གཉིས་པ། དབུ་མའི་སྐོར།
༤༽ དབུ་མ་ ༼ཚ༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་པྲ་དཱི་པ་མཱུ་ལ་མ་དྷྱཱ་མི་ཀ་པྲིཏྟི། བོད་སྐད་དུ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ། སློབ་དཔོན་བཙུན་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ། དབང་ཕྱུག་དམ་པའི་མངའ་བདག །རྒྱལ་པོ་ཆེན་པོ་དཔལ་ལྷ་བཙན་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་།
བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ། འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་བདུན་པ། ཤླཽ་ཀ་དྲུག་སྟོང་ཡོད་པ། བམ་པོ་ཉི་ཤུར་བྱས་སོ། །གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[1]། འགྲེལ་པ་ཤེས་རབ་སྒྲོན་མེ་ལེགས་ལྡན་འབྱེད་ཀྱིས་མཛད་པ་པྲ་བྷ་མི་དྲའི་འགྱུར། ཞེས་གསུངས་པ་ལྟར་རྒྱའི་སྐད་དུའང་། (般若燈論釋 T30, No1566) བསྒྱུར་ཡོད་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན། དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༨ རབ་བྱེད། ༢༧ བམ་པོ། ༢༠ ལྡེབ་ ༤༥བ༤ ནས་ ༢༥༩བ༣ བར། ཕྲེང་ ༢༩༩༦ ཚེག་ཁྱིམ་ ༡༦༥༩༨༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན། དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༨ རབ་བྱེད། ༢༧ བམ་པོ། ༢༠ ལྡེབ་ ༥༣བ༤ ནས་ ༣༢༦ན༦ བར། ཕྲེང་ ༤༤༧༥ ཚེག་ཁྱིམ་ ༡༦༥༥༡༠། ག༽ སྣར་ཐར་བསྟན་འགྱུར། སྡེ་ཚན། དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༨ རབ་བྱེད། ༢༧ བམ་པོ། ༢༠ ལྡེབ་ ༤༤བ༥ ནས་ ༢༩༩བ༥ བར། ཕྲེང་ ༣༥༧༡ ཚེག་ཁྱིམ་ ༡༦༥༥༡༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན། དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༨ རབ་བྱེད། ༢༧ བམ་པོ། ༢༠ ལྡེབ་ ༤༥བ༤ ནས་ ༢༦༣ན༡ བར། ཕྲེང་ ༣༠༤༣ ཚེག་ཁྱིམ་ ༡༦༥༩༨༥ བཅས་ཡོད་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༩༠༥ ནས་ ༡༤༥༤ བར་བཞུགས་སོ།།
༥༽ དབུ་མ་ ༼ཚ༽ པ་ལ། རྒྱ་གར་སྐད་དུ། མ་དྷྱ་མ་ཀ་རཏྣ་པྲ་དཱི་པཾ་ནཱ་མ། བོད་སྐད་དུ། དབུ་མ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། བདག་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ཀྱིས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ། བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ་ལ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀའ་དྲིན་ཞུས་པ་ལས། ཕྱིས་སོ་མ་པུ་རིའི་གཙུག་ལག་ཁང་དུ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་དང་། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ཀྱིས་ཡང་དང་ཡང་དུ་ཞུས་ནས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འདི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་མིན་དོགས་གཞི་ཅན་ཡིན་པས། ཞིབ་ཕྲའི་དཔྱད་པ་རྣམ་ཐར་གྱི་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་འཚལ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༩ ལྡེབ་ ༢༥༩བ༣ ནས་ ༢༨༩ན༧ བར། ཕྲེང་ ༤༡༨ ཚེག་ཁྱིམ་ ༢༣༦༥༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༩ ལྡེབ་ ༣༢༦ན༦ ནས་ ༣༦༥ན༨ བར། ཕྲེང་ ༦༢༧ ཚེག་ཁྱིམ་ ༢༣༦༢༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༩ ལྡེབ་ ༢༩༩བ༥ ནས་ ༣༣༤ན༥ བར། ཕྲེང་ ༤༨༤ ཚེག་ཁྱིམ་ ༢༣༧༢༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཚ༽ ཚན་གྲངས། ༩ ལྡེབ་ ༢༦༣ན༡ ནས་ ༢༩༥ན༥ བར། ཕྲེང་ ༤༥༣ ཚེག་ཁྱིམ་ ༢༣༧༥༦ བཅས་ཡོད་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པའི་ཤོག་གྲངས་ ༡༤༨༧ ནས་ ༡༥༦༡ བར་བཞུགས་སོ།།
༦༽ དབུ་མ་ ༼ཛ༽ པ་ལ། རྒྱ་གར་སྐད་དུ། མ་དྷྱཱ་མ་ཀ་ཧྲི་ད་ཡ་ཀཱ་རི་ཀཱ། བོད་སྐད་དུ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་གཞིར། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ (1428 -1507) མཛད་པའི་རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ་ལས[2]། བདག་ཉིད་ཆེན་པོ་ཐང་སག་ན་བཞུགས་པའི་ཚེ། ལྷ་རྩེའི་བྲག་ཅེས་པ་རྗེ་བཙུན་དམ་པ་རྒྱ་གར་གྱི་སྒྲུབ་གནས་དེར། དབུ་མ་སྙིང་པོའི་དོན་ལ་ཐུགས་བསམ་མཛད་པའི་ཚེ། ཐོ་རངས་ཤིག་གི་དུས་སུ།
སྙིང་པོའི་དོན་ལ་སྙིང་པོ་མེད། །སྙིང་པོ་མེད་པ་སྙིང་པོ་ཡིན། །
སྙིང་པོ་འདོད་ན་དིང་རི་ན། །སྡུག་བསྔལ་ཞི་བར་བྱེད་པ་ཡོད། །
ཅེས་བྱ་བའི་སྒྲ་གསན། དེ་ལ་བརྟེན་ནས་ཕྱིས་དིང་རིར་ཞི་བྱེད་གསན་པ་ལ་བྱོན་པ་ཡིན་པའི་ལོ་རྒྱུས་ནི། རྗེ་ཉིད་ཀྱིས་ཞི་བྱེད་ཀྱི་སྐོར་རྣམས་རྒྱས་པར་གསུངས་པའི་སློབ་མ་རྟོགས་ལྡན་ཁྱི་ཐུལ་བ་ཞེས་བྱ་བ་དང༌། བླ་མ་ཆོས་སྐྱོང་རྒྱ་མཚོ་གཉིས་ཀས་མཐུན་པར་གསུང་ངོ༌། །ཞེས་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
