱི་བསྟན་པའི་བདག་པོ་ཆེན་པོ་འོ། །ཞེས་གསུངས་པ་ལྟར། ཡོ་ག་སྟེ་རྣལ་འབྱོར་རྒྱུད་ལ་རྩ་རྒྱུད་དེ་ཉིད་བསྡུས་པ་དང་། བཤད་རྒྱུད་རྡོ་རྗེ་རྩེ་མོ། ཆ་མཐུན་གྱི་རྒྱུད་དཔལ་མཆོག་རྣམས་ཡོད་ཅིང་། དེ་ལྟའི་རྩ་བཤད་ཀྱི་དགོངས་པ་འགྲེལ་བའི་སློབ་དཔོན་ཤཱཀྱ་བཤེས་གཉེན་དང་། སངས་རྒྱས་གསང་བ། ཀུན་དགའ་སྙིང་པོ་གསུམ་ལ་ཡོ་ག་ལ་མཁས་པའི་མི་གསུམ་ཞེས་འཕགས་ཡུལ་དུ་གྲགས་ཆེ་བ་བཞིན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པའི་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ་ལས[12]། འདི་ལྟར་བཀའ་གསང་སྔགས་ཀྱི་གཞུང་ཡང་། སློབ་དཔོན་སངས་རྒྱས་གསང་བ་དང་། སློབ་དཔོན་ཤཱཀྱ་བཤེས་གཉེན་དང་། སློབ་དཔོན་ཤེས་རབ་གྲུབ་དང་། སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པས་ནི་རྣལ་འབྱོར་གྱི་རྒྱུད་དང་། བྱ་བའི་རྒྱུད་ཀྱི་དོན་གསལ་བར་མཛད་དོ། །ཞེས་གསུངས་པ་ལྟར་གསང་སྔགས་ཀྱི་གཞུང་དང་། ལྷག་པར་དཔལ་གསང་བ་འདུས་པའི་གཞུང་ལ་མཛད་རྗེས་རྨད་དུ་བྱུང་བའི་སློབ་དཔོན་ཞིག་ཡིན་ནོ།།

དེ་ལྟར་སློབ་དཔོན་ཤཱཀྱ་བཤེས་གཉེན་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1596) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[13]། དེས་རིག་པའི་གནས་ལྔས་འདུལ་བ་རྣམས་ལེགས་པར་སྨིན་པར་བྱས་ཤིང་། མདོ་ལུགས་ལ་སྐུ་ཚེ་འདི་ཉིད་ལ་ས་བརྒྱད་པ་ཐོབ། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུན་པ་ན་གནས་པའི་གསེར་གྱི་གར་བུ་ལྟ་བུ་གཏམ་ཚོགས་དང་། རིགས་པའི་ཚོགས་དང་། བསྟོད་པའི་ཚོགས་དང་། དེ་ཁོ་ན་ཉིད་ཀྱི་ཚོགས་ཀྱིས་གསལ་བར་ཕྱུངས་ཏེ་སློབ་མའི་མཆོག་ཤཱཀྱ་བཤེས་གཉེན་ལ་ན་ལནྡྲ་གཏད་དེ་དཔལ་གྱི་རི་ལ་གཤེགས་སོ། །ཞེས་དང་། དེ་བཞིན་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་མཛད་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས་[14]ཀྱང་། མཁན་པོ་ཤཱཀྱ་བཤེས་གཉེན་ནི་ཀླུ་སྒྲུབ་ཀྱི་རྗེས་སུ་ན་ལེནྚའི་མཁན་པོ་ཡུན་རིང་མཛད་དེ་གཤེགས་ཤིང་། སིངྒ་ལའི་རྒྱལ་པོའི་ལྡུམ་རར་མེ་ཏོག་ལས་སྐྱེས་པ་འཕགས་པ་ལྷར་གྱུར་པ་ཉིད་དོ། །ཞེས་སོགས་གསུངས་པ་ལྟར་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྐུ་ཚེ་སྨད་དུ་སློབ་དཔོན་ཤཱཀྱ་བཤེས་གཉེན་ལ་ནཱ་ལེནྡྲ་གཏད་པ་ལྟར་ནཱ་ལེནྡྲའི་མཁན་པོའི་མཛད་ཁུར་བཞེས་པ་དང་། དཔོན་ཤཱཀྱ་བཤེས་གཉེན་འདས་ནས་སློབ་དཔོན་ཨཱརྱ་དེ་ཝ་སྐུ་སྐྱེར་འཁྲུངས་པ་པདྨ་བཀའ་ཐང་དུའང་གསལ་ལོ།།

དེ་བཞིན་འབྲུག་པ་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[15]། ཤཱཀྱ་བཤེས་གཉེན་གྱིས་བསྟན་པ་ཡུན་རིང་དུ་བསྐྱངས་ལ། དེའི་སློབ་མ་འབར་བའི་གཙོ་བོ་མཚན་དེ་ཝ་ཀ་ར་དེས་ཀླུ་སྒྲུབ་ཀྱང་མཇལ་ནས་རིག་པའི་གནས་ཐམས་ཅད་ལ་མཁས་པར་གྱུར་བས་ཤོད་ཅིག་པར་དཔོན་སློབ་གཉིས་ཀས་གདམས་ཏེ། ནཱ་ལེནྡྲར་འཆད་ཉན་བྱེད་པའི་དུས་མུ་སྟེགས་མང་པོ་རྩོད་པས་ཕམ་པར་བྱས་པས་ཐམས་ཅད་ཀྱིས་རྒྱལ་བའི་ལྷར་མཚན་གསོལ་ཞེས་ཨ་བྷྱས་གསུངས། ཞེས་གསུངས་པ་ལྟར་དང་། གཞན་ཡང་བསྟན་འགྲོའི་དཔལ་མགོན་རྗེས་འཇུག་གི་སྐྱེས་ཆེན་དམ་པ་སློབ་པའི་རྡོ་རྗེ་དང་། ནག་པོ་པ། ཟླ་བ་གྲགས་པ། ཀླུའི་བྱང་ཆུབ་སོགས་བསྐྱངས་པར་གྲགས་སོ།།

གཞན་ཡང་ཤཱཀྱ་བཤེས་གཉེན་གྱི་མཚན་ཅན་འགའ་ཞིག་བྱུང་བའི་ཚུལ་ཡང་། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས[16]། སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་ཀླུ་སྒྲུབ་ཀྱི་དངོས་ཀྱི་སློབ་མ། རིམ་ལྔའི་རིམ་པ་གཉིས་པ་མཛད་མཁན་སློབ་དཔོན་ཆེན་པོ་དེ་ཡིན། རིམ་པ་གཉིས་པ་མཛད་པའི་ཚུལ་ལ། ཁ་ཆེ་ལེགས་སྨྲའི་རིམ་ལྔའི་འགྲེལ་པར། སྲས་ཀྱི་ཐུ་བོ་ཡིན་པས་དགྱེས་དགྱེས་མཛད་ནས་ཤཱཀྱ་བཤེས་གཉེན་གྱིས་མཛད་བྱང་བཅུག་པ་ཡིན་ཏེ་ཟེར་རོ། །ཁ་ཅིག་ཤཱཀྱ་བཤེས་གཉེན་སློབ་དཔོན་གྱི་མཚན་གྱི་རྣམ་གྲངས་ཡིན་ཟེར་མོད་ཀྱང་། འདིར་འགོས་ཀྱིས་རིམ་པ་གཉིས་པ་སློབ་དཔོན་གྱི་རྩོམ་འཕྲོ་ཤཱཀྱ་བཤེས་གཉེན་གྱིས་བརྩམས་པ་ཡིན་གསུངས་པ་དེ་གཙོ་བོར་བཟུང་ངོ་། །གང་ལྟར་ཡང་རིམ་ལྔ་ལ་རྒྱ་འགྲེལ་བྱས་ཚད་ཀྱིས་ཁོང་གི་འདི་ལ་ཡང་འགྲེལ་པ་བྱས་པས། དངོས་སློབ་ཆེན་པོ་ཞིག་ཡིན་པར་ངེས་སོ།།