གཞུང་བཟང་འདི་ཉིད་ཀྱི་བཤད་ལུང་ནི། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་[3]བཀའ་ཕེབས་དོན། གཞུང་ཆེན་བཅུ་གསུམ་[4]གྱི་ཁོངས་སུ་རྩ་འཇུག་བཞི་གསུམ་ཡོད་པས་དེ་དག་གི་བཤད་ལུང་གི་རྒྱུན་ཡོད་པ་ལྟར། སློབ་དཔོན་ལེགས་ལྡན་གྱི་གཞུང་དེ་དག་ལ་ཡང་བཤད་ལུང་གི་རྒྱུན་བྱུང་ན་སྙམ་སྟེ། འགྲེལ་པ་ཤེས་རབ་སྒྲོན་མེའི་མཆན་ཞིག་ཡོད་པ་དེ་ངོས་ཀྱིས་དོན་གཉེར་ཆེན་པོས་ཞུས་པ་ཡིན། སློབ་དཔོན་ལེགས་ལྡན་འབྱེད་བསམ་གྱིས་མི་ཁྱབ་པའི་མཁས་པ་ཞིག་དང་། དེས་མཛད་པའི་དབུ་མ་སྙིང་པོ་དང་། རང་འགྲེལ་རྟོག་གེ་འབར་བ་རྩ་འགྲེལ་གཉིས་རྒྱ་གར་མཁས་པའི་གྲུབ་མཐའི་གཞུང་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ན་ཡང་། དབུ་མ་སྙིང་པོའི་བཤད་ལུང་གི་རྒྱུན་ཕལ་ཆེར་མེད་པ་འདྲ་བས། དེའི་བཤད་ལུང་ཞིག་བྱུང་ན་སྙམ་སྟེ་འབད་བརྩོན་ཧ་ཅང་ཆེན་པོ་བྱས་པ་ཡིན། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་གསན་མི་འདུག་ཀྱང་། གཞུང་འདིའི་བཤད་ལུང་གི་རྒྱུན་མེད་ཐབས་མེད་པས་དེ་ཉིད་བསྐྱར་གསོའི་ཆེད་དུ་མཁན་རིན་པོ་ཆེས་མཆན་འགྲེལ་ཞིག་རྩོམ་རོགས། ངོས་ཀྱིས་དེའི་སྟེང་ནས་བཤད་ལུང་ཞིག་ཞུ་རྒྱུ་ཡིན། ཞེས་སྙན་གསེང་ཞུས་པ་ལྟར་ལྗགས་རྩོམ་གནང་ཞིང་། མ་འོངས་པར་གཞན་དག་ལ་ཡང་མཆན་འགྲེལ་དེའི་ཐོག་ནས་དབུ་མ་སྙིང་པོའི་བཤད་ལུང་ཞིག་སྤེལ་ཐུབ་ན་སྙམ་སྟེ་ཞུས་པ་ཡིན། ཞེས་བཀའ་ཕེབས་པ་ལྟར་ཕྱི་ལོ་ ༢༠༡༩ ཟླ་བ་ ༢ ཚེས་ ༢༠ ནས་ ༢༤ བར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མགོན་པོ་གང་ཉིད་ནས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་བཀའ་དྲིན་སྨིན་སྩལ་མཛད་པའོ།།
དེ་ལྟར་མཁན་ཆེན་ཀུན་དགའ་དབང་ཕྱུག་ (1921-2008) མཆོག་གིས་མཛད་པའི་དབུ་མ་སྙིང་པོའི་མཆན་འགྲེལ་གྱི་མཛད་བྱང་ལས་[5]ཀྱང་། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་ཞལ་སྔ་ནས་ཁྱོད་ཀྱིས་བསྟན་འགྱུར་གྱི་ལུང་རྒྱུན་ཡོད་པ་གཅིག་ལས་ཐོག་མར་ལུང་ཞིག་ཐོབ་ན་དང་། འཕགས་ཡུལ་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོ་ཞེས་པའི་བསྟན་བཅོས་འདི་ལ། རང་འགྲེལ་རྟོག་གེ་འབར་བ་ལ་བརྟེན་ནས། མཆན་འགྲེལ་ཞིག་ཐོན་རྗེས་སྤེལ་རྒྱུ་བྱུང་ན། དབུ་མ་རང་རྒྱུད་གོང་འོག་གཉིས་ཆར་གྱི་གཞུང་ལ་འཆད་ཉན་གྱི་རྒྱུན་ཡོད་པ་ཞིག་ཆགས་ཐུབ་ཚེ། བསྟན་པ་ལ་ཕན་པར་འབྱུང་རྒྱུར་དགོངས་པས། དེ་ལུགས་ནུས་ན་ཅི་དྲག་གྱིས་ཤོག་གསུངས་པར། ངག་དབང་ཀུན་དགའ་དབང་ཕྱུག་རང་ལོ་གྱ་གསུམ་ཟིན་མོད་གུས་བཀུར་ཞུས་ཏེ། ཐོག་མར་ཡིག་ཆའི་ཆ་རྐྱེན་གྲུབ་རྗེས་བཤད་གྲྭའི་ཆེད་ཐེ་ཝན་ལ་ཕྱིན་ནས་ནད་མནར་དང་། རྐང་པ་བརྡབ་ཆག་ཤོར་བའི་ནད་ངལ་གསོ་བའི་གོ་སྐབས་དང་བསྟུན་ཅི་ནུས་གང་ཤེས་བྲིས་རིམ་བཞིན་ཉེ་གནས་བཀྲ་ཤིས་དོན་གྲུབ་ཀྱིས་ཀམ་པུ་ཊར་བླུགས་པ་དང་། དེ་རྗེས་ ༢༠༠༤ ལོར་སླར་བཤད་གྲྭར་ཅུང་ཟད་དག་བཅོས་དང་བསྣན་འཕྲི་བྱས་ཏེ། རང་སློབ་དམ་ཆོས་བཟང་པོས་ཚུར་བཏོན་ཏེ་དག་བཅོས་དང་བོད་དཔེའི་གཟུགས་སུ་བསྒྲིགས་ནས་སྤེལ་བར་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཞེས་བྱུང་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱང་། མདོར་ན། སློབ་དཔོན་ལེགས་ལྡན་གྱི་གཞུང་འདི་ཉིད་གལ་གནད་ཆེན་པོ་ཞིག་ཏུ་མཐོང་སྟེ་འདིའི་འཆད་ཉན་ཞིག་བྱུང་ན་བསམས་པ་འདི་ལྟར་ཡིན།[6]ཞེས་བཤད་ལུང་བཀའ་དྲིན་བསྐྱངས་སྐབས་བཀའ་ཕེབས་པ་བཅས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཛ༽ ཚན་གྲངས། ༡ ལེའུ་ ༡༡ ལྡེབ་ ༡ན༡ ནས་ ༤༠བ༧ བར། ཕྲེང་ ༥༤༩ ཚིག་རྐང་ ༧། ༤༡༣༠ ཚེག་ཁྱིམ་ ༣༡༠༥༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མའི་འགྲེལ་པ། པོད་རྟགས། ༼ཛ༽ ཚན་གྲངས། ༡ ལེའུ་ ༡༡ ལྡེབ་ ༡ན༡ ནས་ ༤༣བ༧ བར། ཕྲེང་ ༦༧༤ ཚིག་རྐང་ ༧། ༤༡༣༠ ཚེག་ཁྱིམ་ ༣༡༠༤༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཛ༽ ཚན་གྲངས། ༡ ལེའུ་ ༡༡ ལྡེབ་ ༡ན༡ ནས་ ༤༠ན༦ བར། ཕྲེང་ ༥༣༣ ཚིག་རྐང་ ༧། ༤༡༣༠ ཚེག་ཁྱིམ་ ༣༡༠༥༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཛ༽ ཚན་གྲངས། ༡ ལེའུ་ ༡༡ ལྡེབ་ ༡ན༡ ནས་ ༤༡ན༡ བར། ཕྲེང་ ༥༥༠ ཚིག་རྐང་ ༧། ༤༡༣༠ ཚེག་ཁྱིམ་ ༣༡༠༥༠ ཡོད་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པའི་ཤོག་གྲངས་ ༣ ནས་ ༩༥ བར་བཞུགས་སོ།།
༧༽ དབུ་མ་ ༼ཛ༽ པ་ལ། རྒྱ་གར་སྐད་དུ། མ་དྷྱཱ་མ་ཀཱ་ཧྲི་ད་ཡ་བྲི་ཏྟི་ཏ་ར་ཀཱ་ཛྭཱ་ལ། བོད་སྐད་དུ། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ། ལེའུ་བཅུ་གཅིག་དང་། བམ་པོ་ཉི་ཤུ་རྩ་བདུན་པ། ར་ས་འཕྲུལ་སྣང་གི་གཞིར། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཏ་ལའི་ལོ་མའི་ཐོག་བོད་དུ་བཞུགས་ཡོད་པར་མངོན་ནོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཛ༽ ཚན་གྲངས། ༢ ལེའུ་ ༡༡ བམ་པོ་ ༢༧ ལྡེབ་ ༤༠བ༧ ནས་ ༣༢༩བ༤ བར་ཡིག་ཕྲེང་ ༤༠༤༤ ཚེག་ཁྱིམ་ ༤༦༢༤༠༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མའི་འགྲེལ་པ། པོད་རྟགས། ༼ཛ༽ ཚན་གྲངས། ༢ ལེའུ་ ༡༡ བམ་པོ་ ༢༧ ལྡེབ་ ༤༣བ༧ ནས་ ༣༨༠ན༧ བར་ཡིག་ཕྲེང་ ༥༣༨༥ ཚེག་ཁྱིམ་ ༤༦༢༣༨༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཛ༽ ཚན་གྲངས། ༢ ལེའུ་ ༡༡ བམ་པོ་ ༢༧ ལྡེབ་ ༤༠ན༦ ནས་ ༣༦༠བ༡ བར་ཡིག་ཕྲེང་ ༤༤༨༣ ཚེག་ཁྱིམ་ ༤༦༢༣༨༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཛ༽ ཚན་གྲངས། ༢ ལེའུ་ ༡༡ བམ་པོ་ ༢༧ ལྡེབ་ ༤༡ན༡ ནས་ ༣༢༩བ༤ བར་ཡིག་ཕྲེང་ ༤༠༤༣ ཚེག་ཁྱིམ་ ༤༦༢༤༠༠ ཡོད་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པའི་ཤོག་གྲངས་ ༡༠༤ ནས་ ༨༠༣ བར་བཞུགས་སོ།།