འདིར་རྗེ་རྡོ་རྗེ་འཆང་གི་གསུང་གིས་སྤྱིར་ཡོ་ག་བ་ཤཱཀྱ་བཤེས་གཉེན་བྱ་བ་ཞིག་བྱུང་ཡང་། དེ་འདི་མིན་ཏེ། ཡོ་ག་བ་ཤཱཀྱ་བཤེས་གཉེན་དེས། ལེགས་ལྡན་འབྱེད་ཀྱི་ལུང་མང་པོ་དྲངས་ནས་བཤད་པ་དེ་ཉིད་ཀྱིས་ཤེས་སོ། །ཡང་སྤྱོད་བསྡུས་སྒྲོན་མེའི་འགྲེལ་པ་བྱེད་མཁན་གྱི་ཤཱཀྱ་བཤེས་གཉེན་ཞིག་བྱུང་ཞིང་། དེའང་པཎྜི་ཏ་གཙང་ཧྲིག་པ་ཞིག་ཡིན་པར་འདུག་ལ། འགྲེལ་པ་ཡང་དགའ་མོ་ཐོན་ཡོད་ཅིང་། འོན་ཀྱང་སྤྱོད་བསྡུས་ཀྱི་འགྲེལ་པ་འགོས་རྡོག་གི་གཙོ་བཟུང་ངོ་ཞེས་རྗེ་རྡོ་རྗེ་འཆང་གི་གསུང་རྒྱུན་ཟིན་བྲིས་སུ་བྱས་པ་རྣམས་ལས་འབྱུང་ངོ་གསུངས། སློབ་དཔོན་དེ་དང་ཡང་སྔར་གྱི་ཤཱཀྱ་བཤེས་གཉེན་མི་གཅིག་ཅིང་། ཡེ་ཤེས་ཞབས་ལུགས་པ་ལ་ཡང་ཤཱཀྱ་བཤེས་གཉེན་ཞིག་ཡོད་པ་དེ་ཡང་འདི་དང་དུས་མི་མཚུངས་སོ། །ཞེས་རིམ་པ་གཉིས་པ་མཛད་པ་པོའི་ཤཱཀྱ་བཤེས་གཉེན་དང་། ཡོ་ག་བ་ཤཱཀྱ་བཤེས་གཉེན། སྤྱོད་བསྡུས་སྒྲོན་མེའི་འགྲེལ་པ་བྱེད་པ་པོའི་ཤཱཀྱ་བཤེས་གཉེན། ཡེ་ཤེས་ཞབས་ལུགས་ཀྱི་ཤཱཀྱ་བཤེས་གཉེན་བཅས་ཤཱཀྱ་བཤེས་གཉེན་གྱི་མཚན་ཅན་བཞི་བྱུང་བར་གསུངས།

དེ་བཞིན་འབྲུག་པ་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[17]། དེའི་སློབ་མ་ཤཱཀྱ་བཤེས་གཉེན་འདི་ནི། རྣལ་འབྱོར་རྒྱུད་ལ་མཁས་པ་གསུམ་དུ་བགྲང་བའི་ཤཱཀྱ་བཤེས་གཉེན་དེ་ཡིན་གྱི། སློབ་དཔོན་ཀླུ་སྒྲུབ་ཀྱི་གདན་ས་མཛད་མཁན་དེ་མ་ཡིན་ནོ། །ཞེས་རྒྱ་གར་འཕགས་ཡུལ་དུ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་མཚན་ཅན་འགའ་ཞིག་བྱོན་པ་རྣམས་ཐ་དད་ཡིན་པར་གསུངས་ཀྱང་། འདི་དག་གི་རྣམ་ཐར་ཞལ་གསལ་སོ་སོར་ཡོད་པའི་དཔྱད་གཞི་ཤིན་ཏུ་དཀོན་པས་རྣམ་དབྱེ་འབྱེད་རྒྱུ་ནི་དཀའ་བའི་གནས་སོ།།

དེ་དག་ལས་ཀླུ་སྒྲུབ་ཀྱི་དངོས་སློབ་ཤཱཀྱ་བཤེས་གཉེན་ནི་རྟེན་རབ་བྱུང་དང་། ཡོ་ག་བ་ཤཱཀྱ་བཤེས་གཉེན་ནི་གྲུབ་ཆེན་གྱི་ཆ་ལུགས་ཅན་འདི་ཉིད་ཡིན་འདུག་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད་ལས[18]། ཡོ་གའི་སྐོར་ལ་ལུགས་སྲོལ་མང་པོ་བྱུང་ཡང་གསུམ་པོ་འདི་གྲགས་ཆེ་སྟེ། སློབ་དཔོན་ཤཱཀྱ་བཤེས་གཉེན་དང༌། སངས་རྒྱས་གསང་བ་དང༌། ཀུན་དགའ་སྙིང་པོའི་ལུགས་སོ། །ཞེས་གསུངས་པ་ལྟར། ཡོ་ག་ལ་མཁས་པའི་མི་གསུམ་དུ་གྲགས་པ་ལས། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ཡོ་ག་དེ་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་སོགས་མཛད་པས་རྣལ་འབྱོར་རྒྱུད་ལ་ཕྱག་རྗེས་ཆེ། ཞེས་དང་། རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་རྣལ་འབྱོར་གྱི་རྒྱུད་སྡེ་བྱུང་ཚུལ་ལས་[19]ཀྱང་། སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བས་དེ་ཉིད་བསྡུས་པའི་འགྲེལ་པ་མཛད་དེ། དེ་ལྟར་ན་དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོ་སྟེ། རྣལ་འབྱོར་རྒྱུད་ལ་མཁས་པ་མི་གསུམ་དུ་གྲགས་སོ། །ཞེས་བྱུང་བ་ལྟར་སློབ་དཔོན་ཤཱཀྱ་བཤེས་གཉེན་ནི་ཚིག་ལ་མཁས་པ་དེ་ཡིན་པར་གསུངས་སོ།།

དེ་བཞིན་བླ་མ་བཅུའི་མན་ངག་ལ་བརྟེན་ནས་རྒྱུད་ཀྱི་ཚིག་དོན་ལ་མཁས་པར་གྱུར་ནས་ཀོ་ས་ལའི་རྒྱན་ལྗགས་རྩོམ་མཛད་པའི་ཚུལ་ཡང་། ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་རྣལ་འབྱོར་རྒྱུད་ཀྱི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ཡོ་ག་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[20]། ས་ར་ཧའི་སློབ་མ་རྡོ་རྗེ་དྲི་མེད་ཀྱིས་གྲུབ་པའི་ཡེ་ཤེས་ཞབས་ལ། དེས་གྲོང་ཁྱེར་བཟང་པོའི་སློབ་དཔོན་སངས་རྒྱས་སྡེ་ཞེས་བྱ་བ་ལ་གནང་སྟེ་དེ་ཡང་མཁས་ཤིང་གྲུབ་པ་ཐོབ་པ་ཞིག་ཡིན་པར་གྲགས་སོ། །དེ་ཉིད་སློབ་དཔོན་ཤཱཀྱ་བཤེས་གཉེན་ཞེས་བྱ་བས་དད་པས་མཉེས་པར་བྱས་ནས་གནང་བ་མནོས་ཤིང་། དབང་དང་དམ་ཚིག་ཐོབ་ནས་རྒྱུད་མང་དུ་གསན་ནོ།།

དེ་ནས་གྲོང་ཁྱེར་ཀོང་ཀ་ནེར་ཏྲ་མི་ཏྲ་དང་། དབང་ཕྱུག་དཔལ་འདུས་དང་། ཆོས་ཀྱི་སྡེ་དང་། ཆོས་ཀྱི་འབྱུང་གནས་རྣམས་ལ་བསྙེན་བཀུར་ཏེ་རྒྱུད་དོན་མན་ངག་ཞུས་སོ། །དེ་ནས་གྲོང་ཁྱེར་ས་ཧྱེར་སློབ་དཔོན་ཆོས་ཀྱི་རྡོ་རྗེ་དང་། གཙུག་ཏོར་རྡོ་རྗེ་བསྙེན་བཀུར་ནས་ལེགས་པར་གསན་ཅིང་། དེ་རྗེས་བྱང་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཆེན་པོ་ཨིནྡྲ་བྷུ་ཏི་ལེགས་པར་བསྟེན་ནས་རྒྱུད་མན་ངག་དང་བཅས་པ་ལེགས་པར་ཞུས་སོ། །དེ་ནས་ཡུལ་རཀ་ཀྱེར་གྲོང་ཁྱེར་ཀ་ལ་ཤའི་སློབ་དཔོན་བློ་བརྟན་དང་། བློ་གྲོས་འབྱུང་གནས་གཉིས་བསྟེན་ནས་རྒྱུད་དབང་མན་ངག་དང་བཅས་པ་ལ་མཁས་པར་བསླབས་སོ།།