༨༽ དབུ་མ་ ༼ཛ༽ པ་ལ། རྒྱ་གར་སྐད་དུ། མ་དྷྱ་མཱརྠསཾ་གྲ་ཧ་ད། བོད་སྐད་དུ། དབུ་མའི་དོན་བསྡུས་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ། ཇོ་བོ་རྗེ་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་འདི་ཤླཽ་ཀ་བཅུ་གཉིས་དང་། རྐང་པ་གཅིག་ཅན་གྱི་མདོར་བསྡུས་ཤིག་གོ །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཛ༽ ཚན་གྲངས། ༣ ལྡེབ་ ༣༢༩བ༤ ནས་ ༣༣༠ན༣ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧། ༤༩ ཚེག་ཁྱིམ་ ༤༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དབུ་མའི་འགྲེལ་པ། པོད་རྟགས། ༼ཛ༽ ཚན་གྲངས། ༤ ལྡེབ་ ༣༨༠བ༥ ནས་ ༣༨༡ན༨ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧། ༤༨ ཚེག་ཁྱིམ་ ༤༠༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཛ༽ ཚན་གྲངས། ༤ ལྡེབ་ ༣༦༠བ༥ ནས་ ༣༦༡ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧། ༤༨ ཚེག་ཁྱིམ་ ༣༩༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཛ༽ ཚན་གྲངས། ༣ ལྡེབ་ ༣༢༩བ༤ ནས་ ༣༣༠ན༤ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧། ༤༩ ཚེག་ཁྱིམ་ ༤༠༤ བཅས་ཡོད་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པའི་ཤོག་གྲངས་ ༨༥༡ ནས་ ༨༥༢ བར་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༠
[2] པཎ་ཆེན་ཤཱཀ་མཆོག་བཀའ་འབུམ། ༼མ༽ དཔེ་གཟུགས། ཤོག་གྲངས་ ༣༩བ༤
[3] ཕྱི་ལོ་ ༢༠༡༨ ཟླ་བ་ ༡༢ ཚེས་ ༢༤ ནས་ ༢༦ བར་གནས་མཆོག་རྡོ་རྗེ་གདན་དུ་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད། འཇིགས་བྱེད་དཔའ་གཅིག་གི་བཀའ་དབང་བཅས་སྨིན་སྩོལ་སྐབས་ཀྱི་ཉིན་དང་པོའི་ཆོས་ཐུན་སྟེང་སྩལ་བའི་བཀའ་སློབ་ལས་བཏུས་པའོ།།
[4] གཞུང་ཆེན་བཅུ་གསུམ་ལས་གཙོ་བོ་རྩ་འཇུག་བཞི་གསུམ་ཡིན། དེ་ཡང་དངོས་གནས་བྱས་ན་རྩ་བཞི་འཇུག་གསུམ་ཞེས་བརྗོད་དགོས་པ་ཞིག་འདུག །ཅེས་ཕྱི་ལོ་ ༢༠༡༥ ཟླ་བ་ ༧ ཚེས་ ༢༠ ཉིན་སྒྲོལ་དཀར་ཚེ་དབང་གི་སྔོན་འགྲོའི་ཆོས་བཤད་སྐབས་མགོན་པོ་གང་ཉིད་ནས་གསུངས་སོ།།
[5] དབུ་མ་སྙིང་པོའི་མཆན་འགྲེལ། དགའ་ལྡན་ཕོ་བྲང་ཡིག་ཚང་། ༢༠༡༩ ལོ། ཤོག་གྲངས་ ༢༠༤
[6] ཕྱི་ལོ་ ༢༠༡༩ ཟླ་བ་ ༢ ཚེས་ ༢༠ ནས་ཚེས་ ༢༤ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་མ་སྙིང་པོའི་བཤད་ལུང་བཀའ་དྲིན་བསྐྱངས་པ་ལགས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༡ ནས་ ༤༥༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།