དེ་ལྟར་བླ་མ་བཅུའི་མན་ངག་ལ་བརྟེན་ནས་རྒྱུད་ཀྱི་ཚིག་དོན་ལ་མཁས་པར་གྱུར་པ་ཡིན་ཏེ། ཀོ་ས་ལའི་རྒྱན་ལས། གྲོང་ཁྱེར་བཟང་པོར་སངས་རྒྱས་སྡེ་ཞེས་གྲགས་ཐོབ་གང་། །བླ་མའི་མཆོག་དེ་དང་པོར་རབ་དད་མཉེས་བྱས་ཏེ། །གནང་བ་མནོས་ཤིང་ཆོ་གས་དམ་ཚིག་ཐོབ་ནས་ནི། །དེ་ལས་ཤིན་ཏུ་མང་ཐོས་མང་དུ་རྣམ་པར་སྤྱད། །ཀོང་ཀ་ནེར་ཏྲ་མི་ཏྲ་དབང་ཕྱུག་དཔལ་འདུས་དང་། །ཆོས་སྡེ་ཆོས་ཀྱི་འབྱུང་གནས་དགའ་བས་བསྙེན་བཀུར་བྱས། །ས་ཧྱེར་ཆོས་ཀྱི་རྡོ་རྗེ་མཆོག་ཏུ་མཚན་གསོལ་བ། །གཙུག་ཏོར་རྡོ་རྗེའང་མང་དུ་བསྙེན་བཀུར་བྱས། །ཡོན་ཏན་འབྱུང་གནས་བྱང་ཕྱོགས་ཨུ་རྒྱན་ཡུལ་བགྲོད་དེ། །རྒྱུད་དོན་དེ་ཉིད་འཛིན་རྒྱལ་ཨིནྡྲ་བྷུ་ཏི་བསྟེན། །གྲོང་ཁྱེར་རཀ་ཀྱེར་ཀ་ལ་ཤ་ཡི་སློབ་དཔོན་ནི། །བློ་བརྟན་བློ་གྲོས་འབྱུང་གནས་ཚུལ་མཁས་གུས་པས་བསྟེན། །བླ་མའི་ཞལ་ལས་ཡང་དག་མན་ངག་གང་ལས་ནི། །ཅུང་ཟད་བདག་གིས་ཅི་རྟོགས་གང་དག་དག་པའི་ཚུལ། །འཇིག་རྟེན་རྣལ་འབྱོར་ཆོ་གས་སློབ་དཔོན་བཞིན་རིམ་གྱིས། །འདི་ནི་ཡུན་རིང་གནས་ཕྱིར་བདག་གིས་རྣམ་པར་བསམ། །ཞེས་གསུངས་སོ། །དེ་ལྟ་བུའི་སློབ་དཔོན་དེས་ཐུན་མོང་གི་དངོས་གྲུབ་ཐོབ་པར་གྲགས་སོ། །དེས་ཡུལ་གཎྜོ་ཀོ་ས་ལར་དཔལ་ལྡན་བདེ་བྱེད་ཀྱིས་བྱས་པའི་གཙུག་ལག་ཁང་ན། རྒྱལ་པོ་དཔའ་བོ་ཞེས་བྱ་བས་སྦྱིན་བདག་མཛད་ནས་གནས་པའི་ཚེ། གྲོགས་གནས་བརྟན་དབང་པོའི་གོ་ཆས་བསྐུལ་ཞིང་སློབ་མ་ཤེས་རབ་ལྷའི་དོན་དུ། དེ་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་པ་མཛད་དེ། མཚན་ཡང་ཀོ་ས་ལའི་རྒྱན་དུ་གྲགས་སོ། །ཞེས་གསུངས་པ་རྣམས་ནི་ཡོ་ག་བ་ཤཱཀྱ་བཤེས་གཉེན་གྱི་རྣམ་ཐར་ཡིན་པ་ལྟ་བུར་གསུངས། འོན་ཀྱང་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[21]། དེའི་ཚེ་ཤཱཀ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་དེ་ཉིད་བསྡུས་འགྲེལ་ (ཀོ་ས་ལའི་རྒྱན།) མཛད་པ་པོ་དང་། ཞེས་ཀོ་ས་ལའི་རྒྱན་མཛད་པ་པོ་ནི། སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་འདུལ་འཛིན་ཤཱཀྱ་བཤེས་གཉེན་ཡིན་པར་གསལ་བས། དཔྱད་བྱའི་གཞི་ཤིན་ཏུ་མང་ངོ་།།

བསྟན་འགྱུར་དཀར་ཆག་ལྟར་ན། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་གསུང་ལ། ༡༽ སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་རྒྱ་ཆེར་བཤད་པ། ཤེས་རབ་མཆོག་དང་ལྡན་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་དང་། ༢༽ དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ། ཤླཽ་ཀ་སྟོང་ཕྲག་བཅུ་གཉིས་པ་མང་དུ་ཐོས་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོའི་འགྱུར། ༣༽ ཡང་འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས། དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་མཛད་པ། ཨཱརྱ་ཙནྡྲས་རང་འགྱུར་དུ་མཛད་པ་ལ་སྒྲ་བག་ཙམ་བཅོས། ༤༽ འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཤཱཀྱའི་བཤེས་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སིངྷ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་བཅས་བཞུགས་པ་ལས། ཀོ་ས་ལའི་རྒྱན་ནི་ཡོ་ག་བ་ཤཱཀྱ་བཤེས་གཉེན་གྱིས་མཛད་པར་གསལ་བ་དང་། སྤྱོད་པ་བསྡུས་པའི་སྒྲོན་མ་མཛད་པ་པོ་ཡང་ཀླུ་སྒྲུབ་ཀྱི་དངོས་སློབ་ཤཱཀྱ་བཤེས་གཉེན་མིན་པ་ལྟ་བུ་ཞིག་བྱུང་བས་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཀུན་དགའ་བཟང་པོའི་གསུང་འབུམ། པོད། ༼ཀ༽ ཤིང་པར། ཤོག་གྲངས་ ༢༢ན༢

[2] བསྟན་རྩིས་གསལ་བའི་ཉིན་བྱེད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༣

[3] ཨ་མེས་ཞབས་བཀའ་འབུམ། པོད། ༼༡༨༽ བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༧༡

[4] སྡེ་དགེ་བསྟན་འགྱུར། རྒྱུད་པོད། ༼ཆི༽ ཤིང་པར། ཤོག་གྲངས་ ༡༡༣ན༢

[5] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༥༧

[6] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼ཀ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༡༧༩

[7] ཀུན་དགའ་བཟང་པོའི་གསུང་འབུམ། པོད། ༼ག༽ ཤིང་པར། ཤོག་གྲངས་ ༡༩༢ན༣

[8] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཇ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡

[9] ཨ་མྱེས་ཞབས་བཀའ་འབུམ། ༼ད༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༤ན༦

[10] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༨༨

[11] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼ད༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤༡༦

[12] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༣༢༨

[13] འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། གསུང་འབུམ། ༼ཁཀ༽ དཔེ་རིང་། ༡༩༧༣ ལོ། ཤོག་གྲངས་ ༣༤ན༢

[14] ཆོས་འབྱུང་ཀུན་གསལ་མེ་ལོང་། བོན་དགོན་ལྟེ་གནས། ༡༩༧༡ ལོ། ཤོག་གྲངས་ ༣༡

[15] ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད། ཕ་རན་སི་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༥༤

[16] ཨ་མྱེས་ཞབས་བཀའ་འབུམ། ༼ད༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༥བ༣

[17] ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད། ཕ་རན་སི་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༨༨

[18] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༢༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༢

[19] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། པོད། ༼༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༨༢

[20] ཨ་མྱེས་ཞབས་བཀའ་འབུམ། ༼ཐ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢༢བ༥

[21] ཆོས་འབྱུང་དཔག་བསམ་ལྗོན་བཟང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༡༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༨༩ ནས་ ༡༠༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *