ད་ནི་རྒྱུ་བའི་བྱེ་བྲག་ནི། །དཔྱིད་ཟླ་ར་བ་ཁྲ་དང་རྟ། །ཚེས་གཅིག་མཆིན་པ་གཉིས་ལ་ནི། །མཁྲིས་པ་དང་ནི་སྙིང་ས་ཆུ། །རྒྱུ་མ་གསུམ་ལ་ཤིང་དང་ཆུ། །ཕོ་བའི་རྩ་དག་རྒྱུ་བ་སྟེ། །བཞི་དང་ལྔ་ལ་མེ་དང་མེ། །དྲུག་ལ་མེ་ཆུ་མཆེར་པ་སྟེ། །བདུན་དང་བརྒྱད་ལ་ལྕགས་དང་ལྕགས། །དགུ་ལ་ལྕགས་ཆུ་མཁལ་མ་གཡོན། །བཅུ་དང་བཅུ་གཅིག་ཆུ་དང་ཆུ། །བཅུ་གཉིས་ཆུ་ཆུ་ལྒང་ཕུགས་ཏེ། །བཅུ་གསུམ་བཅུ་བཞི་ཤིང་དང་ནི། །བཅོ་ལྔ་ཕོ་བའི་ས་དག་གོ །བཅུ་དྲུག་བཅུ་བདུན་མེ་དང་མེ། །བཅོ་བརྒྱདྭ་མཆིན་པ་ཡིན་པ་སྟེ། །
བཅུ་དགུ་ཉི་ཤུ་ལྕགས་དང་ལྕགས། །ཉི་ཤུ་གཅིག་ལ་བསམ་སེའུ་ས། །གཉིས་དང་གསུམ་ལ་ཆུ་དང་ཆུ། །བཞི་ལ་ཆུ་ཆུ་མཁལ་མ་གཡོན། །ལྔ་དང་དྲུག་ལ་ཤིང་དང་ཤིང་། །བདུན་ལ་ཕོ་བའི་ས་དག་སྟེ། །བརྒྱད་དང་དགུ་ལ་ལྕགས་དང་ལྕགས། །སྟོང་ལ་མཆེར་པ་དག་གི་རྩ། །ཞག་བདུན་ཉི་ཤུ་ཉི་ཤུ་བརྒྱད། །ཞག་དང་ཟ་མ་དག་ལ་འཆི། །ཅོ་གའི་སྐད་འབྱིན་འབྲིང་པོ་ལ། །ཚེས་གཅིག་མཁྲིས་པ་གཉིས་ལ་ཤིང་། །གསུམ་པ་ས་ཆུ་མཁལ་མ་གཡོན། །བཞི་དང་ལྔ་ལ་ཆུ་དང་ཆུ། །དྲུག་ལ་ས་ཆུ་བསམ་སེའུ། །བདུན་དང་བརྒྱད་ལ་ལྕགས་དང་ལྕགས། །དགུ་ལ་ས་སྟེ་མཆེར་པ་འོ། །
བཅུ་དང་བཅུ་གཅིག་མེ་དང་མེ། །བཅུ་གཉིས་ཕོ་བའི་རྩ་དག་གོ །བཅུ་གསུམ་བཅུ་བཞི་ཤིང་དང་ཤིང་། །བཅོ་ལྔ་མཁལ་མ་ས་དང་ཆུ། །བཅུ་དྲུག་བཅུ་བདུན་ཆུ་དང་ཆུ། །བཅོ་བརྒྱད་ས་ཆུ་བསམ་སེའུ། །བཅུ་དགུ་ཉི་ཤུ་ལྕགས་དང་ལྕགས། །ཉི་ཤུ་གཅིག་ལ་ཕོ་བ་ས། །གསུམ་དང་བཞི་ལ་མེ་དང་མེ། །ལྔ་ལ་མཆེར་པ་ས་དག་སྟེ། །དྲུག་དང་བདུན་ལ་ཤིང་དང་ཤིང་། །བརྒྱད་ལ་བསམ་སེའུ་ས་དང་ས། །དགུ་དང་སྟོང་ལ་ཆུ་དང་ཆུ། །ཤིང་ཆེན་མཚོན་ནམ་ནད་ཐེབས་ན། །ཡུན་རིང་ཟླ་བ་ཕྱེད་ན་འཆི། །ཟླ་བ་གསུམ་མམ་ལྔ་ལ་འཚོ། །ཐ་ཆུང་དག་ལ་མཆེར་པ་ནི། །ཚེས་གཅིག་གཉིས་དང་གསུམ་ལ་ནི། མེ་དག་མེ་ཡི་རྩ་དག་གོ །བཞི་ལ་ཕོ་བ་དག་གི་རྩ། །ལྔ་དང་དྲུག་ལ་ལྕགས་དང་ལྕགས། །བདུན་ལ་ས་ཆུ་མཁལ་མ་གཡོན། །བརྒྱད་དང་དགུ་ལ་ཆུ་དང་ཆུ། །བཅུ་ལ་བསམ་སེའུ་ས་ཆུ་ཆུ། །བཅུ་གཅིག་བཅུ་གཉིས་ཤིང་དང་ཤིང་། །བཅུ་གསུམ་ས་ཡི་རྩ་དག་གོ །བཅུ་བཞི་བཅོ་ལྔ་ཤིང་དང་ཤིང་། །བཅུ་དྲུག་ཕོ་བ་ས་ཡི་རྩ། །བཅུ་བདུན་བཅོ་བརྒྱད་མེ་དང་མེ། །བཅུ་དགུ་ས་སྟེ་མཁལ་མ་གཡོན། །ཉི་ཤུ་བསམ་སེའུ་རྩ་དག་གོ །གཅིག་དང་གཉིས་ལ་ཤིང་དང་ཤིང་། །གསུམ་བཞི་མཆེར་པ་ས་དག་གོ །ལྔ་དང་དྲུག་ལ་མེ་དང་མེ། །བདུན་ལ་ཕོ་བ་དག་གི་རྩ། །བརྒྱད་དང་དགུ་ལ་ལྕགས་དང་ལྕགས། །སྟོང་ལ་མཆེར་རྩ་མཁལ་མ་གཡོན། །ཞག་ནི་བདུན་ནས་བཅུ་བཞི་དང་། །ཉི་ཤུ་རྩ་ལྔ་དག་ན་འཚོ། །དབྱར་ཟླ་ར་བ་རྒྱུ་མའི་རྩ། །སྙིང་ནི་མེ་སྟེ་གསུམ་པ་ལ། །མཆེར་པ་ས་ཡི་རྩ་དག་གོ །
བཞི་དང་ལྔ་ལ་ཤིང་དང་ཤིང་། །དྲུག་ལ་བསམ་སེའུ་རྩ་དག་སྟེ། །བདུན་དང་བརྒྱད་ལ་ཆུ་དང་ཆུ། །དགུ་ལ་མཁལ་མ་གཡོན་པ་འོ། །བཅུ་དང་བཅུ་གཅིག་ལྕགས་དང་ལྕགས། །བཅུ་གཉིས་པ་ལ་ས་ཡི་རྩ། །བཅུ་གསུམ་བཅུ་བཞི་མེ་དང་མེ། །བཅོ་ལྔ་ས་ཡི་རྩ་དག་རྒྱུ། །བཅུ་དྲུག་བཅུ་བདུན་ཤིང་དང་ཤིང་། །བཅོ་བརྒྱད་ས་དང་ཆུ་ཡི་རྩ། །བཅུ་དགུ་ཉི་ཤུ་དང་ཆུ་དང་ཆུ། །ས་ནི་ཉི་ཤུ་རྩ་གཅིག་ལ། །ལྕགས་དང་ལྕགས་ཏེ་གཉིས་དང་གསུམ། །ཉི་ཤུ་བཞི་ལ་ཕོ་བ་ས། །མེ་དང་མེ་སྟེ་ལྔ་དང་དྲུག །བདུན་པ་མཆེར་པ་དག་གི་རྩ། །བརྒྱད་དང་དགུ་ལ་ཤིང་དང་ཤིང་། །སྟོང་ལ་བསམ་སེའུའི་རྩ་དག་གོ །ཞག་ནི་བདུན་དང་དགུ་དག་ནི། །ཉ་དག་ལ་ནི་ལྕི་དང་འཆི། །སྐར་མ་ལག་སོར་ཁུ་བྱུག་སྐད། །འབྲིང་པོ་སྙིང་གི་རྩ་དག་སྟེ། །གཉིས་པོ་མེ་ཆུ་དག་གི་རྩ། །གསུམ་པ་ཕོ་བ་ས་དག་གོ །བཞི་པ་ལྔ་པ་ལྕགས་དང་ལྕགས། །དྲུག་པ་མཁལ་མ་གཡོན་པ་འོ་། །བདུན་པ་བརྒྱད་པ་ཆུ་དང་ཆུ། །དགུ་པ་བསམ་སེའུ་ས་ཆུ་འོ། །བཅུ་དང་བཅུ་གཅིག་ཤིང་དང་ཤིང་། །བཅུ་གཉིས་མཆེར་པ་ས་ཡིན་ནོ། །བཅུ་གསུམ་བཅུ་བཞི་མེ་དང་མེ། །བཅོ་ལྔ་ཕོ་བའི་རྩ་དག་གོ །བཅུ་དྲུག་བཅུ་བདུན་ལྕགས་དང་ལྕགས། །བཅོ་བརྒྱད་མཁལ་མ་གཡོན་པ་སྟེ། །བཅུ་དགུ་ཉི་ཤུ་ཆུ་དང་ཆུ། །ཉི་ཤུ་གཅིག་ཏུ་བསམ་སེའུ། །གཉིས་དང་གསུམ་ལ་ཤིང་དང་ཤིང་། བཞི་ལ་མཆེར་པ་ས་དག་གོ །ལྔ་དང་དྲུག་ལ་མེ་དང་མེ། །བདུན་ལ་ཕོ་བ་དག་གི་རྩ། །བརྒྱད་དང་དགུ་ལ་ལྕགས་དང་ལྕགས། །སྟོང་ལ་མཁལ་མ་གཡོན་པ་འོ། །མ་འཆི་བདུན་དང་བརྒྱད་ལས་ཐར། །དེ་ལས་མ་ཐར་འཆི་བ་འོ། །དབྱར་ཟླ་ཐ་ཆུང་ཕོ་བའི་རྩ། །གཉིས་དང་གསུམ་ལ་མེ་དང་མེ། །བཞི་ལ་མཆེར་པའི་རྩ་དག་གོ །ལྔ་དང་དྲུག་ལ་ཤིང་དང་ཤིང་། །བདུན་ལ་བསམ་སེའུ་ས་ཆུ་འོ། །
བརྒྱད་དང་དགུ་ལ་ཆུ་དང་ཆུ། །བཅུ་ལ་མཁལ་མ་གཡོན་པ་འོ། །བཅུ་གཅིག་བཅུ་གཉིས་ལྕགས་དང་ལྕགས། །བཅུ་གསུམ་ཕོ་བའི་རྩ་དག་གོ །བཅུ་བཞི་བཅོ་ལྔ་མེ་དང་མེ། །བཅུ་དྲུག་མཆེར་པའི་རྩ་དག་གོ །བཅུ་བདུན་བཅོ་བརྒྱད་མེ་དང་མེ། །བཅུ་དགུ་པ་ནི་བསམ་སེའུ་སྟེ། །ཉི་ཤུ་ཉེར་གཅིག་ཆུ་དང་ཆུ། །གཉིས་ལ་མཁལ་མ་གཡོན་པ་འོ། །གསུམ་དང་བཞི་ནི་ལྕགས་དང་ལྕགས། །ཉི་ཤུ་ལྔ་ལ་ཕོ་བའི་རྩ། །དྲུག་དང་བདུན་ནི་མེ་དང་མེ། །བརྒྱད་ནི་བསམ་སེའུ་དག་ཏུ་འོ། །དགུ་དང་སྟོང་ལ་ཆུ་དང་ཆུའོ། །གསུམ་དང་དྲུག་ལ་འཆི་བ་འོ། །དེ་ལས་མ་ཤི་ཐར་པ་འོ། །སྟོན་ཟླ་ར་བ་སྒྲོག་དང་ཁྲུམས། །གློ་རྩ་ལོང་རྩ་གཅིག་གཉིས་ལ། །གསུམ་པ་མཁལ་གཡོན་ས་ཆུ་འོ། །བཞི་དང་ལྔ་ལ་ཆུ་དང་ཆུ། །དྲུག་ལ་བསམ་སེའུ་ས་ཆུ་ཆུ། །བདུན་དང་བརྒྱད་ལ་ཤིང་དང་ཤིང་། །དགུ་ལ་མཆེར་པ་ས་ཡིན་ནོ། །བཅུ་དང་བཅུ་གཅིག་མེ་དང་མེ། །བཅུ་གཉིས་ཕོ་བ་དག་གི་རྩ། །བཅུ་གསུམ་བཅུ་བཞི་ལྕགས་དང་ལྕགས། །བཅོ་ལྔ་མཁལ་མ་གཡོན་པ་སྟེ། །བཅུ་དྲུག་བཅུ་བདུན་ཆུ་དང་ཆུ། །བཅོ་བརྒྱད་བསམ་སེའུ་ས་ཡིན་ནོ། །བཅུ་དགུ་ཉི་ཤུ་མེ་དང་མེ། །གཅིག་ལ་མཆེར་པ་ས་དག་སྟེ། །གཉིས་དང་གསུམ་ལ་མེ་དང་མེ། །བཞི་ལ་ཕོ་བ་དག་ཡིན་ཏེ། །ལྔ་དང་དྲུག་ལ་ལྕགས་དང་ལྕགས། །བདུན་ལ་མཁལ་མ་གཡོན་པ་འོ། །བརྒྱད་དང་དགུ་ལ་ཆུ་དང་ཆུ། སྟོང་ལ་བསམ་སེའུ་ས་དག་གོ །
བཅུ་དང་ཉི་ཤུ་བཅུ་གསུམ་ལ་འཆི། །དེ་ལ་མ་འཆི་ཐར་བ་འོ། །ཤ་བ་ནག་པོས་སྐད་འབྱིན་པ། །འབྲིང་པོའི་ལོང་གི་རྩ་དག་རྒྱུད། །གཉིས་ལ་ལྕགས་ཏེ་གསུམ་ལ་ནི། །ཕོ་བ་ས་ཡི་རྩ་དག་གོ །བཞི་དང་ལྔ་ལ་མེ་དང་མེ། །དྲུག་ལ་མཆེར་པ་ས་དག་སྟེ། །བདུན་དང་བརྒྱད་ལ་ཤིང་དང་ཤིང་། །དགུ་ལ་བསམ་སེའུའི་རྩ་དག་གོ །བཅུ་དང་བཅུ་གཅིག་ཆུ་དང་ཆུ། །བཅུ་གཉིས་མཁལ་མ་ཆུ་ཡི་རྩ། །བཅུ་གསུམ་བཅུ་བཞི་ལྕགས་དང་ལྕགས། །བཅོ་ལྔ་ཕོ་བ་ས་ཡི་རྩ། །བཅུ་དྲུག་བཅུ་བདུན་མེ་ནས་མེ། །བཅོ་བརྒྱད་དག་ལ་བསམ་སེའུ། །བཅུ་དགུ་ཉི་ཤུ་ཤིང་དང་ཤིང་། །ཉི་ཤུ་གཅིག་ལ་མཁལ་མ་གཡོན། །གསུམ་དང་བཞི་ལ་ཆུ་དང་ཆུ། །བཞི་ལ་མཁལ་མ་གཡོན་པ་འོ། །ལྔ་དང་དྲུག་ལ་ལྕགས་དང་ལྕགས། །ཉི་ཤུ་བདུན་ལ་ཕོ་བ་འོ། །བརྒྱད་དང་དགུ་ལ་མེ་དང་མེ། །མཆེར་པ་སྟོང་ལ་རྒྱུ་བ་འོ། །
སྟོན་ཟླ་ར་བ་དག་ལ་ནི། །ནད་དམ་མཚོན་ཕོག་ལྔའམ་བཅུ། །མ་འཆི་ཐར་ཏེ་འབྲིང་པོ་ནི། །བཅུ་ལ་མ་སོས་འཆི་བ་ཡིན། །སྟོན་ཟླ་ཐ་ཆུངས་མཁལ་མ་གཡོན། །གཉིས་དང་གསུམ་ལ་ཆུ་དང་ཆུ། །བཞི་ལ་བསམ་སེའུ་དག་ཏུ་འོ། །ལྔ་དང་དྲུག་ལ་མེ་དང་མེ། །བདུན་ལ་མཆེར་པ་དག་གི་རྩ། །བརྒྱད་དང་དགུ་ལ་ཤིང་དང་ཤིང་། །བཅུ་པ་ཕོ་བ་དགཡིན་ཏེ། །བཅུ་གཅིག་བཅུ་གཉིས་ལྕགས་དང་ལྕགས། །བཅུ་གསུམ་མཁལ་མ་གཡོན་པ་འོ། །བཅུ་བཞི་བཅོ་ལྔ་ཆུ་དང་ཆུ། །བཅུ་དྲུག་བསམ་སེའུ་དག་ཏུ་སྟེ། །བཅུ་བདུན་བཅོ་བརྒྱད་ཤིང་དང་ཤིང་། །བཅུ་དགུ་པ་ནི་ས་ཡིན་ནོ། །ཉི་ཤུ་དག་དང་ཉེར་གཅིག་ལ། །མེ་དང་མེ་ནི་རྒྱུ་བ་འོ། །གཉིས་པ་ས་ཡི་རྩ་རྒྱུ་སྟེ། །གསུམ་དང་བཞི་ལ་ལྕགས་དང་ལྕགས། །ལྔ་པ་མཁལ་མ་གཡོན་པ་འོ། །དྲུག་དང་བདུན་ལ་ཆུ་དང་ཆུ། །བརྒྱད་པོ་བརྒྱད་ལ་བསམ་སེའུ། །དགུ་དང་སྟོང་ལ་ཤིང་ཤིང་། །ཞག་ནི་ལྔ་དང་བརྒྱད་ན་འཆི། །དགུན་ཟླ་ར་བའི་དེ་དག་ལ། །ཚེས་གཅིག་ཆུ་སྟེ་མཁལ་མ་གཡས། །ཚེས་གཉིས་མཁལ་མ་གཡོན་པ་འོ། །གསུམ་དང་བཞི་ལ་ལྕགས་དང་ལྕགས། །ལྔ་ལ་ས་ཆུ་དག་ཡིན་ཏེ། །དྲུག་དང་བདུན་ལ་མེ་དང་མེ། །བརྒྱད་ལ་ས་ཆེན་དག་ཡིན་ནོ། །
དགུ་དང་བཅུ་ལ་ཤིང་དང་ཤིང་། །བཅུ་གཅིག་བསམ་སེའུ་རྩ་དག་གོ །བཅུ་གཉིས་བཅུ་གསུམ་ཆུ་དང་ཆུ། །བཅུ་བཞི་པ་ལ་མཁལ་མ་གཡས། །བརྒྱད་དང་དགུ་ལ་ལྕགས་དང་ལྕགས། །བཅུ་ལ་ཕོ་བ་དག་གི་རྩ། །ནད་བཏབ་ཞག་བརྒྱད་ཉི་ཤུར་འཆི། །ཉི་ཤུ་དག་ལ་ཐར་བ་ན། །དགུན་ཟླ་འབྲིང་པོའི་ཚེས་གཅིག་ལ། །ལྒང་ཕུག་གཉིས་ལ་མཁལ་མ་ལའོ། །གསུམ་ལ་མཁལ་མ་གཡོན་པ་སྟེ། །བཞི་དང་ལྔ་ལ་ལྕགས་དང་ལྕགས། །དྲུག་པ་ཕོ་བ་དག་གི་རྩ། །བདུན་དང་བརྒྱད་ལ་མེ་དང་མེ། །དགུ་ལ་མཆེར་པ་དག་གི་རྩ། །བཅུ་དང་བཅུ་གཅིག་ཤིང་དང་ཤིང་། །བཅུ་གཉིས་པ་ལ་བསམ་སེའུ། །བཅུ་གསུམ་བཅུ་བཞི་ཆུ་དང་ཆུ། །བཅོ་ལྔ་མཁལ་མ་གཡོན་པ་འོ། །བཅུ་དྲུག་བཅུ་བདུན་ལྕགས་ནས་ལྕགས། །བཅོ་བརྒྱད་ཕོ་བ་དག་གི་རྩ། །བཅུ་དགུ་ཉི་ཤུ་མེ་དང་མེ། །ཉི་ཤུ་གཅིག་ལ་མཆེར་པའི་རྩ། །གཉིས་དང་གསུམ་ལ་ཤིང་དང་ཤིང་། །བཞི་ལ་བསམ་སེའུ་དག་ཏུ་སྟེ། །ལྔ་དང་དྲུག་ལ་ཆུ་དང་ཆུ། །བརྒྱད་དང་དགུ་ལ་ལྕགས་དང་ལྕགས། །སྟོང་ལ་ཕོ་བ་དག་གི་རྩ། །དགུན་ཟླ་ཐ་ཆུང་ཚེས་གཅིག་ལ། །བསམ་སེའུ་གཉིས་དང་གསུམ་ལ་ནི། །མེ་དང་མེ་སྟེ་དགྲ་ནས་འཁོར། །བཞི་ལ་མཆེར་པ་དག་གི་རྩ། །ལྔ་དང་དྲུག་ལ་མེ་དང་མེ། །བདུན་པ་ཕོ་བ་དག་གི་རྩ། །བརྒྱད་དང་དགུ་ལ་ལྕགས་དང་ལྕགས། །བཅུ་ལ་མཁལ་མ་གཡོན་པའོ། །བཅུ་གཅིག་བཅུ་གཉིས་ཆུ་དང་ཆུ། །བཅུ་གསུམ་པ་ལ་བསམ་སེའུ། །བཅུ་བཞི་བཅོ་ལྔ་ཤིང་དང་ཤིང་། །བཅུ་དྲུག་པ་ལ་ཕོ་བ་སྟེ། །བཅོ་བརྒྱད་བཅུ་དགུ་མེ་དང་མེ། །ཉི་ཤུ་པ་ལ་ཕོ་བ་སྟེ། །གཅིག་དང་གཉིས་ལ་མེ་དང་མེ། །གསུམ་པ་མཁལ་མ་གཡོན་པ་སྟེ། །བཞི་དང་ལྔ་ལ་ལྕགས་དང་ལྕགས། དྲུག་ལ་བསམ་སེའུ་དག་གི་རྩ། །བདུན་དང་བརྒྱད་ལ་ཤིང་དང་ཤིང་། །དགུ་དང་སྟོང་ལ་ཕོ་བ་ལྕགས། །འབྲིང་པོ་ལྔ་དང་དགུ་ན་འཆི། །ཐ་ཆུང་གསུམ་དང་བཞི་དག་ན། །མ་འཆི་འཚོ་བ་དག་ཏུ་འོ། །སོ་མ་རྭ་ཛ་ལས་རྩའི་འཁོར་ལོ་འཕྲུལ་གྱི་མེ་ལོང་ཞེས་བྱ་སྟེ་ལེའུ་ཉི་ཤུ་བཞི་པའོ།། །།
འདི་རྣམས་རྩ་ནི་སོ་སོར་བྱུང་ན་བཟང་། །སྐྱེས་པ་དྲག་ལ་སྙོམས་པ་དང་། །སྟོད་འཕང་མཐོ་བ་བཟང་བ་འོ། །བུད་མེད་འཇམ་ཞིང་དལ་བ་དང་། །སྨད་འཕང་མཐོ་བ་བཟང་བའོ། །ད་ནི་དྲི་བའི་མཚན་ཉིད་ནི། །ནད་ནི་བཞི་བརྒྱ་རྩ་བཞི་ནི། །གློ་བུར་ནད་དང་མཚོན་ལ་སོགས། །རང་བཞིན་འཚེ་བ་བརྒྱ་རྩ་གཅིག །རིམ་གྲོས་འཚོ་བ་དེ་བཞིན་དེ། །འཆི་བ་དག་ཀྱང་བརྒྱ་རྩ་གཅིག །སྨན་དཔྱད་དག་ཀྱང་བརྒྱ་རྩ་གཅིག །དེ་ལ་འདི་ལྟར་ཤེས་པར་བྱ། །རླུང་དང་མཁྲིས་པ་བད་ཀན་གསུམ། །རླུང་ནི་ཡེ་དང་སྟོང་སྐྱ་བས། །མཁྲིས་པ་ཚ་བ་བཅུད་ཅན་བསྐྱེད། །བད་ཀན་སྣུན་དང་ལྕི་བ་སྟེ། །བསྐྱེད་པའི་རྒྱུ་ནི་དེ་དག་གོ །རླུང་གི་མཚན་ཉིད་ཡང་བ་སྟེ། །མཁྲིས་པ་ཁ་ཁ་ཚ་ལ་རྩུབ། །བད་ཀན་རླན་ཆེ་ལུས་གྲང་ལྕི། །ཁྱད་པར་རླུང་གི་རྒྱུ་དག་ནི། །གཏར་དྲག་གཉིད་ཆག་ཟས་ཡན(སྐྱ་བ)དང་། །བུད་མེད་མྱ་ངན་(སྙིང་གར་འཚངས་པས་སྙིང་རླུང་དུའོ)གྱིས་གདུངས་པའོ། །
དབྱེ་ན་བདུན(བྱེ་བྲག)ཏེ་མགོ་རླུང་དང་། །སྙིང་རླུང་དང་ནི་གློ་ཡི་རླུང་། །མཆིན་རླུང་དང་ནི་མཁལ་མའི་རླུང་། །ཕོ་བའི་རླུང་དང་ལོང་རླུང་ངོ་། །མགོ་རླུང་དག(རླུང་དང་པོ)གི་མཚན་ཉིད་ནི། །ལངས(རླུང་ཐུར་དུ་ལངས་ན)འདུག་མྱུར་ན་འགྱེལ་བ་དང་། །ཕོར་ཁ་མི་ཐུབ(མགོ་འཁོར)མིག་གི་གསལ། །རྣ་བ་འུར་ཞིང་མི་ཐོས་པའོ། །སྙིང་རླུང་(རྩ་བ་སྙིང)དག་གི་མཚན་ཉིད་ནི། །དབུགས་རྔམ་འབྲི་ཚུགས་ལྟ་བ་དང་། །ལུས་(སྟོད་གཟེར་གཉིད་ཆུང)དང་ཡན་ལག་སྙིང་ཀུན་འདར། །དེ་རྗེས་འགྱེལ་ཞིང་འབོག་པ(བརྒྱལ་ནས)དང་། །གཏམ་མང(འགྲོ་འཕྲོ་ལ་འགྱེལ་ཞིང་འགྲོ)འཆོལ་ཞིང་འགྲོ་བ་དང་། །མགོ་འཁོར་འཁྲུགས(རེས་འགའ་འགུལ་བར་སྣང)ཤིང་མིག(འགུལ)མི་མཐོང་། །གློ་རླུང་དག(གསུམ་པ་གློ་རླུང)གི་མཚན་ཉིད་ནི། །རྒྱུན་(དྲག་ཏུ་ལྡང་བ་ཐོ་རངས)མི་ཆད་པར་ལུ་ཞིང་སྐྱུགས། །སྟོད་གཟེར་སྣ་སུབ་ཤ་སྦོས་དང་། །མིག་ཕུགས་སྐྲངས་ཞིང་འགོག་དཀའ(ལུད་པ)དང་། །ལུད་པ་ལྦུ་བ་ཆུ་དཀར་ལུ། །སླར་ཡང་ལུད་པ་ནམ་སྨད་ལུ། །མཆིན་པར་རླུང་ཞུགས(སླར་ཡང་ལུད་པ་ཁམ། །སྨད་ལུ་ཐོ་རངས)མཚན་ཉིད་ནི། །སྒྲེགས(གཞི་ལ་མ་མ)ཤིང་དགོངས་དང་ཐོ་རངས་ན། །སྟོད་གཟེར་བཤུལ་ཤ་ན་བ་དང་། །མིག་མི་གསལ་བ་དག་དང་ནི། །སྐྱུག་བྲོ་དང་ག་མི་བདེའོ། །
མཁལ་མར་རླུང་ཞུགས་མཚན་ཉིད་ནི། །མཁལ་རྐེད་འཁོར་ཞིང་ན་བ་དང་། །རྣ་བ་འོན་ཞིང་ན་བ་འོ། །ཕོ་རླུང་དག་གི་མཚན་ཉིད་ནི། །དབུགས་རྒོད་སྟོང་སྒྲེངས་འོང་བ་དང་། །ཟས་ཟོས་ཅུང་ཟད་བདེ་བ་འོ། །ལོང་རླུང་དག་གི་མཚན་ཉིད་ནི། །དབུགས་རྒོད་ཁོང་པ་ལྕི་ཞིང་འཁྲོག །ཟས་ཟོས་སྦོ་ཞིང་མི་བདེ་དང་། །རྟག་པར་དབུགས་ནི་སྒྲ་དང་བཅས། །མཁྲིས་པར་རླུང་ཞུགས་ཟ་ཞིང་སྐྱུགས། །འཁྲུ་དང་སྐྱུགས་པ་སེར་པོར་འོང་། །རྒྱུ་མར་རླུང་ཞུགས་སྦོ་བ་དང་། །སྣ་ཚོགས་བྱེའུ་ཀླད་ལྟ་བུར་འཁྲུ། །བསམ་སེའུ་ལྒང་པར་རླུང་ཞུགས་ན། །ཆུ་སྡོམས་བུ་ཚ་མི་ཆགས་ཏེ། །མཆེར་པར་རླུང་ཞུགས་སྦོ་བ་དང་། །དུད་ཁུར་འཁྲུ་ཞིང་སྐྲངས་པ་འོ། །སོ་མ་རཱ་ཛ་ལས་རླུང་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།
བད་ཀན་དག་གི་རྒྱུ་དག་ནི། །འགྲངས་དང་རླན་ལ་འདུག་པ་དང་། །མ་ཞུ་ངལ་དུབ་བཅུད་ཅན་ཟས། །ཆུའམ་ཆང་མང་འཐུངས་ལས་བྱུང་། །དབྱེ་ན་སྨུག་པོ་དཀར་པོ་དང་། །སེར་པོ་དང་ནི་དམར་པོ་དང་། །ནག་པོ་དང་ནི་ཆུ་སྐྱགས་དང་། །བད་ཀན་འཇུ་སྐེམ་དང་བདུན་ནོ། །བད་ཀན་སྨུག་པོ་རྣམ་ལྔ་ནི། །མཆིན་པའི་ནད་དག་ཡིན་པ་སྟེ། །མཆིན་དྲི་ཡོལ་ཀར་བབས་པ་སྟེ། །ཁོང་ཚ་མིག་རུས་ན་བ་སྟེ། །ལྕི་བ་བྱིན་པ་མི་ཐེག་དང་། །རྐེད་པ་དང་སྒལ་པར་འདྲིལ། །ཆུ་དམར་སྲོག་རྩ་གཅུ་བ་དང་། །ཟས་མི་འདོད་ཅིང་རྒྱུན་སྐམ་མོ། །མཆིན་པ་དག་ལ་བབས་པ་ནི། །སྣ་ཁྲག་འཛག་ཅིང་ཁྲག་ཏུ་སྐྱུག །མཆིན་པའི་ཁ་ན་ཀླད་པ་གཟེར། །བཀྲག་ཉམས་མདོག་ནི་ནག་པོ་འོ། །
སྨུག་པོ་མཆིན་པ་ཟགས་པ་ནི། །ཤ་སེར་གསུས་པ་ཆེ་བ་དང་། །བྱིན་རྩ་ཕྱི་རུ་བྱུང་བ་དང་། །ཤ་འབྲོས་ཡན་ལག་ཕྲ་བ་འོ། །སྨུག་པོ་གློ་མཆིན་འཚངས་པ་ནི། །ཁྲག་རྣག་ལུ་དང་རྣག་བམ་ལུ། །རོ་སྟོད་གཟེར་ལ་རྐང་པ་རེངས། །འགྲོས་དྲགས་ཆང་མང་འཐུངས་ན་ན། །ཁྲག་སྐྱུག་ཉམ་ཆུང་མཁལ་རྐེད་ཞན། །སྨུག་པོ་གློ་ལ་བབས་པ་ནི། །བྲང་ཚ་བཙོས་ཁྲག་འདྲ་བ་སྐྱུག །ཕོ་བ་དག་ནས་དེ་འབྱུང་ངོ་། །བད་ཀན་དཀར་པོ་རྣམ་གསུམ་ནི། །དཀར་པོ་གློ་ལ་བབས་པ་ནི། །ལྷེན་སྣ་ན་ཞིང་བྲང་ཚ་སྟེ། །སྟོད་བརྒྱངས་ཁ་ཁ་ཀླད་པ་འཁོར། །དཀར་པོ་ཕོ་བར་བབས་པ་ནི། །བྲང་ཚ་ཆུ་ཚན་སྐྱུག་པ་འོ། །
བད་ཀན་གྲུམ་བུ་དཀར་པོ་ནི། །ལྷེན་སྣར་དྲེགས་ཆགས་བྲང་ཚ་ཞིང་། །གང་ན་ཆ་མེད་ཟས་མི་ཞིམ། །ཉ་བཞི་དང་ནི་མིག་རུས་བརྩེ། །དོག་པ་བཅངས་པ་འདྲ་བའི་སྲིན། །བར་འགའ་འཁྲུ་སྐྱུག་མིག་མི་གསལ། །སེར་པོ་མཁྲིས་པ་ལས་གྱུར་ཏེ། །དེ་ལས་རྣམ་པ་གཉིས་དག་གོ །སེར་པོ་ཕོ་བར་བབས་པ་ནི། །མདོག་སེར་བ་དང་ཚ་བ་དང་། །ཟས་ནི་མི་འཇུ་མི་འཕྲོད་ཅིང་། །སྒྱིད་སྐྱུར་ཤེད་ཉམ་ཆུང་བ་དང་། །ཟས་ཆེས་པས་ནི་ན་བ་འོ། །གྲང་བ་དག་དང་འཐབ་པ་འོ། །སེར་པོ་ལོང་དུ་ལྷུང་བ་ནི། །ཁོང་སྦོས་འཁྲོག་ཅིང་ལོང་མི་བདེ། །ཟས་ཀྱང་ཕན་གནོད་མི་ཤེས་ཏེ། །ལོང་ཆུ་སེར་པོ་སྐྱུགས་པ་དང་། །ཁོང་ཉམ་ཆུང་ཞིང་མཁལ་རྐེད་ན། །ཁོང་དབུགས་འབྱུང་ཞིང་རྔམ་པས་ཐེབས། །བད་ཀན་ནག་པོ་ཕོ་མཆེར་ལ། །བབས་པས་གཉིས་ཆེ་བྱིང་བ་ཡིན། །ཉ་བཞི་ན་ཞིང་སྒྱིད་པ་སྐྱུར། །ཁོང་སྦོས་བྱེད་ཅིང་འགྲོ་མི་ནུས། །གྲང་བའི་མདོག་གམ་ཁྲག་ནག་འཁྲུ། །བད་ཀན་དམར་པོ་མཁལ་རྩ་འམ། །སྲོག་རྩ་རྐེད་པ་དག་ལ་བབས། །དཔྱི་དང་རྐེད་པ་འཁྲིལ་ཞིང་ན། །ཆུ་སྲི་རྡུལ་དག་འོང་བ་འོ། །ཤ་ཆུང་ཉམ་ཆུང་འཁྲུ་བ་དམར། །ཆུ་ཡང་ཁྲག་ཏུ་འོང་བ་འོ། །བད་ཀན་ཆུ་སྐྱགས་དག་གིས་ནི། །སྒྲེགས་ཤིང་ལྦུ་བ་ཅན་དུ་སྐྱུག །ནར་ནུར་སྐྱུག་ཅིང་དང་ག་ཞན། །རྒྱུ་བ་ངན་པ་སྦྱིན་དག་གོ །འཇུ་སྐྱེམས་ཉམ་ཆུང་སྒྱིད་པ་སྐྱུར། །ཤ་ཆུང་གསུམ་ཆེ་བྱིན་པ་འདར། །ཟས་ཅི་ཟོས་ཀྱང་འགྲངས་པ་མེད། །སོ་མ་རཱ་ཛ་ལས་བད་ཀན་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།
དེ་ནས་མཁྲིས་ནད་མཚན་ཉིད་ནི། །རྒྱུ་ནི་མཆིན་ཁྲག་ལུད་པ་དང་། །ངལ་དུབ་དྲག་པོ་དྲོད་བཅུད་ཟོས། །ཆང་མང་རྟག་ཏུ་འཐུངས་པ་དང་། །མེ་དང་ཉི་ཚན་དག་ལ་འདུག །དེ་རྣམས་མཁྲིས་པའི་རྒྱུ་ཡིན་ནོ། །དབྱེ་ན་རྣམ་པ་བཞི་དག་གོ །ཤ་ཡ་དང་ནི་ཤ་སེར་དང་། །མིག་སེར་དག་དང་ཁ་ལུད་དོ། །ཤ་ཡ་དག་ནི་དཀར་ནག་གཉིས། །དཀར་པོ་མཛེ་རིགས་ཆུ་སེར་དཀར། །ཤ་ཆུང་སྐམ་འཛེར་དག་ཏུ་འགྲོ། །མིག་སེར་འབྲུམ་བུ་ཟ་ཞིང་འོང་། །ཆུ་ནི་འོ་མ་ལྟ་བུར་དཀར། །ཤ་ཡ་ནག་པོ་གཉིས་དག་ནི། །ཤ་ག་ཆེ་ཞིང་སྐྲ་བྱི་བ། །རུས་པ་འབྲུལ་ལ་ཆུ་སེར་ཆེ། །ནག་པོ་མཛེ་རིགས་དག་ཡིན་ཏེ། །ཆུ་སེར་ནག་པོ་དག་ཡིན་ནོ། །ཤ་ཡ་ནག་པོའི་མཚན་ཉིད་ནི། །ཁོང་ཉམ་ཆུང་ལ་སྒྱིད་པ་སྐྱུར། །མིག་བྱད་ལུས་དང་ལྕེ་དག་སེར། །ཟ་ཕྲུགས་རྣག་ནི་ཤ་རུལ་འོང་། །གཏར་བའི་ཁྲག་ནི་སྔོ་ལྗང་འོང་། །སྦུ་བ་དམར་ནག་དག་ཏུ་འོང་། །ཆུ་སེར་གར་སོང་སེར་ལ་དམར། །སེན་མོ་ནག་ཅིང་གྲུགས་པ་དང་། །སྐྲ་བྱི་སྨིན་མ་གྲུགས་པ་འོ། །
སེན་མོ་ནག་པ་ཕལ་ཆེར་འཆི། །མཁྲིས་པ་ཤ་སེར་ཉམ་ཆུང་ཞིང་། །ཁོང་ལྕི་གཉིད་མི་ཐུབ་པ་དང་། །དེ་ལས་གྱེས་པ་དུག་ཐབས་ཏེ། །ཤ་སྐམ་དང་ག་འཕེལ་འགྲིབ་བྱེད། །མིག་སེར་དག་གི་མཚན་ཉིད་ནི། །ཉམ་ཆུང་སྐོམ་དད་ཆེ་བ་དང་། །གཉིད་ཆེ་མིག་ཀྱང་སེར་བ་དང་། །རྐང་ན་ལུས་རྔུལ་དུག་ཐབས་སོ། །མིག་རུས་ན་ཞིང་ཆུ་སྐྱུར་སྐྱུགས། །གསུས་པ་ཆེ་ཞིང་ཀླད་པ་ན། །སྙིང་འཕར་བ་ནི་ཐུན་མོང་ནད། །དཀར་པོ་ལ་སོགས་སེར་པོར་སྣང་། །དགོང་དང་ཐོ་རངས་བདེ་བ་སྟེ། །ཉི་མ་ཕོག་ན་མི་བདེ་བ། །ཀླད་པ་ན་ཞིང་ཁ་ཁ་བ། །མིག་སེར་དག་གི་ནད་ཡིན་ཏེ། །ཁ་ལུད་དག་དང་རྒྱས་པ་འོ། །མགོ་དང་གློ་བ་མཆིན་པ་དང་། །ཕོ་བ་དང་ནི་མཆེར་པར་ལུད། །ཀླད་པར་མཁྲིས་པ་ལུད་པ་ནི། །ཤ་ནི་སྔོ་སེར་དག་ཏུ་སྟེ། །མཆུ་ལ་ཐོར་པ་ནེ་གུ་འོང་། །ཁ་ལ་ལུད་འཁྲི་སྐོམ་དད་ཆེ། །ལྕེ་དབལ་མིག་གི་སྤྲིན་ཡང་སེར། །དྲོད་ཆེ་སྟོད་འཛིངས་ཟ་ཕྲུགས་བྱེད། །ལུས་སེར་ལུད་པ་ཁ་ལ་འཁྲིས། །ཟས་ཀྱང་ཡི་གར་མི་འོང་སྟེ། །གློ་བ་དག་ལ་ལུད་པ་ནི། །ཁ་ཁ་ལུད་པ་ཅུང་ཙམ་སེར། །སྐྱུགས་བྲོ་གློ་སྙིང་གཅུ་བ་དང་། །གཉིད་ཆེ་མདོག་ནི་སེར་སྨུག་གོ །
མཆིན་པར་ལུད་པ་ཁ་ཁ་ཞིང་། །མིག་སྤྲིན་ལྕེ་ཡི་དབལ་སེར་ཞིང་། །མགོ་བོ་དྲོད་ཆེ་རོ་སྟོད་འཛིངས། །ལུས་པོ་ཟ་ཞིང་སྐོམ་དད་ཆེ། །ཁ་ཁ་ལུད་པ་འཁྲི་བ་དང་། །དང་ག་མི་བདེ་ཟས་མི་ལེན། །ཕོ་བ་དག་ཏུ་ལུད་པ་ནི། །ཁ་ཁ་སྐོམ་དད་ཆེ་བ་དང་། །སྦོ་ཞིང་སྐྱུགས་དང་འཁྲུ་བ་དང་། །མདོག་ནི་སྔོ་འམ་སེར་པོར་སྐྱུགས། །འཁྲུ་བ་དག་ཀྱང་དེ་བཞིན་ནོ། །མཆེར་པ་དག་ཏུ་ལུད་པ་ནི། །མདོག་སྔོ་ལྷུ་ཚིགས་ན་བ་ན། །ཁྲག་ཏུ་འཁྲུ་ཞིང་རྐང་གཡས་སྐྲངས། །གསུས་པ་ཆེ་ཞིང་སྐེ་ཐུང་ནག །རྒྱས་དང་སྟོང་དང་གབ་པ་དང་། །བད་ཀན་མཁྲིས་པ་རླུང་དག་གོ །རིམ་པར་འཇུག་པས་རིམས་དག་གོ །བད་ཀན་ཞག་གསུམ་མཁྲིས་པ་དང་། །རླུང་ཡང་དེ་བཞིན་རིམ་པས་སོ། །རྒྱས་པ་རླུང་དང་བད་ཀན་དང་། །ལྡན་དང་འདུས་པ་འདར་བུ་དང་། །རྨོང་བུ་ལེ་བརྒན་དག་ཏུ་འོ། །
དང་པོར་ཚིགས་བཞི་རུ་ཤིང་ན། །གྲང་ཤུམ་བྱེད་ཅིང་ལུས་པོ་ལྕི། །སྐོམ་སྙེག་གཉིད་ཡང་མི་ཐུབ་ལ། །བད་ཀན་དང་ག་མི་བདེ་བའོ། །མཁྲིས་པས་ལུས་ཚ་ཅུང་ཞིག་སེར། །དང་ག་ཅུང་བདེ་ལས་ཀྱང་ཡང་། །རླུང་ནི་ལུས་ཡང་དང་ག་བདེ། །གཉིད་ཡང་མི་ཕེབས་ཕྱི་ཚ་བ། །སྐོམ་དད་ཆུང་བ་སྨིན་པར་དཀའ། །ལྡན་པའི་མཚན་ཉིད་གཉིས་ལྡན་ལ། །འདུས་པ་གསུམ་ཀ་འདུས་པ་འོ། །འདར་བུ་སྨྱོ་དང་འདར་བ་འོ། །རྨོང་བུ་དཀར་བ་དྲན་མི་གསལ། །ཡང་སྐྱོར་སྐྲ་ཡང་བྱི་བར་བྱེད། །རྨོང་བུ་ནག་པོ་དྲན་མི་གསལ། །གང་ན་ཆ་མེད་མཁུན་བུ་ཅན། །ཁ་སྣ་ཆུ་འཛག་ཟས་མི་ཚུད། །དེ་ནི་འཆི་བའི་རྟགས་སུ་འདོད། །གཞན་དུ་དེ་བཞིན་ཤེས་པར་བྱ། །ལེ་བརྒན་སྣ་ཁྲག་མི་ཆོད་ན། །ཁྲག་ཟད་མདོག་ཉམས་བྲེད་པར་འོང་། །སོ་མ་རཱ་ཛ་ལས་མཁྲིས་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཉེར་བདུན་པའོ།། །།
དེ་ནས་སྙིང་ནད་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་གསུམ། །རྐྱེན་ནི་གཉིད་མ་ལོག་པ་དང་། །འཇིགས་པ་དག་དང་མྱ་ངན་དང་། །སེམས་མི་བདེ་བ་དག་ལས་འབྱུང་། །དབྱེ་ན་གཉིས་ཏེ་སྨྱོ་བྱེད་དང་། །བརྗེད་བྱེད་དག་ཏུ་ཤེས་པར་བྱ། །སྨྱོ་བྱེད་ནད་ཀྱི་སྨྱོ་བྱེད་དང་། །གདོན་གྱི་སྨྱོ་བྱེད་དག་ཏུ་འོ། །སྙིང་མི་དགའ་ཞིང་འཕྱོ་བ་དང་། །དགྲ་འམ་སྟོར་རླག་བྲེད་སྔངས་དང་། །གློ་བུར་དགྲ་དང་ཐུག་ཆོམ་དང་། །མི་སྡུག་པ་དང་འཕྲད་པས་ལྡང་། །དེ་ནི་སྤྱི་ཡི་མཚན་ཉིད་དོ། །སྟོད་གཟེར་སྙིང་གཅུ་མྱོས་ཤིང་འཐིབས། །མིག་རྩ་དམར་ཞིང་མིད་པ་འགགས། །སྣ་སྒོ་སྐམ་ཞིང་སྣ་བུག་ཚ། །བྱད་དང་མིག་ཕམ་ལྕི་བ་དང་། །གཉིད་ཆེ་བྲང་དང་སོག་བར་གཟེར། །ལུས་ཚ་ལག་པ་ཁ་ལ་བྱུག །བརྡ་མི་ཕྲོད་ཅིང་ལྕེ་ཐུང་སྐམ། །སྙིང་ནད་ཚ་བའི་མཚན་མ་འོ། །ཆུ་སེར་སྙིང་ལ་བབས་ཏེ་འདར། །སྙིང་གདུངས་གཉིད་ཆུང་གླལ་འདོད་དང་། །སྨྲ་མང་དགོད་འདོད་གླུ་ལ་དགའ། །དེ་ནི་གྲང་བའི་མཚན་ཉིད་དོ། །སྨྲ་ཉུང་ཁ་འཐམས་མགོ་ཕྱེད་ན། །ན་བའི་ཕྱོགས་སུ་ཁ་ཡང་ལྟ། །འབྲི་ཚུགས་ལྟ་ཞིང་དྲན་པ་སྟོར། །ཁ་ལེ་ནག་པོའི་མཚན་ཉིད་དོ། །
ཡུལ་གྱི་སྨྲ་བ་ནད་གཞི་སྟེ། །ཆོས་སྨྲ་མིག་རྩ་དགོད་པ་ནི། །གདོན་གྱི་སྨྱོ་བྱེད་དག་ཡིན་ནོ། །བརྗེད་བྱེད་བརྗེད་ནི་ངས་པ་སྟེ། །སྙིང་འདར་བརྗེད་ངས་སྟོད་གཟེར་བ། །རླུང་གི་བརྗེད་བྱེད་དག་ཡིན་ཏེ། །ལུས་ལྕི་དང་ག་མི་བདེ་བ། །དྲན་པ་མི་གསལ་བད་ཀན་ནོ། །ལུས་ཚ་ཁ་ཁ་ཙུང་ཙམ་སེར། །མཁྲིས་པའི་བརྗེད་བྱེད་དག་ཡིན་ནོ། །ཟ་ཞིང་མགོ་བོ་ལྕི་བ་འམ། །བརྗེད་ངས་ཆུ་སེར་བརྗེད་བྱེད་དོ། །རྩ་སྦུབས་ཀྱུག་ཀྱུག་འོད་ཞིང་སྐྲངས། །མིག་མི་མཐོང་ཞིང་ཆུ་སྔོ་མཉམ། །ཡང་ན་ནལ་ནལ་སྐྱུགས་པ་ནི། །སྲིན་གྱི་བརྗེད་བྱེད་དག་ཡིན་ནོ། །ཆུ་སེར་སྲིན་དང་རླུང་གིས་འབོག །གདོན་ནི་འཆི་སོས་མི་ཕྱེད་དོ། །སོ་མ་རཱ་ཛ་ལས་སྙིང་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།
དེ་ནས་གློ་ནད་མཚན་ཉིད་ནི། །རླུང་དང་མཁྲིས་པ་བད་ཀན་དང་། །རྐྱེན་ནི་གློ་གཟེར་ལས་དག་དང་། །དྲག་ཤུལ་ངལ་དུབ་གཏར་དྲགས་དང་། །གློ་ཡི་རྩ་སྦུབས་དག་ཏུ་ཡང་། །སྐྲན་ཞུགས་མ་ཞུ་ནད་དུ་སྟེ། །རྩ་མཁྲིས་བརྡབས་དང་རླུང་ཞུགས་སོ། །དབྱེ་ན་ཚ་གྲང་འདུས་པ་སྟེ། །གློ་ནད་ཚ་བ་གཟེར་བྱེད་ནི། །བྲང་དང་ནུ་མའི་ལྐོག་ཏུ་གཟེར། །སྙིང་འཕར་དབུགས་རྒོད་ལུད་པ་སྐྱ། །སྐྱ་བོ་སག་སག་སྲན་ཙམ་འོང་། །སྐྱ་རྦབ་གྲང་བ་ཕྱོགས་གཅིག་སྟེ། །ལུ་ཞིང་ལུད་པ་སེར་པོ་དང་། །ཡང་ན་ནག་པོར་འོང་བ་སྟེ། །རེས་འགའ་རུལ་བྲོ་དམར་པོར་འོང་། །གདོང་སྐྲངས་སྟོད་བརྒྱངས་ལག་པ་སྦྲིད། །འདུས་པའི་སྐྱ་རྦབ་ལྕེ་སྟེང་དཀར། །ཟ་བྱེད་གློ་ལུ་ཤ་ཆུང་རྔུལ། །སྐབས་སུ་སླ་བར་འོང་བ་སྟེ། །གག་པ་ཞེས་བྱ་རྟག་ཏུ་ལུ། །སྟོང་གཟེར་ལུད་སྲ་རྨེན་བུ་འདྲ། །སྐོམ་དད་ཆེ་ཞིང་ཆུ་ཡང་སྲི། །གློ་ནད་བུང་ཚངས་ཅན་དག་ནི། །ལུ་ཞིང་སྐབས་སུ་ཤེ་རུལ་འབྱུང་། །བྱད་ཡང་སྐབས་སུ་དམར་དང་སྐྱ། །རྐེད་གཟེར་སྐོགས་པ་སྲབ་མོ་འོང་། །སྐོམ་སྙེག་ལུས་རྔུལ་ཟས་མི་འདོད། །གློ་ནད་ཚ་བ་རྒྱས་པ་དང་། །སྟོངས་པ་དང་ནི་གབ་པ་འོ། །རྒྱས་པ་གློ་འཁྲུགས་དག་ཡིན་ཏེ། །མིག་རུས་སྟོད་གཟེར་རུ་ཤིང་ན། །ལུད་པ་ཁྲག་ཏུ་འོང་བ་འོ། །སྟོངས་པ་ཕྱི་ཚད་ནང་ཚད་མེད། །གབ་པ་དྲོད་དང་དྲག་ཤུལ་དང་། །ཟས་དང་སྤྱོད་ལམ་ལྡང་བ་འོ། །
གྲང་བ་དག་ནི་བྱད་སྦོས་ཏེ། །ལུས་པོ་སྐྲངས་པ་དག་ཏུ་འོ། །གདོང་སྐྲངས་ལུས་སྐྲངས་རླིག་པ་སྐྲངས། །རླུང་དང་ཚད་པ་བསྡོངས་པ་འོ། །བྱད་ཙམ་སྦོས་ལ་གློ་ལུ་བ། །རླུང་ནི་འགའ་ཞིག་ཡིན་པ་འོ། །ཟ་ཞིང་སྐྲངས་པ་གློ་མང་ལུ། །གློ་ནད་ཆུ་སེར་གཉིས་འདུས་སོ། །སྐད་དྲག་ཀློག་དང་ལས་དྲག་པས། །འགག་ཅིང་ལུད་པ་སྨིན་པ་འོ། །
ཐོས་པོ་མགུལ་འགགས་གྲེ་བ་ཚ། །རྟ་རྒྱུག་ལས་དྲག་དག་དང་ནི། །ལུག་ཤ་ཆང་དག་འཐུངས་པ་འམ། །དེ་ནི་གློ་ནད་ཚ་བ་འོ། །གློ་ལུ་སྐོགས་བུ་རྣག་དག་འབྱུང་། །སྐབས་སུ་འབྱུང་བ་བུང་ཚངས་ཅན། །གདོང་སྨུག་ངོ་སྣུམ་འཇིལ་ལ་ནག །མིག་དང་ལྕེ་དག་ཅུང་ཙམ་སེར། །བད་ཀན་སྨུག་དང་མཁྲིས་པར་བསྡོངས། །ཁདང་སྣ་ནས་ཁྲག་དག་འཛག །རྩེའུ་ཅུང་གཏར་བས་རྣག་ཏུ་འོང་། །ཚ་གྲང་འདྲེས་པ་སྐྲན་དུ་འོ། །སྟོད་དུ་འབྲས་བྱུང་མི་འཚོ་འཕོ། །སུརྱའི་ནད་དུ་ཤེས་པར་བྱ། །བྲང་གི་ནུ་མའི་བར་དག་གཟེར། །དབུགས་ཀྱིས་གང་སྙམ་བྱེད་པ་དང་། །ལུད་པ་སྐེམས་པོ་སག་སག་འོང་། །བར་འགའ་སྲོ་གང་ཐོར་བུ་འོང་། །ཚ་གྲང་འདུས་པའི་གཟེར་བྱེད་དོ། །ཉིན་མཚན་མེད་པར་ལུད་པ་ལུ། །རེས་ནག་རེས་སེར་ཁྲག་ཙིད་ཙིད། །དབུགས་ཀྱིས་གང་ཞིང་ལག་པ་སྦྲིད། །གདོང་སྐྲངས་སྟོད་དུ་གཟེར་བ་ནི། །སྐྱ་རྦབ་ཚ་གྲང་འདྲེས་པ་འོ། །
གློ་ལུ་ལུས་རྔུལ་ཤ་ཆུང་སྟེ། །མདོ་ལོང་ཤེ་རུལ་སླ་མོར་འོང་། །ལྦུ་བ་ངར་ངར་འོང་བ་ནི། །གློ་བ་ནང་དུ་ཟད་པ་འོ། གློ་ལུ་རྣག་དང་ཤེ་རུལ་འོང་། །བྱད་དམར་ཡང་ན་དཀར་པོར་འགྲོ། །ལུས་རྔུལ་གསུས་པ་ཆེ་བ་དང་། །ཟས་མི་ལེན་དང་དྲེག་པ་ཆགས། །སྐད་བཙིར་གློ་འགོག་ན་བ་ནི། །གློ་ནད་འགགས་པ་ཟ་བྱེད་དོ། །མགོ་ན་སྐེ་ན་རྩེའུ་ཆུང་རེངས། །སོ་རྩ་ནག་ལ་ཁྲག་འབྱུང་བ། །གཉིད་ལོག་ཞེ་འཁུན་མིག་དམར་བ། །སྐད་འགགས་ཁོང་སྦོས་ཁྲག་སྨུག་གོ །དབུགས་ཐུང་བཀྲག་མེད་འགྲོ་མི་ནུས། །སོ་དང་ལྕེ་དཀར་སྟོད་ལྕི་བ། །དེ་ནི་རྣག་རྨུག་གློར་ཞུགས་སོ། །ཉིན་མཚན་མེད་པར་ལུ་བ་དང་། །དུད་ཁུ་འདྲ་བའི་ལུད་པ་འབྱུང་། །སྣ་ཚོགས་མདོག་འབྱུང་གློ་འགོག་དཀའ། །ཤ་ཆུང་ལུད་པ་ཚ་བྲོ་བ། །སོག་འདབ་གཟེར་ཞིང་ཁ་ཁ་བ། །གློ་ནད་འབྱམས་པས་ཟ་བྱེད་དོ། །སྟོད་གཟེར་ཁོང་དམ་བྱད་སྐྱ་བ། །རྔུལ་ཞིང་ཟས་ནི་མི་འཇུ་བ། །སྣ་ཁྲག་དག་ནི་འཛག་པ་དང་། །ལུད་པ་འགོག་དཀའ་རྩིབ་ཐུང་གཟེར། །མཆིན་པར་ལུད་དང་ཕོ་བར་བབས། །མི་བཟད་ལྷེན་སྣར་གཟེར་མནན་ནོ། །སོ་མ་རཱ་ས་ལས་གློ་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།
དེ་ནས་མཆིན་ནད་མཚན་ཉིད་ནི། །རླུང་དང་མཁྲིས་པ་བད་ཀན་གསུམ། །རྐྱེན་ནི་ཁ་ཟས་སྐྱུར་དང་ཚ། །ལྕི་དང་བཅུད་ཅན་རུལ་སུངས་དང་། །ཤ་རུལ་ཆང་མང་དག་དང་ནི། །ངལ་དུབ་དྲག་པོ་དག་གིས་རྐྱེན། །དབྱེ་བ་ཚ་གྲང་གཉིས་དག་སྟེ། །མཆིན་ནད་ཚད་རྙིང་སྣད་པ་དང་། །སུརྱ་ཚ་བ་རླུང་གྱུར་དང་། །ཚ་བ་དུག་ཐབས་རྒྱུ་འཁྲུགས་དང་། །ཚ་བའི་སྐྲན་དང་འོར་དུ་ལྷུང་། །ཚ་བ་རྒྱས་པ་དག་ཡིན་ནོ། །མཆིན་ནད་རྙིང་པའི་མཚན་ཉིད་ནི། །རྟ་རྒྱུག་ངལ་དུབ་དྲག་པ་དང་། །ངལ་དུབ་བཅུད་ཅན་ཆང་འཐུངས་དང་། །དྲག་པོའི་ལས་དག་བྱས་པས་རྐྱེན། །སྟོད་ལྕི་རྩིབ་ཐུང་གཡས་གཡོན་གཟེར། །རེས་བདེ་རྩེའུ་ཆུང་རེངས་པ་ནི། །མཆིན་པ་སྣད་ཅིང་འགྲམས་པ་སྟེ། །མདོ་མདོར་འཁྲོག་ཅིང་བྱ་རྨྱང་བྱེད། །དང་ག་མི་བདེ་ལུས་པོ་སེར། །མིག་སྤྲིན་དཀར་ཞིང་ལྕེ་དམར་བ། །མཆིན་པའི་དགྲ་ལྕེ་སྣད་པ་འོ། །ཚིགས་པ་བརྒྱད་དགུར་འབྲས་ཐབས་འབྱུང་། །ཆང་མང་དྲོད་དམ་རིམས་རྗེས་ལ། །ཡང་ན་ལས་དྲག་འཁྲུ་རྗེས་ལ། །རྨ་བྱུང་མཆིན་པ་སུརྱ་འོ། །
ཚིགས་པ་བརྒྱད་པ་དགུ་པའི་བར། །ལངས་འདུག་དཀའ་ཞིང་སྐད་ངན་འོང་། །མེ་དང་ཉི་མ་དྲོད་བཅུད་གནོད། །མཆིན་པ་ཚ་བ་རླུང་གྱུར་རོ། །ཤེད་ཆུང་རུ་ཤིང་ན་བ་སྟེ། །ཤ་འབྲོས་དག་ནི་དུག་ཐབས་སོ། །སྣད་དང་གྲུམས་པ་དག་དང་ནི། །དབྱེ་བ་དེར་ནི་འདུས་པ་འོ། །ཆང་འཐུང་ལུད་ཚན་སྟེང་དུ་ཉལ། །བ་ཚྭ་བུལ་ཏོག་ཆུ་འཐུངས་པས། །ལྦུ་བ་ཆུང་ལ་སྐད་ཆུང་ཞིང་། །ཆུ་ནང་བཏང་ན་གཏིང་ན་འགྲོ། །དམར་སེར་སྨུག་པོ་དག་ཏུ་འཁྲུ། །མཆིན་པ་ཚ་བས་འཁྲུ་བ་འོ། །གཅིན་ཉིད་ཁྲག་ཏུ་འོང་བ་དང་། །གཡས་ངོས་གཟེར་ཞིང་མཁྲང་བ་དང་། །ཟས་མི་འཇུ་བ་དག་ཏུ་སྟེ། །མཆིན་པའི་སྐྲན་དུ་ཤེས་པར་བྱ། །རྟ་རྒྱུག་ལས་ནི་དྲགས་པས་ན། །བརླའམ་སྒྱིད་ཁུང་དག་ཏུ་སྐྲངས། །མཆིན་པ་ཚ་བ་ལས་གྱུར་ཏེ། །འོར་དུ་ལྷུང་བ་དག་ཡིན་ནོ། །ཚ་བ་རྒྱས་པ་དབྱེ་བ་ནི། །རྒྱས་དང་སྟོངས་དང་གབ་པ་འོ། །
རྒྱུ་ནི་རླུང་མཁྲིས་བད་ཀན་གསུམ། །དེ་ཡང་བད་ཀན་མཆིན་རྩར་སོང་། །ངལ་དུབ་དྲག་པོས་རྐྱེན་བྱས་ཏེ། །རུས་བཞི་རུ་ཤིང་ན་བ་དང་། །མིག་དམར་ལུད་པ་ཁྲག་ཏུ་ལུ། །གཟེར་བ་མཆིན་པ་དག་ཡིན་ཏེ། །ཅུང་ཞིག་ལྕི་བ་སྨིན་པ་ཡིན། །རབ་ནི་གསུམ་དང་ལྔ་དང་བདུན། །འབྲིང་ནི་དགུ་དང་བཅུ་གཅིག་གོ །འཚོ་འཆི་དག་གི་བྱེ་བྲག་ནི། །ལུས་ལྕི་ཐང་གིས་འགྲོ་བ་དང་། །མིག་དམར་སྨིན་དུ་མི་བཏུབ་འཆི། །རྒྱས་པའི་ཚ་བའི་མཚན་ཉིད་ནི། །ལུས་ཚ་གྲང་ཤུམ་བྱེད་པ་དང་། །རུ་ཤིང་རུས་མིག་གཟེར་བ་དང་། །སྟོད་ལྕི་ལུད་པ་ཁྲག་ཏུ་འོང་། །སྟོངས་པའི་ཚ་བའི་མཚན་ཉིད་ནི། །ཕྱི་ནི་ཚ་བ་རབ་ཏུ་ཆེ། །གཏར་དང་ཐང་གིས་ཚ་མི་ཆོག །གབ་པའི་ཚ་བའི་མཚན་ཉིད་ནི། །ཟས་ཀྱི་ཕན་གནོད་མི་ཚོར་ཞིང་། །གོང་གི་ཚ་བ་དག་གིས་ནི། །ཟས་དང་ལས་དྲགས་དག་གིས་ལྡང་། །མིག་དམར་གདོང་ནི་སྣུམ་པ་དང་། །སྐོམ་སྙག་དྲི་མ་སྐམ་པ་དང་། །ལྕེ་སྐམ་མཆུ་ལ་ཐོར་པ་འོང་། །དྲི་འབྱུང་བ་སྤུ་ཉལ་བ་དང་། །ཚ་བའི་མཚན་ཉིད་བསྟན་པའོ། །
གྲང་བའི་མཚན་ཉིད་བསྟན་པ་ནི། །དྲོད་དམ་བཅུད་ནི་ཟོས་པའི་རྗེས། །རླན་ལ་ཉལ་དང་ལུས་ཆུས་ཕོག །མ་ཞུ་མཆིན་རྩེར་སོང་བ་སྟེ། །དཔེར་ན་བྱ་མས་བུ་ལ་དགབ། །དེ་བཞིན་མཆིན་པས་ཕོ་བ་ལ། །མཆིན་པའི་གཡས་འོག་མཁྲིས་པ་སྟེ། །གཡོན་འོག་དག་ན་མཆེར་པ་འོ། །དྲོད་ཀྱིས་ཕོ་བའི་ཟས་འཇུ་སྟེ། །དྲོད་མེད་ཕོ་བའི་ཟས་མི་འཇུ། །སྒྲེགས་ཤིང་ཆུ་སྐྱུར་སྐྱུགས་པ་འོ། །དེ་ནི་མཆིན་པ་རླན་གྲང་ངོ་། །འཁྱགས་ན་གཉའ་བ་རེངས་པ་དང་། །གཞུང་དག་རེངས་པ་འོང་བ་ནི། །མཆིན་རྩར་བད་ཀན་ཞུགས་པ་སྟེ། །གཉའ་རེངས་གཞུང་རེངས་མཚན་ཉིད་དོ། །
དེ་ཡང་གྲང་བའི་མཚན་ཉིད་དོ། །རྩིབ་ཐུབ་གཡས་གཡོན་གཟེར་བ་དང་། །ལུས་ལྕི་སྟོད་གཟེར་མཚོགས་མ་ལྕི། །ཟ་འགྲམ་ན་ཞིང་མཆིན་ངོས་མཁྲང་། །གཡས་པ་སྟེང་དུ་བསྟན་རྡིབ་སྙམ། །འོག་ཏུ་བཅུག་ན་འབུར་བ་འདྲ། །ཙོག་ཙོག་འདུག་ན་འཐེན་པ་འདྲ། །གཅིན་དམར་མཁལ་མ་ཕོ་མི་བདེ། །ཆུ་བ་རྒྱུས་འཁུམས་པ་ནི། །མཆིན་པར་མ་ཞུ་རྒྱས་པའོ། །ཆང་ངམ་ཆུ་འམ་མར་ཁུས་སོ། །ལུས་སྐྲངས་བྱད་ནི་སྐྱ་རྦབ་འོང་། །ལུས་ཚ་ལྕེ་མཆུ་སོ་རྙིལ་དཀར། །གློ་བ་དག་ཏུ་ཆུ་དག་བབས། །གློ་དང་མཆིན་པར་བསྡོངས་པ་སྟེ། །མཆིན་རྒྱས་མ་ཞུ་ཤ་མཐངས་བར། །ནད་ཡིན་གློ་མཆིན་འོར་ནད་དེ། །གློ་ནི་དཀར་ལ་མཆིན་ནད་རྒྱས། །ལོང་ཚིལ་ཞུ་སྟེ་སྟོངས་པར་འོང་། །གཉིད་མི་ཐུབ་ཅིང་ནད་གཞིས་འཆི། །རྐང་བོལ་ན་ཚ་ཆུང་བ་དང་། ཤ་འབྲོས་ཤེད་ཡང་ཆུང་བ་དང་། །ལུས་ལྕི་གཉིད་མེད་ཁོང་ལྕི་དང་། དང་ག་མི་བདེ་གཅིན་དམར་བ། །སྙིང་མཆིན་བསྡོངས་ཏེ་ལྷེན་དུ་འོ། །ཁོང་སྦོས་སྟོད་གཟེར་ནམ་ལངས་ན། །མཆིན་པ་འཕྱངས་ནས་གླལ་མི་ཤེས། །སྐོམ་དད་ཆེ་ལ་ནུས་མིག་ན། །འགྲོས་དྲགས་མགོ་ལྕི་གློ་མཆིན་དག །རྐང་ལག་སྐྲངས་པ་ཆུ་ཤོར་རོ། །
རོ་སྟོད་གཟེར་ཞིང་རྐང་ལག་གྲང་། །མིག་ཕུག་མི་ཐེག་ཉམ་ཆུང་དང་། །གླལ་འདོད་སྐོམ་དད་ཆེ་ལ་གཟེར། །གཅོམ་བུ་ཆུང་ཞིང་སྐེ་རྩ་རེངས། །སྟོད་གང་མཆིན་པ་ན་བ་དང་། །ཟས་ཟོས་བདེ་བར་ཚོར་བ་ནི། །གློ་རྒྱས་མཆིན་པ་རྒུད་པ་འོ། །མཆིན་རྒུད་དག་གི་མཚན་ཉིད་ནི། །གཏར་རམ་ཆགས་པ་དྲགས་པ་ཡིས། །ཟས་ཟོས་རྟིང་ལ་མཆིན་པ་ན། ཁོང་ཉམ་ཆུང་ལ་མིག་རྡིབ་སྟེ། །སྐྱུགས་ལ་ཟོས་རྟིང་མཆིན་པ་འཕྱངས། །གླལ་འདོད་ཆགས་པ་ཆེ་བ་ནི། །མཆིན་པ་བསམ་སེའུ་བསྡོངས་པའོ། །མཆིན་རྒུད་དཀར་པོ་དག་ཏུ་འོ། །མཆིན་ཁྲག་འོར་དུ་ལྷུང་བ་ནི། །རྐེད་པ་ན་ཞིང་འོར་དུ་ལྷུང་། །རྐེད་པ་ཁོལ་ཞིང་ན་བ་དང་། །མགུལ་ན་སྐད་ངན་འཆོར་བ་དང་། །ལུས་ཚ་ཆུང་ན་ཁྲག་ཏུ་འཛག །རྐེད་པར་ལྷུང་བའི་མཚན་ཉིད་དོ། །རྐང་པ་ལྕི་ཞིང་སྦྲིད་པ་དང་། །ཚ་ཞིང་ཕུར་པས་བཏབ་པ་བཞིན། །ཀྲམ་ཀྲམ་རྐེད་པ་ཚ་ཉལ་བྱེད། །དཀུ་ལ་ལྷུང་བ་མཁལ་མཆིན་ནད། །རྐང་གི་རུས་པ་ཁོལ་བ་ནི། །རྐང་ལ་ལྷུང་བའི་མཚན་ཉིད་དོ། །མཆིན་ཁྲག་སྙིང་ལུ་བླ་ཅོལ་དང་། །མ་མཆུ་འཕྱང་ཞིང་མིག་རྩ་དམར། །མཆིན་ཁྲག་མཆེར་པར་ལུད་པ་ནི། །མ་མཆུ་ན་ཞིང་ལྟེ་གཡོན་མཆེར། །ཐད་ཀར་རེག་ན་མི་བཟོད་ཅིང་། །རྩུབ་ཐུང་གཟེར་ལ་ཆུ་ངན་སེར། །མཆིན་ཁྲག་གློ་ལུད་རོ་སྟོད་འཛིངས། །མཆན་འོག་གཟེར་ལ་གློ་ལུ་ཁྲག །སྣ་ཁྲག་འཛག་ཅིང་རྐང་ལག་སྡུད་པ་དཀའ། །གློ་ལུ་ཙམ་ན་སོག་གཡས་གཟེར། །མིག་རྩ་དམར་བ་དག་ཏུའོ། །མཆིན་པའི་ཁྲག་རྒྱས་གློ་ལུད་དོ། །མཆིན་ཁྲག་ཕོ་བར་ལྷུང་བ་ནི། །ཕོ་བ་གཟེར་ཞིང་བསྡམས་པ་དང་། །དབུགས་རྒོད་མིག་རྩ་དམར་ལ་རྒོད། །ལྕེ་སྐམ་དང་ག་མི་བདེ་འོ། །
ཕོ་བ་བརྩེ་ཞིང་སྐྲངས་པ་དང་། །གསུས་པ་སྨད་ཆུང་གྲིམས་པ་དང་། །ཚ་ལམ་བྱེད་ཅིང་ན་བ་སྟེ། །བཀུག་ནས་གསུས་སྨད་ལྟ་མི་ཤེས། །མཆིན་ཁྲག་སྲོག་རྩར་སོང་བ་ནི། །ལུས་དང་རྐང་ལག་རེངས་པ་དང་། །ལྟག་པ་ཤིན་ཏུ་རེངས་པ་དང་། །སྐོམ་དད་ཤིན་ཏུ་ཆེ་བ་འོ། །མཁལ་མར་མཆིན་ཁྲག་ལུས་པ་ནི། །ཆུ་དམར་སྲ་ཞིང་སྲི་བ་དང་། །ལུས་ནི་རྔུལ་རྔུལ་འདྲ་ལ་སྐྱུར། །ཚིགས་པ་འབྱུང་ཞིང་གདོང་པ་འཇིལ། །བཀུག་ན་སྐད་ངན་འཆོར་བ་དང་། །དྲོད་ཆེ་རྨྱང་འདོད་སྐོམ་དད་ཆེ། །རྐང་ལག་བཤལ་ཞིང་ལྷུ་ཚིགས་ན། །མཁལ་མཆིན་ནག་པོའི་མཚན་ཉིད་དོ། །མཁྲིས་པར་མཆིན་ཁྲག་ལུད་པ་ནི། །ལུས་ཚ་དང་ག་མི་བདེ་དང་། །གཡས་ཕྱོགས་ལྕི་ཞིང་འདར་བ་དང་། །སྐོམ་དད་ཆེ་ལ་ཅུང་ཙམ་སེར། །སྨྲ་སྙིང་མི་འདོད་མི་དད་ཆུང་། །མཁྲིས་མཆིན་ཁྲེམ་བུའི་མཚན་ཉིད་ནི། །རྩེའུ་ཆུང་ན་ཞིང་རྩིབ་ལོགས་གཟེར། །ཤེད་ཆུང་གཉིད་ཆེ་སྐོམ་དད་ཆེ། །ཁ་སྐམ་མིག་སྤྲིན་དཀར་བ་འོ། །མཆིན་དྲི་ནག་པོའི་མཚན་ཉིད་ནི། །སྲོག་རྩ་སྙིང་རྩ་མི་བདེ་དང་། །ལྷེན་སྣ་དག་ཏུ་འདྲིལ་ཞིང་ན། །མཆིན་པ་སྣད་པའི་མཚན་ཉིད་ནི། །རྩེའུ་ཆུང་རེངས་ཤིང་མཆན་འོག་ན། །ཐལ་གོང་ན་ཞིང་ལག་པ་ལྕི། །གློ་ལུ་སྣ་ཁྲག་འཛག་པ་དང་། །མཆིན་པ་འཕྱངས་པས་ལུས་མི་བདེ། །གློ་ལུ་མི་ཤེས་ཟས་མི་འདོད། །བྱད་སྨུག་རྔུལ་ཞིང་སྨྱོ་སྙིང་འདོད། །མཆིན་པ་སྣད་པའི་མཚན་ཉིད་དོ། །སོ་མ་རཱ་ཛ་ལས་མཆིན་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་སུམ་ཅུ་པའོ།། །།
དེ་ནས་མཆེར་ནད་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་གདོན་དང་རླུང་ཞུགས་དང་། །གྲང་བ་ཆུ་སྐྱུར་མ་ཞུ་བ་འོ། །དབྱེ་བ་གཉིས་ཏེ་སྦོས་དང་རླུགས། །སྦོས་པ་དག་ནི་མཚན་ཉིད་ནི། །བཞིན་སྔོ་སེར་ཞིང་མ་མཆུ་འཕྱང་། །གདོང་པ་ངོ་ཤིག་ཁ་ཤ་ཀློད། །མཆན་ཁུང་གཡོན་འཁྲིས་སྦོས་ནས་ན། །རྩིབ་ཐུང་གཡོན་པ་མནན་མི་བཟོད། །འཁྲུ་བ་ཆུ་མདོག་སྨུག་པོ་འཁྲུ། །མཆིལ་མ་ཚ་བྲོ་ཟས་མི་འཇུ། །དྲི་མ་རེས་འགགས་བསྡམས་ལ་སྦོ། །རླུགས་པ་དག་གི་མཚན་ཉིད་ནི། །ལུས་པོ་ལྕི་ཞིང་སྒྲེགས་པ་དང་། །ཕྱི་ས་མི་ཐུབ་མ་ཚོར་འཆོར། །དང་ག་མི་བདེ་ཤེད་ཆུང་ལྕི། །མཆེར་པའི་མཚན་ཉིད་བསྟན་པ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །
རྐྱེན་ནི་རླུང་དང་གྲང་བ་དང་། །ཆང་སྐྱུར་མ་ཞུ་བ་དག་གོ །དབྱེ་ན་རླུགས་དང་སྦོས་པ་འོ། །གསུས་པ་འཁྲོག་ཅིང་ཕྱི་ས་ནི། །མི་ཐུབ་སྒྲེགས་པ་རླུགས་པ་འོ། །བཞིན་སྔོ་ཁོང་ལྕི་ཕོ་བ་འཁྲོག །ཁ་ཤ་ལྷོད་ཅིང་མ་མཆུ་འཕྱང་། །མཆན་ཁུང་གཉིས་ནས་འཁྲིས་ནས་ན། །སྒྲེགས་པ་མང་ལ་ཕྲལ་ཕྲལ་འཁྲུ། །རེས་འགའ་དྲི་མ་སྡོམ་ཞིང་སྦོ། །གདོང་ལ་ངོ་ཤིག་ཡོད་པ་དང་། །གཡས་གཡོན་རྩིབ་ཐུང་མི་བཟོད་དང་། །སྦོས་པ་དག་གི་མཚན་ཉིད་དོ། །སོ་མ་རཱ་ཛ་ལས་མཆེར་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་སོ་གཅིག་པའོ།། །།
དེ་ནས་མཁལ་ནད་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ཏེ། །རྐྱེན་ནི་འཐེན་ཁུར་ཆེས་པ་དང་། །ཤ་ཆུང་རྐེད་པ་ཚིགས་པ་དང་། །མ་ཞུ་འདོད་ཆགས་དྲགས་པས་སོ། །དབྱེ་ན་གྲང་བ་འབའ་ཞིག་ལས། །མཁལ་སྐྲན་ཚིལ་བུ་འཁྱགས་པ་དང་། །འགྲམས་དང་མཁལ་མ་གྲུམ་བུ་དང་། །མཁལ་མ་སུརྱ་དག་དང་པོ། །མཁལ་རྐེད་ན་ཞིང་དཔྱི་མིག་བཤལ། །ཆུ་སྲི་བྱ་རྨྱང་བྱེད་སྙིང་འདོད། །མགོ་གཅུ་ཉལ་ནས་ལངས་མི་ཤེས། །ལྷུང་སྙམ་བྱེད་པ་སྐྲན་ཡིན་ནོ། །
ལུས་འགྱུར་མི་ཤེས་མཁལ་རྐེད་ན། །གླལ་དང་ལུད་པ་ལུ་བ་དང་། །སྦྲིད་འབྱུང་སྐད་ངན་འོང་བ་དང་། །ཆུ་ངན་ཁྲག་འོང་རྩ་མཁྲེས་སོ། །མཁལ་རྐེད་ན་ཞིང་རྐང་པ་སྦྲིད། །ཁོང་པ་འཁྲོག་ཅིང་ལུད་པ་དང་། །སྦྲིད་པ་ཙམ་ན་དཔྱི་མིག་ན། །ཚོང་རར་ཟུག་ཅིང་ན་བ་དང་། །ནམ་སྟོད་བདེ་ལ་ནམ་སྨད་ན། །མཁལ་མ་གྲུམ་བུའི་ནད་ཡིན་ནོ། །མཁལ་མ་སུརྱ་རྨ་འོང་སྟེ། །གློ་དང་མཆིན་པའི་སུརྱ་དང་། །རྨ་བྱུང་འབྲས་ཐབས་སྟོད་སྨད་བར། །གློ་དང་མཆིན་པ་མཁལ་མར་རོ། །སོ་མ་རཱ་ཛ་ལས་མཁལ་མའི་མཚན་ཉིད་བསྟན་པའི་ལུའི་སྟེ་སོ་གཉིས་པའོ།། །།
དེ་ནས་སྣོད་རྣམས་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་མི་འཕྲོད་ཟས་མང་ཟོས། །ངལ་དུབ་ཆུ་མང་འཐུངས་འཁྱགས་དང་། །གོས་སྲབ་གདོན་ལས་གྱུར་པ་དང་། །ཆུ་ལས་ནད་དུ་གྱུར་པ་འོ། །དབྱེ་ན་ཚ་བ་གྲང་བ་དང་། །འདྲེས་པ་དག་དང་རྙིང་པ་དང་། །གཞང་འབྲུམ་རྒྱུ་གཟེར་དག་དང་ངོ་། །སྤྱིར་ན་འཁྲོག་ཅིང་རྒྱུ་མ་སྨུག །ཚ་འཁྲུས་འཁྲོག་ཅིང་སྒྲ་མེད་འཁྲུ། །ཆུ་ནང་བཏང་བས་གཏིང་དུ་འགྲོ། །རླུང་ནི་ཚ་བས་འཁྲུ་བ་ནི། །སྒྲ་ཅན་ལྦུ་བ་དཀར་པོ་ཅན། །བད་ཀན་འཁྲུ་བ་བེ་སྣབས་ཅན། །ཟས་མདོག་མ་ཉམས་འཁྲུ་བ་འོ། །མཁྲིས་པས་འཁྲུ་བ་ཁ་དོག་སེར། །སྒྲ་མེད་སྲིན་བུ་ཕྲ་མོ་འོང་། །མཆིན་ཁྲག་དུད་ཁུ་འདྲ་བ་འོ། །
མཆེར་པ་སྦོ་ཞིང་སྒྲེགས་སྒྲ་ཅན། །ཚད་རྙིང་ཟས་ཀྱིས་སློང་བ་སྟེ། །ཁ་དོག་སྣ་ཚོགས་འཁྲུ་བ་དང་། །དམར་པོ་ཁྲག་ཏུ་འོང་བ་འོ། །གྲང་བས་གྲང་དང་རླན་ལ་འདུག །ཆུ་ནང་བཏང་བས་ཁ་རུ་འོང་། །འདྲེས་པ་ཟ་ཁུ་དུད་ཁུ་འདྲ། །རྒྱུ་མ་འཁྲིལ་ཞིང་འཁྲུ་བར་བྱེད། །ལྦུ་བ་ཅན་ནི་ཅུང་ཟད་འབྱུང་། །དབུགས་ཐུང་རྡུབ་ལ་དབུགས་ངར་དང་། །སྟོང་སྐྱུགས་བྱེད་དང་སྐོམ་དད་ཆེ། །ཐུང་འཕྲོག་གཅོད་ཅིང་མིག་ཁོང་འབྲོས། །རྒྱུ་གཟེར་ནད་ཀྱི་མཚན་ཉིད་ནི། །རྒྱུ་མ་སྨུག་ཅིང་རོ་སྟོད་གཟེར། །དང་ག་མི་བདེ་གཞང་ཕྱིར་ལུག །འཁྲུ་ན་གཟེར་ཞིང་ཁྲག་ཏུ་འོང་། །བྱིས་པ་རྒན་པོ་ཕལ་ཆེར་འཆི། །སོ་མ་རཱ་ཛ་ལས་རྒྱུ་ནད་མཚན་ཉིད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།
དེ་ནས་ཕོ་ནད་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་ཁ་ཟས་མི་འཕྲོད་དང་། །རླན་འདུག་མ་ཞུ་ཟས་མང་དང་། །སྐོམ་དད་བསིལ་མང་ཕོ་བའི་ནད། །སྒྲེགས་འོང་དང་ག་མི་བདེ་དང་། །མཆིལ་མས་ལྕེ་གཡོགས་ཁ་ཁ་ཞིང་། །ཟས་མི་ཞིམ་ལ་འཇུ་བ་དཀའ། །དབྱེ་ན་དཔག་ཏུ་མེད་པ་ལས། །བསྡུས་ན་རྣམ་པ་དྲུག་ཏུ་འདོད། །མ་ཞུ་བད་ཀན་ལས་གྱུར་དང་། །ཁྲག་ལྷག་པ་དང་དམུ་རྫིངས་དང་། །རྒུད་དང་རྙོང་བུ་དག་དང་ནི། །ཕོ་ལོག་གླང་ཐབས་དག་ལའོ། །བད་ཀན་དག་ལ་ལྷེན་དང་ནི། །སྨུག་དང་སེར་དང་དཀར་པོ་དང་། །བད་ཀན་ལྕགས་དྲེག་གྲང་བའི་སྐྲན། །ལྷེན་ནི་མ་ཞུ་དག་ལ་སྟེ། །བེ་སྣབས་དག་གིས་གང་བས་སོ། །སྨུག་པོ་མཆིན་ཁྲག་ཕོ་བར་ལྷུང་། །གམ་འཁྲུགས་རྙོངས་པ་དག་ལས་བྱུང་། །མཚན་ཉིད་ངོ་སྣུམ་དུད་ཀ་སྐྱུག །དང་ག་མི་བདེ་ལུས་ལྕི་འོ། །སེར་པོ་ཁྲག་མཁྲིས་ཕོ་བར་ལྷུང་། །མཚན་ཉིད་སེར་པོ་དག་ཏུ་སྐྱུག །སྐྱུགས་དཀའ་བཤོ་བ་ཤིན་ཏུ་དཀའ། །སྨུག་པོ་སྐྱུགས་དཀའ་ཤོར་ན་འཆི། །སྐྲན་ནི་བད་ཀན་འདྲིལ་བ་སྟེ། །ཕལ་ཆེར་བེ་སྣབས་འདྲིལ་བ་འོ། །ཕལ་ཆེར་སྐྲན་རྣམས་དེ་ལས་འབྱུང་། །དཀར་པོ་གྲང་བའི་སྐྲན་དང་ནི། །མཁྲང་ཞིང་འདྲིལ་སྐྲན་སྤུ་སྐྲན་དང་། །བད་ཀན་སྐྱ་བོའི་རླུང་སྐྲན་དང་། །བད་ཀན་སྐྱ་བོའི་ཞམ་སྐྲན་ནོ། །
གྲང་སྐྲན་རྒྱས་པའི་མཚན་ཉིད་ནི། །ཕོ་བ་གང་ནས་རང་རང་འོང་། །གྲང་ན་ན་ཞིང་ཆུ་ཚན་སྐྱུག །འགྲོ་ན་བདེ་བར་ཚོར་བ་འོ། །མ་ཞུ་བ་ཡི་གཏིང་སྐྲན་ནི། །མཁྲང་ཞིང་འགྱུར་བ་མཁྲང་བ་འོ། །སྤུ་ཡི་འདྲིལ་སྐྲན་འཕྱོ་བ་སྟེ། །ཤན་ཤན་རྨེན་བུ་འདྲ་བ་འོ། །བད་ཀན་སྐྱ་བོའི་རླུང་སྐྲན་ནི། །ལྟོ་སྣུམ་མི་གསལ་སྐྱ་ན་གསལ། །ཞམ་སྐྲན་དངོས་པོར་མི་གསལ་ཞིང་། །མདོག་དམར་འགྱུར་བས་འཁྲུ་ཞིང་སྐྱུག །གློ་ནད་ཕོ་བར་ལྷུང་པ་ནི། །ཕལ་ཆེར་སྐྱུགས་པ་དག་ཏུ་འགྱུར། །མཆིན་ནད་དག་ཀྱང་དེ་བཞིན་ནོ། །ཞམ་སྐྲན་ཟོ་སྤྲིན་ཆགས་པ་འདྲ། །མདོག་མ་འགྱུར་བས་ལུས་ཉམ་ཆུང་། །དབྱིགས་ལ་བྱུང་ན་འཆི་བ་འོ། །ཞམ་སྐྲན་དག་ནི་འཚོ་དཀའ་འོ། །
གཏིང་སྐྲན་དག་ལ་དཔྱད་མི་བྱ། །བྱས་ན་འཚོ་བ་རབ་ཏུ་དཀའ། །ཕོ་བ་དམུ་རྫིངས་དག་གིས་ནི། །ཕོ་ལོང་འཁྲོག་ཅིང་གང་བ་སྙམ། །སྦོ་ཞིང་གསུས་པ་གཉེར་མས་གང་། །རྐང་ལག་ཕྲ་བ་དག་ཏུ་འོ། །ཕོ་ལོང་གླང་ཐབས་མཚན་ཉིད་ནི། །ཁོང་སྤོས་ཕོ་ལོང་གཉིས་ཀྱི་རྩ། །ལྷང་ལྷང་འཕར་ཞིང་མི་བཟོད་དེ། །མྱུར་དུ་གླང་རེངས་མ་བཅོས་འགྱུར། །ཕོ་བ་རྙོང་བུའི་མཚན་ཉིད་ནི། །ཕོ་བ་རེས་ན་རེས་བདེ་བྱེད། །ཟས་ཀྱང་རེས་འཇུ་རེས་མི་འཇུ། །སྲོག་ཆགས་དོག་པ་བཅངས་འདྲ་འོང་། །ཕོ་བ་རྒུད་པའི་མཚན་ཉིད་ནི། །ཕོ་བ་གང་སྟེ་འཁྱགས་ཀྱང་རུང་། །ལྟོགས་ཀྱང་རུང་སྟེ་ན་བ་དང་། །ལྦུ་བར་སྐྱུག་ཅིང་ཆང་ཕན་ཏེ། །མཁལ་རྐེད་ན་ཞིང་ཟས་མི་འཇུ། །བཅུད་ཅན་གནོད་ཅིང་ཐང་མི་ཡོག །ཡང་བའི་ཟས་ནི་ཅུང་ཙམ་བདེ། །སོ་མ་རཱ་ཛ་ལས་ཕོ་བའི་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་སོ་བཞི་པའོ།། །།
དེ་ནས་མཁྲིས་པའི་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་ཁ་ཟས་རྩུབ་པ་དང་། །ངལ་དུབ་ཆང་མང་འཐུངས་པ་དང་། །ལུག་དང་འབྲི་ཞོ་མང་བ་ལས། །དབྱེ་བ་མཁྲིས་པ་ཤ་ཡ་དང་། །ཤ་སེར་དང་ནི་མིག་སེར་དང་། །རྐུན་བུ་རིམས་ཐབས་ན་བ་དང་། །རྩ་རྒྱུག་དང་ནི་ཆུ་འབྲུབ་དང་། །ཚ་བ་རྒྱས་པའི་རིགས་དག་གོ །ཤ་ཡ་དག་ལ་རིགས་གསུམ་ཡོད། །མེ་དབལ་ནག་པོའི་ཤ་ཡ་དང་། །ཤ་ཡ་ནག་དང་དཀར་བ་འོ། །མེ་དབལ་ཀླུ་ཡི་ནད་དག་སྟེ། །དཀར་པོ་ནག་པོ་དག་ཏུ་འོ། །ནག་པོ་ཆུར་སེར་ནག་པོའི་ནད། །ཤ་ཆེན་གདོང་ནག་སྣ་ཆུ་སེར། །དཀར་པོ་ཆུ་སེར་དཀར་པོའི་ནད། །སྐམ་མཛེ་ཤ་དག་སྐེམས་པ་འོ། །ཤ་ཡ་ནག་པོའི་མཚན་ཉིད་ནི། །ལུས་པོ་ཟ་ཞིང་ཐོར་པ་འོང་། །ཆུ་འམ་རྣག་ནི་ནག་པོར་འོང་། །སྐྲ་དང་སྨིན་མ་འབྱི་བ་འོ། །
ཤ་ཡ་དཀར་པོའི་མཚན་ཉིད་ནི། །ཟ་ཕྲུག་ཐོར་པ་དག་འོང་ངོ་། །བརྟོལ་བས་ཆུ་སེར་དཀར་པོ་འོང་། །ཤ་མདོག་སྔོ་ཞིང་བ་སྤུ་འཁྲུགས། །ལུས་དང་མིག་དང་སེན་མོ་སེར། །ཟ་ཞིང་ཤ་སྔོ་ཆུ་ཡང་སེར། །སེན་མོ་སེར་ནས་ནག་པོར་འགྲོ། །ཤ་སེར་རྒྱས་པ་ལྕི་བ་ཡིན། །མིག་སེར་སྐོམ་དད་ཆེ་བ་དང་། །དང་ག་མི་བདེ་བ་དང་ནི། །རེས་བདེ་རེས་ན་བྱེད་པ་ཡིན། །རྐུན་བུ་རིམས་ཐབས་དག་ཡིན་ནོ། །གམ་འཁྲུགས་མཁྲིས་པར་བབས་པ་ནི། །ཤ་ཆུང་མདོག་སྔོ་ཆུ་སེར་བ། །མཁྲིས་པ་དུག་ཐབས་ཞེས་བྱ་བ་འོ། །སྣ་གོང་ཅུང་ཙམ་རྔུལ་བ་དང་། །ཤ་རྣམས་སེར་ཞིང་རྩ་རྣམས་འཁྲུགས། །མཁྲིས་པ་རྩ་རྒྱུག་དག་ཡིན་ནོ། །སྒྲ་ནི་མེད་པར་སེར་པོར་འཁྲུ། །མཁྲིས་པས་རྒྱུ་མ་འཁྲུ་བ་འོ། །རིམས་ནི་མཁྲིས་པ་དག་ལས་འབྱུང་། །རྒྱུ་ནི་མ་མོ་ཁྲོས་པ་ཡིན། །རིམས་ཀྱིས་འཇུག་པས་རིམས་དག་གོ །
དང་པོར་བད་ཀན་དེ་ནས་མཁྲིས། །ཐ་མར་རླུང་དེ་ལོག་ན་ལྕི། །དབྱེ་ན་རླུང་དང་བད་ཀན་དང་། །མཁྲིས་པ་དག་དང་ལྡན་པ་དང་། །འདུས་པ་དང་ནི་འདར་བུ་དང་། །རྨོང་བུ་ལེ་བརྒན་དག་གི་ནད། །རླུང་གི་མཚན་ཉིད་གྲང་ཤུམ་བྱེད། །རྣ་བ་འུར་ཚབས་ཆེ་བ་དང་། །བླ་ཅོལ་མང་ཞིང་སྐོམ་དད་ཆུང་། །ཕྱི་ཡི་ཚ་བ་ཆེ་བ་འོ། །བད་ཀན་མཚན་ཉིད་ལུས་ལྕི་ཞིང་། །དང་ག་མི་བདེ་གཉིད་མི་ཐུབ། །ལྕེ་སྐམ་ཁ་སྐམ་ལུད་པ་ཆེ། །མཁྲིས་པ་དག་གི་མཚན་ཉིད་ནི། །ལྕེ་སེར་མིག་ཡང་སེར་བ་དང་། །ལུས་ཚ་དང་ག་ཅུང་ཙམ་བདེ། །སྐམ་ཞིང་ཁ་ནི་ཁ་བ་འོ། །འདར་བུ་དག་གི་མཚན་ཉིད་ནི། །ལུས་པོ་འདར་ཞིང་འཁྲུ་བ་འོ། །རྨོང་བུ་གཉིས་ཏེ་དཀར་ནག་གོ །
ནག་པོ་ན་ཚ་མེད་པར་བྱིང་། །ཁ་སྣ་ནས་ནི་ཆུ་ཚན་འཛག །ལུས་ནི་ཤིན་ཏུ་ལྕི་བ་འོ། །དཀར་པོ་འཁྲུགས་ཤིང་ཡང་ཡང་སྐྱོར། །དྲན་པ་མི་གསལ་བླ་ཅོལ་སྨྲ། །ལེ་བརྒན་དག་གི་མཚན་ཉིད་ནི། །གློ་ཁྲག་མཆིན་ཁྲག་རྒྱས་པར་འཛག །མཆིན་པའི་ཁྲག་ནག་ཐིགས་ཐིགས་འོང་། །གློ་ཁྲག་དམར་ཞིང་ཅུར་གྱིས་འོང་། །ལྡན་པའི་ནད་ཀྱི་མཚན་ཉིད་ནི། །མགོ་ན་དང་ག་མི་བདེ་རུ་ཤིང་ན། །གྲང་ཤུམ་བྱེད་ཅིང་གཉིད་མི་ཐུབ། །བད་མཁྲིས་གཉིས་དང་ལྡན་པ་འོ། །འདུས་པའི་མཁྲིས་པ་མགོ་དང་ནི། །རུ་ཤིང་ན་ཞིང་མིག་སྤྲིན་སེར། །བད་ཀན་དང་ག་མི་བདེ་ཞིང་། །གྲང་ཤུམ་བྱེད་ཅིང་ལུས་པོ་ལྕི། །ཚིགས་ན་གཉིད་མེད་བླ་ཅོལ་སྨྲ། །སྐོམ་དད་ཆུང་སྟེ་འདུས་པ་འོ། །དང་པོར་མཁྲིས་དང་རླུང་འདུས་ཏེ། །གཉིས་པར་བད་ཀན་རླུང་གཉིས་འདུས། །གསུམ་པར་བད་རླུང་མཁྲིས་པར་འདུས། །སྨིན་པའི་དུས་ནི་ལྔ་ལ་མཁྲིས། །བདུན་ལ་བད་ཀན་སྨིན་པ་འོ། །བཅུ་ནས་བཅུ་གཅིག་རླུང་ནད་སྨིན། །བཅུ་དང་བཅུ་གཅིག་ཐང་མི་ཆད། །རིམ་གྱིས་འཇུག་པས་རིམས་ཞེས་གྲགས། །རྒྱས་དང་སྟོང་དང་གབ་པ་སྟེ། །རྒྱས་པ་ཕྱི་ནང་མེད་པར་ཚ། །སྟོང་པ་ཕྱི་ཚ་ནང་ནི་གྲང་། །ལོང་ཕུགས་མཛུབ་མོ་བཅུག་པ་འདྲ། །གབ་ཚད་གྲང་ཤུམ་བྱས་ནས་ལྡང་། །སོ་མ་རཱ་ཛ་ལས་མཁྲིས་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་སོ་ལྔ་པའོ།། །།
དེ་ནས་ལོང་ནད་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་དང་། །རྐྱེན་ནི་དྲི་ཆེན་དྲི་ཆུ་བསྡམས། །དུག་མིན་གྲང་ནད་བད་ཀན་ནོ། །དབྱེ་ན་ལོང་ནད་རྟུག་སྐམ་དང་། །རླུང་ནི་གྱེན་དུ་ལོག་པ་དང་། །ལོང་ནད་ཚ་བ་འཇུ་སྐེམ་དང་། །ལོང་ནད་ཆུ་སེར་རླན་ཅན་ནོ། །རྟུག་སྐམ་དག་ལ་རྣམ་པ་བཞི། །རླུང་གི་རྟུག་སྐམ་མི་ཕྱིན་ཞིང་། །མདོག་དཀར་བྲུ་ལུ་དག་ཏུ་འོང་། །བད་ཀན་རྟུག་སྐམ་མདོག་དཀར་ཞིང་། །བེ་སྣབས་དག་གིས་གཏུམས་ནས་འོང་། །མཁྲིས་པའི་རྟུག་སྐམ་མདོག་ནག་ལ། །སྐམ་ཞིང་ཕག་གི་རིལ་མ་འདྲ། །རིམས་དང་ཚ་བའི་རྟུག་སྐམ་ནི། །སྐམ་ལ་ཆུང་བ་དག་ཏུ་འོང་། །རླུང་ནི་གྱེན་དུ་ལོག་པ་ལ། །བད་ཀན་གྱིས་ལོག་ཕོ་བ་ཡི། །རྩ་གཉིས་འདར་ཞིང་འཁྲོག་པ་འོ། །
རླུང་རང་རྒྱས་པས་ལོག་པ་ནི། །ལྟེ་བ་ནས་ནི་འུར་འུར་འོང་། །ཕྱི་དྲོ་སྦོ་ཞིང་འཁྲོག་པ་དང་། །ཤ་མདངས་བར་ཡང་སྦོ་བ་འོ། །ལོང་ནད་ཚ་བའི་མཚན་ཉིད་ནི། །འཁྲོག་ཅིང་རྔུལ་ཆེ་སྐམ་པ་དང་། །ཁ་མཚུལ་སྐམ་ཞིང་སྨྲ་ཉམ་ཆུང་། །དྲི་མ་འགག་པ་དག་གིན་ནོ། །ལོང་ནད་ཆུ་སེར་ཀླད་ཟ་ཞིང་། །ཁོང་སྨུག་འཁྲུ་ཞིང་གཞང་ཁ་ཚ། །ལོང་ནད་རྟུག་སྐམ་མཚན་ཉིད་ནི། །འཁྲོག་ཅིང་ཁོང་ལྕི་ཉམ་ཆུང་སྟེ། །སྟོད་ལྕི་གཞུང་རེངས་སྐད་ངན་ལྡང་། །དགུ་རུར་འགྲོ་ཞིང་ངོ་མི་ཤེས། །སོ་མ་རཱ་ཛ་ལས་ལོང་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་སོ་དྲུག་པའོ།། །།
དེ་ནས་ལྒང་ལྤགས་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་གསེག་མ་ས་བོན་དང་། །ཕལ་ཆེར་ཁྲག་ངན་ལྷུང་བ་འོ། །དབྱེ་ན་ཆུ་དང་རྡེའུ་ནད་དོ། །ལྒང་ལྤགས་ལོག་པས་སྡོམ་པ་དང་། །ལས་དང་དྲག་ཤུལ་ཚ་བས་སྡོམ། །མཁལ་མར་ནད་ཞུགས་གྲང་བས་སྡོམ། །རྡེའུ་ཕལ་ཆེར་ཀུ་ཡ་དང་། །ས་བོན་འདྲེས་པས་འདྲིལ་བ་འོ། །སྤུ་ཡིས་འདྲིལ་བ་བག་འགའ་ཙམ། །རྡེའུ་ཕལ་ཆེར་ཕྲད་པ་དཀོན། །ས་བོན་དག་ལ་རྡེའུར་འགྲོ། །ཆུང་བ་སྐབས་སུ་སྡོམ་པ་སྟེ། །ཆེར་སྐྱེས་རྟག་ཏུ་སྡོམ་པ་འོ། །
དང་པོ་ས་བོན་གནས་ལོག་པས། །ཆུ་དམར་ཀུ་ཡ་འདྲེས་པ་འོ། །དེ་ལ་ཀུ་ཡ་ཆགས་པ་ཡིས། །ཇེ་ཆེ་ཇེ་ཆེར་འཕེལ་བར་བྱེད། །ནང་གི་ཤ་རྡེའུ་དག་ཀྱང་སྲིད། །ཆུ་རྩ་མཉེས་པས་རྣག་ཏུ་འོང་། །འགྲོས་གྱལ་ཤ་ཆུང་དག་ཡིན་ཏེ། །རྡེའུ་འདྲིལ་ནས་ཆུ་སྡོམ་པ། །རྡེའུ་སྤྱི་ཡི་མཚན་ཉིད་དོ། །ཁྱད་པར་འདྲེ་རྡེའུ་ཆེ་ཆུང་བྱེད། །ལྟོ་སྐྱ་ན་བ་རླུང་ཡིན་ཏེ། །བད་ཀན་ཆེ་བས་ཆུ་སྐྱ་འོང་། །མཁྲིས་པའི་རྡེའུ་ཟུག་གཟེར་ཆེ། །སྤུ་འདྲིལ་རྡེའུ་ཆུ་དམར་ནག །རྡེའུ་ཆེ་ཆུང་བྱེད་པ་འོ། །སོ་མ་རཱ་ཛ་ལས་ལྒང་ལྤགས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་སོ་བདུན་པའོ།། །།
དེ་ནས་བསམ་སེའུ་མཚན་ཉིད་ནི། །སྐྱེས་པའི་མངལ་ནི་རྐྱང་པར་གནས། །བུད་མེད་མངལ་ནི་ཁུག་པར་རོ། །མཁལ་མ་གཡོན་ནས་ལྟེ་བར་འཁོར། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་ས་བོན་ཁྲག་གི་ནད། །དབྱེ་ན་ཐུན་མོང་ཁྱད་པར་རོ། །རླུང་འཕྱོ་དང་ནི་ཆུ་ཚན་དང་། །ཆུ་སེར་གྲང་རྒུད་ཚད་ནད་དོ། །རླུང་འཕྱོ་དབུགས་མི་ཐོན་ཞིང་སྡོམ། །འདར་ལ་མི་དད་ཆུང་བ་འོ། །ཆུ་ཚན་ཤེད་ནི་ཆུང་བ་དང་། །ཁ་ནས་ཆུ་ཚན་སྐྱུགས་པ་དང་། །ཆུ་སེར་ཁོང་སྐམ་ཤ་ཡང་འབྲོས། །རྐང་གྲུམ་སྨད་འཕྱེས་རྗེ་ངར་རྨ། །གྲང་རྒུད་ཁོང་ལྕི་ཟས་མི་འདོད། །ཁོང་ནས་སྒྲེགས་ཤིང་ཟས་མི་འཇུ། །ཤ་ཆུང་མདོག་ནི་ནག་པ་འོ། །བུད་མེད་སུམ་ཅུ་རྩ་དྲུག་སྟེ། །སྟོད་དང་སྨད་ཀྱི་ནད་དག་གོ །སྟོད་ལ་ཁྲག་དང་རླུང་འདྲེས་དང་། །སྟོད་དུ་ཁྲག་དང་ཆུ་སེར་འཐབས། །སྨད་དུ་ཁྲག་ཞམ་ལུས་པ་དང་། །སྐྱེས་པའི་ས་བོན་ཁྲག་ཆགས་དང་། །སྨད་ཀྱི་ཁྲག་དག་མི་ཐུབ་དང་། །མངལ་དུ་རླུང་ཞུགས་བུ་མི་ཆགས། །བུ་སྣོད་ལུག་དང་ཤ་མ་འཐོགས། །བུ་དག་མངལ་དུ་ལུས་པ་དང་། །ཁྲག་ནི་སྐྱེ་བས་མི་ཕྱིན་པའོ། །
ཁྲག་དང་རླུང་འདྲེས་མཚན་ཉིད་ནི། །ཟ་ཞིང་ཐོར་པ་རྨེ་རུ་འོང་། །ཡང་ན་སྐྱ་རྦབ་དག་ཏུ་འགྲོ། །སྨིན་མ་འབྱི་ཞིང་ཡན་ལག་འཁུམས། །ཡང་ན་འབོག་དང་སྙིང་རླུང་དང་། །སྨྱོ་འབོག་དག་ཏུ་འགྲོ་བ་འོ། །སྨད་དུ་ཁྲག་ཞམ་ལུས་པ་ནི། །ཤ་སྐམ་རྐེད་པ་འཁྱོགས་པ་དང་། །མངལ་ནས་ཆུ་སེར་འཛག་པ་དང་། །རོ་སྨད་འཕྱེས་ནས་རྐང་པ་བཤལ། །སྐྱེས་པའི་མངལ་ལ་ཁྲག་ཆགས་པ། །ཤ་སྐམ་མདོག་སྔོ་བཀྲག་ཉམས་སོ། །དེ་ནི་བུས་པ་མ་སྨིན་པའོ། །ཡང་ན་ཁོང་དུ་ཤི་བ་ཡིན། །མངལ་ཁྲག་མི་ཐུབ་འཛག་པ་ནི། །མདངས་ཤོར་ཁ་ལྕེ་སྐམ་པ་འོ། །མངལ་དུ་རླུང་ཞུགས་བུ་མི་ཆགས། །ས་བོན་བུས་པ་མི་འགྲོ་ཞིང་། །ཟླ་མཚན་ས་བོན་ཕྱིར་ལུག་གོ །ཡང་ན་སྦོ་ཞིང་འཁྲོག་པ་འོ། །བུ་སྣོད་བྱུང་ནས་ཆུ་སེར་འཛག །ཤ་མ་ནང་ལུས་རྣག་ཆུ་འཛག །བུས་པ་ཤི་ནས་མངལ་དུ་ལུས། །གདོང་སྣུམ་དང་ག་མི་བདེ་ཞིང་། །ཁྲག་སྐྲན་ལྟོ་བར་མཁྲང་བ་དང་། །ཤ་ཆུང་ཟུག་གཟེར་ཆེ་བ་འོ། །
བུས་པ་མ་ཕྱིན་འཐོགས་པ་ན། །མགོ་ཞབས་ལོག་དང་ཡན་ལག་འཐོགས། །ཟླ་བ་ལྷག་པས་འཐོགས་པ་དང་། ཁོང་དུ་འཆི་བས་འཐོགས་པ་དང་། །སྟོད་དུ་རླུང་དང་ཆུ་སེར་གྱིས། །མཛེ་ནད་དག་ཏུ་འགྱུར་བ་འོ། །བར་ཚབས་བད་ཀན་སྐྲན་དུ་འོ། །སྨད་ཚབས་རླུང་མཁྲིས་བུ་ཆད་དོ། །སྐྱེས་པའི་ས་བོན་དྲག་ཏུ་སྟེ། །ཕྱུང་དྲག་(བུད་མེད་ཁྲག་འཛག་དང་འདྲ)ཐུན་མོང་དག་ཏུ་འོ། །མེ་དྲག་ས་བོན་ནད་དང་ནི། །སྦྲིད་ཅིང་ལུས་ཤ་བེམ་བ་དང་། །ཕྱུང་དྲག་ཤིན་ཏུ་ན་བ་འོ། །དཀར་དང་རི་དྭགས་སྤུ་དག་དང་། །དྲག་པོ་ཀུན་ཏུ་བྲིད་པ་འོ། །སོ་མ་རཱ་ཛ་ལས་བསམ་སེའུའི་མཚན་ཉིད་བསྟན་པའི་ལེའུ་སྟེ་སོ་བརྒྱད་པའོ།། །།
དེ་ནས་འཁྲུ་བ་བསྟན་པ་ནི། །འཁྲུ་བའི་མདོག་ལ་རྣམ་པ་གཉིས། །ལར་ནི་ཚ་འཁྲུ་གྲང་འཁྲུ་འོ། །རྩམ་པར་འཁྲུ་དང་ལྦུ་བར་འཁྲུ། །ཆུར་འཁྲུ་གསུམ་པོ་གྲོང་བ་ཡིན། །རྩ་དང་ཕྱི་ཡུལ་གྲང་བས་སོ། །ཕོ་བ་ཧྲེམ་ལ་སྦོ་ཞིང་འཁྲོག །འབྱུང་དྲགས་ཆོམ་སྒྲ་ཆེ་བ་དང་། །ཟས་མདོག་མ་འགྱུར་འཁྲུ་བ་དང་། །སེར་པོར་འཁྲུ་དང་ཁྲག་ཏུ་འཁྲུ། །ཤོག་འཁྲུ་གསུམ་ནི་ཚ་བ་ཡིན། །རྩ་དང་ཕྱི་ཡུལ་ཚ་བར་འོང་། །ཆང་སྐྱུར་རུལ་སུངས་ཤ་རིད་དང་། །ཉ་ལ་སོགས་པ་ཟོས་མ་གྱུར། །རྐྱེན་ནི་མ་ཞུ་བ་ལས་བྱུང་། ཁྱད་པར་མཆིན་པ་ཚ་འཁྲུ་དང་། །མཆིན་པ་གྲང་བས་འཁྲུ་བ་འོ། །ཕོ་བ་ཚ་འཁྲུ་གྲང་འཁྲུ་དང་། །ལོང་ནི་ཚ་འཁྲུ་གྲང་འཁྲུ་དང་། །མཁྲིས་པ་དག་གི་ཚ་འཁྲུ་དང་། །བད་ཀན་གྲང་བས་འཁྲུ་བ་དང་། །རླུང་གིས་འཁྲུ་དང་རྒྱུ་གཟེར་དང་། །དྲེག་ཆགས་རྒྱུན་དུ་འཁྲུ་བ་འོ། །
རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་མ་ཞུ་བ་དག་སྟེ། །མཁྲིས་པ་དང་བསྡོངས་ཚ་བས་འཁྲུ། །བད་ཀན་དང་བསྡོངས་གྲང་བས་འཁྲུ། །རླུང་ནི་ཀུན་དང་བསྡོངས་པ་འོ། །མཆིན་པ་ཚ་འཁྲུ་ལུས་ལྕི་ཞིང་། །རྙོངས་འདོད་ཕོ་མཆིན་ན་བ་དང་། །ལྡང་ལྡུབ་བྱེད་ཅིང་བག་རེ་ཆད། །མདོག་ནི་ལ་ཆའི་ཁུ་བ་འདྲ། །རྩིབ་ཐུང་གུས་གཡོན་ན་བ་དང་། །སྣ་ལ་སྐྱུར་མོ་མནམ་ན་འཆི། །གྲང་འཁྲུ་དག་ནི་འཚོ་བ་སྟེ། ཁོང་སྦོ་སྨུག་ལ་ཁོང་ཚད་ཆུང་། །སྐོམ་དད་ཆེ་ལ་ཀོ་མ་ཡི། །ཆུ་འདྲ་ཤ་འདྲ་ནར་ནུར་འཁྲུ། །ཕོ་བའི་ཚ་འཁྲུ་ཕོ་བ་སྨུག །ཤ་བཙོས་ཁུ་འདྲ་ཀོ་རུལ་མནམ། །སྐབས་སུ་རྩམ་པ་དག་ཏུ་འཁྲུ། །རེས་འགའ་བེ་སྣབས་དག་ཏུ་འཁྲུ། །གྲང་འཁྲུ་ཟས་ཟོས་སྐྱུག་ཅིང་འཁྲུ། །མདོག་དཀར་ལང་ལིང་ཀོ་ཆུ་འདྲ། །ལོང་ནི་ཚ་འཁྲུ་ཁྲག་ཏུ་འཁྲུ། །འབྱུང་དཀར་འཁྲོག་ཅིང་ན་བ་སྟེ། །བྱེའུ་ཀླད་འཁྲུ་བ་རླུང་དང་བསྡོངས། །མཁྲིས་པ་སྣ་ཚོགས་དག་ཏུ་འཁྲུ། །གྲང་འཁྲུ་ན་ཚ་ཆེ་ལ་འཁྲོག །སེར་པོ་ལྦུ་བ་ཅན་དུ་འཁྲུ། །སྟོད་གཟེར་མཁལ་རྐེད་ན་བ་སྟེ། །མདོ་ལོང་དག་ཏུ་རྔུལ་བ་འོང་། །བོལ་གོང་དག་ཏུ་ལྷུང་བ་འོ། །མཁྲིས་པ་དག་ནི་ཚ་བས་འཁྲུ། །སྒྲ་མེད་སེར་ཞིང་ན་ཚ་ཆུང་། །བད་ཀན་གྲང་འཁྲུ་བེ་སྣབས་ཏེ། །ཟས་མདོག་ཀོ་རུལ་མནམ་པ་འོ། །
རླུང་ནི་འཁྲོག་ཅིང་དབུགས་ཡང་ཆེ། །འུར་སྒྲ་ཆེ་ལ་ལུས་ཀྱང་ལྕི། །རྒྱུ་གཟེར་སྟོད་གཟེར་ཚིགས་བཞི་ན། །ལྷག་པར་འོང་ཀ་ན་ཚ་ཆེ། །མདོག་ཀྱང་ཕལ་ཆེར་ཁྲག་ཏུ་འོང་། །ཚིལ་བུ་འབྱུང་བ་དག་ཀྱང་ཡོད། །ཟ་ཁུ་ཅན་ནི་ཕོ་བ་སྦོ། །ཕོ་བ་ཟས་འཁྲུ་ལོང་ནི་སེར། །རྒྱུ་མ་སྣ་ཚོགས་དག་ཏུ་འཁྲུ། །ཚ་འཁྲུ་ཆུ་ནང་བཏང་ན་ལྕི། །གྲང་འཁྲུ་ཆུ་ནང་བཏང་ན་ཡང་། །མཁྲིས་པས་འཁྲུ་བའི་མཚན་ཉིད་ནི། །ཁོང་པ་སྨུག་ལ་གཞང་ཁ་ཚ། །ཤིན་ཏུ་སླ་ལ་སེར་རམ་སྔོ། །ཁྲག་གིས་འཁྲུ་བའི་མཚན་ཉིད་ནི། །དམར་ལ་ཚ་ཞིང་སྨུག་སྨུག་འཁྲུ། །སེར་སེར་རེས་དམར་རེས་འགའ་དཀར། །གྲང་བས་འཁྲུ་བའི་མཚན་ཉིད་ནི། །ལྟོ་ཚོད་མ་བཟུང་འགྲངས་པ་དང་། །སྣུམ་ལྕི་བཅུད་ཅན་དྲགས་པས་འགྱུར། །སོ་མ་རཱ་ཛ་ལས་འཁྲུ་བའི་མཚན་ཉད་བསྟན་པའི་ལེའུ་སྟེ་སོ་དགུ་པའོ།། །།
དེ་ནས་མ་ཞུའི་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་དྭངས་མ་སྙིགས་མ་ལས། །དྭངས་མ་མར་དང་ཚིལ་དང་ཞག །རྐང་མར་མར་ཁུ་ཆང་དག་གོ །སྙིགས་མ་བཅུད་མེད་སྦང་མ་དང་། །ལོ་བཤུར་ཤ་ནི་བཅུད་མེད་སོགས། །དེ་ལྟར་དབྱེ་ན་རྣམ་པ་གཉིས། །དྭངས་མ་མ་ཞུ་གློ་མཆིན་དང་། །ཀླད་པའི་རྩ་ལ་རྒྱུག་སྟེ་ན། །ཚིགས་དང་མཆིན་དྲི་འཁོར་བ་དང་། །དང་ག་མི་བདེ་ཉམས་སྟོབས་བྲི། །གློ་མཆིན་ཆུ་ཤོར་དམུ་དང་སྐྲན། །མགོ་དང་སྟོད་དང་རླངས་འཁྱིམས་པའོ། །སྙིགས་མ་མ་ཞུ་ཕོ་ལོང་ནད། །ཕོ་བ་ལྟར་ལྟར་ལྟར་རུས་མིག་ན། །མིག་མི་ཐེག་ཅིང་འཁྲུ་བ་འོ། །དྭངས་སྙིགས་གཉིས་ཀ་མ་ཞུ་བ། །ཆུ་སྡོམ་ཆུ་དག་སྲི་བ་འོ། །སྙིགས་མ་སྔོ་སྦང་ཁུ་བ་དང་། །མ་ཞུ་སྦོ་ཞིང་ལྟག་མིག་ལྟ། །མཁལ་རྐེད་ན་ཞིང་རྐང་པ་བཤལ། །ཕོ་སྟོད་གྲིམས་ཞིང་སྐྱུགས་པ་དང་། །འགྲོས་དྲགས་པས་ནི་ན་བ་སྟེ། །བཅུད་མེད་མ་ཞུ་ཤ་མདོག་སྔོ། །མིག་རུས་ན་ཞིང་ཁོང་ནས་སྒྲེགས། །སོ་དང་ལག་མཐིལ་དྲགས་པ་ཆགས། ཁོང་ལྕི་གསུས་དམ་སྐོམ་དད་ཆེ། །མིག་དཀར་མཆུ་ལ་སེར་ཀ་འོང་། །རེས་འགའ་དག་ནི་བཤལ་བ་འོ། །
ཆུ་དང་ཆང་དག་མ་ཞུ་ན། །ཕོ་བ་གྲང་ལ་སྒྲེགས་པ་མང་། །ཁོང་སྦོས་གསུས་པ་འདྲིལ་བ་དང་། །སྐམ་ཞིང་ཁ་ལྕེ་སྐམ་པ་དང་། །མཆུ་དང་ལག་མཐིལ་དྲགས་པ་ཆགས། །ཕོ་བར་དྲགས་ཆགས་རྐང་ལག་ཕྲ། །མིག་འབུར་ཤ་ཆུང་སྒྲེགས་པ་དང་། །མིག་སྤྲིན་དག་ཀྱང་སེར་བ་དང་། །དེ་ལ་གྲང་བཅོས་དྲོད་མི་གཏོང་། །མིག་དཀར་ལྦུ་བ་དཀར་པོ་སྐྱུགས། །དེ་ནི་དྲོད་བཅོས་དག་གིས་བྱ། །རྩམ་པ་མ་ཞུ་ཁོང་སྦོས་སྒྲེགས། །སྐྱུག་ཅིང་ཡང་ན་འཁྲུ་བ་འོ། །བཅུད་མ་ཞུ་བ་ཕོ་བ་སྦོ། །མོད་མདོར་འཁྱལ་ཞིང་ཁྲག་དག་འོང་། །ཟས་གང་ཕོ་བར་མ་ཞུ་བས། །འོར་དུ་ལྷུང་ན་ཁོང་ཉམ་ཆུང་། །དཔྱི་མིག་ཡན་ཆད་ཚིགས་བཞི་ན། །མཁལ་རྐེད་ན་ཞིང་ཆུ་ཡང་སྲི། །སོ་མ་རཱ་ཛ་ལས་མ་ཞུའི་མཚན་ཉིད་བསྟན་པའི་ལེའུ་སྟེ་བཞི་བཅུ་པའོ།། །།
དེ་ནས་མ་ཞུ་བ་ཡི་སྐྲན། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་དྭངས་མ་སྙིགས་མ་དང་། །གསག་མ་སྤུ་དག་འདྲིལ་བ་དང་། །སྐྱུགས་པ་ནང་ལོག་ཕྱིར་མ་འཕྲོ། །དབྱེ་ན་མཆིན་སྐྲན་གློ་ཡི་སྐྲན། །ཕོ་སྐྲན་ལོང་སྐྲན་མཁལ་མའི་སྐྲན། །བསམ་སེའུ་སྣོད་ཀྱི་སྐྲན་དག་སྟེ། །མཆིན་སྐྲན་སྟོད་གཟེར་ཟས་མི་འཇུ། །གཡས་ངོས་ཤིན་ཏུ་མཁྲང་བ་སྟེ། །མཆིན་དྲིའི་སྐྲན་ནི་ཁ་ཁ་སྟེ། །གློ་ལུ་གཟེར་བས་ཉལ་མི་ཤེས། །གློ་སྐྲན་སྟོད་གཟེར་རྣག་ཏུ་འོང་། །གློ་ཡི་སྐོགས་འོང་གློ་འགོག་དཀའ། །ཕོ་བའི་གྲང་སྐྲན་རྒྱས་པ་ནི། །གྲང་ན་ན་ཞིང་རང་རང་འོང་། །ཞམ་སྐྲན་ཟས་ནི་སྐྱུག་ཅིང་འཁྲུ། །ཟས་མདོག་མ་ཉམས་མྱུར་དུ་འོང་། །རླུང་སྐྲན་ལྟོ་ནི་སྐྱ་ན་ན། །སྤུ་ཡི་འདྲིལ་སྐྲན་ཤིན་ཏུ་མཁྲང་། །བད་ཀན་གཏིང་སྐྲན་གནས་འཕོ་སྟེ། །ཕྱི་ཡི་མཚན་ཉིད་ལག་མཐིལ་དང་། །རྐང་མཐིལ་དག་ཏུ་དྲེག་པ་ཆགས། །ཁ་ནས་ལྦུ་བ་ནར་ནུར་སྐྱུགས། །ཤ་ཆུང་མཁུར་ཚོས་སྨུག་པ་སྟེ། །སྒྲེགས་ཤིང་ཕོ་བ་འདྲིལ་བ་དང་། །ཆུ་སྡོམ་དྲི་མ་ལྷག་ལུས་སྐམ། །ལོང་སྐྲན་གསུས་པ་ཆེ་བར་མངོན། །ལྟེ་བའི་ལྷག་དང་ལྐོག་ཏུ་མཁྲང་། །ཕོ་བའི་དཀྱིལ་དུ་ལྷག་པར་མཁྲང་། །རྩིབ་ལོགས་རྐང་ཞབས་འཐེན་པ་འདྲ། །འཁྲུ་བ་དག་ཏུ་འོང་བ་སྟེ། །མདོ་ལོང་མི་བཟོད་གླང་དུ་འོང་། །མཁལ་སྐྲན་སྨད་ཀྱི་ལུས་བརྟོལ་འདྲ། །ལུས་སྒུར་ཤ་ཆུང་མདོག་སྔོ་ཞིང་། །དཔྱི་མིག་གཟེར་ཞིང་རྐང་པ་བཤལ། །སྒུལ་ཞིང་འཕྱེས་པ་དག་ཏུ་འོ། །བསམ་སེའུ་སྐྲན་ནི་སྲིད་ལ་གནོད། །དགྱེ་དགུ་མི་ཤེས་ལྟེ་བ་མཁྲང་། །ས་བོན་སྐབས་ནས་རྔུལ་ཁ་སྙི། །གསུས་པ་ཆེ་ཞིང་ཡན་ལག་ཕྲ། །གཞང་ཁ་སྡོམ་པ་དག་ཏུ་འོ། །བསམ་སེའུ་དག་ནི་ལུས་ཟུངས་ཡིན། །དེ་ལ་སྐྲན་ཞུགས་ང་ན་པ་འོ། །སོ་མ་རཱ་ཛ་ལས་སྐྲན་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་གཅིག་པའོ།། །།
དེ་ནས་འབྲས་དང་སུརྱ་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་མི་གཙང་ཀླུ་ཡི་ནད། །ཚ་དང་ལུས་ཀྱི་དྲག་ཤུལ་དང་། །རིམས་ཀྱི་ཚ་བ་བཅག་མ་ལེགས། །སྣད་དང་འཐེམས་ལས་བྱུང་བ་དང་། །ཤ་སུངས་ཆང་དག་འཐུངས་ལས་བྱུང་། །ཤ་འབྲས་རྩ་འབྲས་རུས་འབྲས་དང་། །འདྲེ་འབྲས་ཁྲག་འབྲས་རླུང་འབྲས་སོ། །ཤ་འབྲས་ཤིན་ཏུ་མཁྲང་བར་སྐྲངས། །ཉུངས་གཤེར་དང་འདྲ་ངེས་པ་མེད། །རྩ་འབྲས་རྩ་དང་ཉེ་བར་སྐྲངས། །ཕལ་ཆེར་སྐེ་དང་ཡན་ལག་གོ །
རུས་ལྐོག་མ་བྲང་རུས་དང་། །སྣ་དང་ཁྲུམ་ཁྲུམ་པུས་མོ་དང་། །ཕལ་ཆེར་དེ་རྣམས་དག་ཏུ་འོ། །ཆུ་བ་ལ་ཟིན་བཅོས་པར་དཀའ། །འདྲེ་འབྲས་དག་ལ་ངེས་པ་མེད། །ཁྲག་འབྲས་གཏར་ཁ་དོ་མ་སྙོམས། །རུས་འབྲས་སོ་དང་རུས་པ་ལ། །ཤ་འབྲས་མཛེར་པ་བཅད་པ་འདྲ། །རྩ་འབྲས་ལ་ཡང་གཉིས་ཡོད་དེ། །སྟོན་ཟླ་བཞིན་དུ་འཕྲོ་བ་དང་། །རྩ་འབྲས་ཤ་ཤ་རྨེན་བུ་འདྲ། །རུས་འབྲས་སྤང་ལ་ཕུར་བཏབ་འདྲ། །རུས་པ་ཤིང་ལ་འབུས་ཟོས་འདྲ། །སུརྱ་གློ་དང་མཆིན་པ་དང་། །ཕོ་བ་མཁལ་མ་ལོང་དག་དང་། །གློ་ནི་བྲང་ངམ་མཆན་ཁུང་ངམ། །སྐེ་ལ་རྨ་བྱུང་འཕོ་བ་ཡིན། །སྟོད་གཟེར་ལག་པ་སྦྲིད་པ་དང་། །རྣག་ཀྱང་ཤེ་རུལ་དུད་ཁུ་འོང་། །
ཡང་ན་ཁུ་ཚིག་ཅན་དུ་འོང་། །རྨ་ནི་གཞན་དུ་མི་འཕོ་འོ། །མཆིན་པའི་རྩིབ་ཐུང་མཆིན་པའི་ཐད། །སྟོད་གཟེར་མཆིན་པའི་ཐད་ཀར་སྐྲངས། །མི་བཟོད་བརྟོལ་ན་མནམ་ཁུ་ཆེ། །བུག་པ་གཏིང་རེངས་ཆུ་སེར་བབས། །ཕོ་བ་ཕོ་བའི་སྟེང་དུ་སྐྲངས། །མཐའ་མ་མཁྲང་ལ་ཆུ་སེར་འོང་། །མཁལ་མ་མཁལ་ཕུགས་དག་ཏུ་སྐྲངས། །གཏིང་རྣག་འོང་ཞིང་རྐེད་པ་འཁྱོག །ལོང་ནི་ལོང་གི་ཐད་ཀ་དང་། །བརླ་ཁུག་དག་ཏུ་སྐྲངས་པར་བྱེད། །རྣག་ནི་གཏིང་ནས་འོང་བ་འོ། །སོ་མ་རཱ་ཛ་ལས་འབྲས་དང་སུརྱའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་གཉིས་པའོ།། །།
དེ་ནས་འབྲུམ་བུའི་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་གཟའ་དང་རྒྱུ་སྐར་དང་། །མ་མོ་འཁྲུགས་པ་དག་ཡིན་ནོ། །དབྱེ་བ་རྣམ་པ་གསུམ་དུ་འོ། །འབྲུམ་ཕྲན་འབྲུམ་ནག་དཀར་ཆེན་ནོ། །མཚན་ཉིད་སྒྱིད་པ་སྐྱུར་བ་དང་། །རུ་ཤིང་ན་དང་ཕྲུམ་སེར་ཁྱེར། ཁོང་སྙོམས་གཉིད་ཆེ་ལུས་པོ་འདར། །སྐྱུགས་བྲོ་ཁོང་ཚ་རྐེད་པ་ན། །བས་ལྡག་ལྟ་བུའི་ཕྲ་མོ་ནི། །གཅིག་དང་གཉིས་དང་གསུམ་ན་འབྱུང་། །དེ་ནི་འབྲུམ་བུ་ཕྲ་མོ་སྟེ། །རྗེས་མ་འཁྲུས་པས་འཆི་བ་ཡོད། །ཆེ་ལ་སྲབ་ལ་རྣག་ཏུ་འོང་། །དེ་ནི་སྐར་ཆེན་དག་ཡིན་ནོ། །ཀླད་པ་ན་ཞིང་སྒྱིད་པ་སྐྱུར། །རྐེད་པ་ན་ཞིང་ཟུག་མི་ཐུབ། །ལྕེ་སྟེང་འབྲུམ་བུ་དམར་པོ་འོང་། །གསེར་མིག་དང་འདྲ་དམར་པོར་འོང་། །གློ་སྙིང་ལ་བབས་ཚད་པ་ཆེ། །དེ་ནི་རྟ་སྟན་མ་ཞེས་བྱ། །འཆི་བར་འགྱུར་བ་དག་ཡིན་ནོ། །སོ་མ་རཱ་ཛ་ལས་འབྲུམ་བུའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་གསུམ་པའོ།། །།
དེ་ནས་གག་ལྷོག་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་མི་གཙང་འཁོན་དང་གཞོབ། །དབྱེ་ན་གག་པ་ལྷོག་པ་འོ། །གག་པ་གཉིས་ཏེ་དཀར་པོ་དང་། །ནག་པོ་དག་སྟེ་རྣམ་པ་གཉིས། །སྤྱི་ཡི་མཚན་ཉིད་བསྟན་པ་ནི། །གྲང་ཤུམ་བྱེད་ཅིང་ཚ་བ་ཆེ། །ཆུ་སྙིག་ཁ་ལྕེ་སྐམ་པ་དང་། །རུ་བཞི་རུ་ཤིང་ན་བ་འོ། །དཀར་པོ་ལྕེ་ཆུང་འོག་དག་ན། །ནག་པོ་གྲེ་བར་ཐོར་པ་འོང་། །ཕྲ་ཞིང་ཤིན་ཏུ་ཆུང་ལ་ནག །བྲག་ལ་བྱ་ཐལ་བཟར་བ་འདྲ། །མིག་འཛུམས་དཀའ་བ་འཆི་བ་འོ། །
ལྷོག་པ་འབྱུང་བ་བཞི་དག་སྟེ། །མེ་དང་རླུང་དང་ས་དང་ཆུ། །དེ་ཡང་ཚ་དང་གྲང་བར་འདུས། །སྤྱི་ཡི་མཚན་ཉིད་བསྟན་པ་ནི། །སྙིང་མི་དགའ་ཞིང་རོ་སྟོད་གཟེར། །གྲང་ཤུམ་བྱེད་ཅིང་རྐེད་པ་ན། །སྙིང་དུ་ཚད་ཞུགས་སྐྱུགས་པ་འོ། །ཚ་སྐྲངས་མྱོས་ཤིང་གཉིད་ཆེ་སྟེ། །རིམས་ཀྱིས་བཏབ་འདྲ་བྱིང་བ་འོ། །གྲང་སྐྲངས་གཉིད་མེད་ལུས་པོ་ཡང་། །ཚ་ཡང་སྐོམ་དད་མི་སྙག་གོ །ཐོར་པ་དཀྱིལ་ཁུང་འགྱུར་དཀའ་སྟེ། །ཤ་ལ་གཟེར་ནི་བཏབ་པ་འདྲ། །སྐྲངས་ལུགས་སྲོག་ཆགས་གཟུགས་སུ་སྐྲངས། །ཡན་ལག་འགྱུར་ཞིང་སྐྲངས་པའོ། །སོ་མ་རཱ་ཛ་ལས་གག་ལྷོག་གི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་བཞི་པའོ།། །།
དེ་ནས་དུག་གི་མཚན་ཉིད་ནི། །ཤ་དུག་ཟས་དུག་བཙན་དུག་དང་། །སྦྱར་བའི་དུག་ཏུ་ཤེས་པར་བྱ། །ཤ་ཡི་དུག་དང་ཤ་ནད་དོ། །ཤ་དུག་སྔོ་ཤ་དག་ལས་བྱུང་(དབྱར་སྔོའི་ནང་བསུབ)། །མཚན་ཉིད་ཤ་རུས་བྱེ་ནས་ན། །གྲེ་བ་ཚ་ཞིང་འགག་པ་དང་། །བཙན་དུག་དག་དང་ཕལ་ཆེར་མཐུན་(ན་ལུགས)། །ནང་གྲོལ་རུལ་ནས་མིག་མི་འཛུམས་(རྟགས)། །འཕྲལ་དུ་འཆི་བ་དག་ཏུ་འོ། །ཤ་ནད་ལུས་ཀུན་ན་བ་སྟེ། །འཁྲུ་བའི་མདོག་ཏུ་འདུག་པ་འོ། །ཟས་དུག་ཟས་དང་སྤྱོད་ལམ་མོ། །བད་ཀན་སྨུག་པོ་ཅན་ལ་ནི། །ཆང་དང་འོ་མ་འདྲེས་པས་དུག །མར་དང་སྦྲང་རྩི་འདྲེས་པ་དག །འཁར་བའི་སྣོད་དུ་ཞག་བདུན་(བཞག་པ)དུག །གྲོ་ཆང་མར་རྙིང་འདྲེས་པ་དུག །དེ་རྣམས་བད་ཀན་སྨུག་པོ་ལ། །ཡུན་རིང་ན་བའི་ཤུལ་དུ་ནི། །བུད་མེད་དག་དང་ལྷན་ཅིག་ཉལ། །ཡུན་རིང་ན་བའི་མལ་ཤུལ་ཉལ། །མཆིན་པ་རྙོག་བུའི་དུག་ཏུ་འོ། །ཤི་ཤ་ཕ་བ་གོལ་གོལ་ཕྱེ། །འདྲེས་ན་སྨྱོ་བྱེད་ཞག་བདུན་དུག །བཙན་དུག་ཕོ་བ་ཚ་བ་དང་། །གྲེ་བར་རླངས་སྔོན་འབྱུང་སུབ་པའོ། །སྦྱར་བའི་དུག་ལ་མང་ཡོད་ཀྱང་། །རིན་པོ་ཆེ་དང་སྦྱར་བ་(དབྱིག་དུག་རིགས་སྣ་ཚོགས་)དང་། །མདའ་དུག་(མདེའུ་ལ་བྱུགས་པ)རེག་པའི་(གོས་ལ་བྱུགས་པ)དུག་དག་གོ །རིན་པོ་ཆེ་(དབྱིག་དུག་ན)ཡི་མཚན་ཉིད་ནི། །མགོ་ན་ཉམ་ཆུང་མིག་སྤྲིན་སེར། །ཕོ་མཚན་མི་ལྡང་(བུད་མེད་ཟླ་མཚན་མི་འོང)ས་བོན་ལུག །ཤ་ཆུང་རྐེད་པ་འཁོར་ནས་ན། །སྐོམ་དད་ཆེ་ཞིང་མགོ་བོ་ན། །ཤེད་ཆུང་ལུས་པོ་འདར་ཞིང་སྦྲིད། ཁོང་འདར་སྐྱུག་བྲོ་སྐོམ་དད་ཆེ། །དང་ག་མི་བདེ་ཁ་ལྕེ་སྐམ། །གདོང་སྣུམ་ཤ་དག་བྲི་བ་ནི། །སྦྱར་བའི་དུག་གི་མཚན་ཉིད་དོ། །ཐུན་མོང་དག་གི་མཚན་ཉིད་ནི། །དབང་པོ་དག་ལ་བརྟག་པ་ནི། །མིག་ནི་གློ་བུར་འགྲིབ་པ་(མཆིན་པ་ལ་བབས་ན)དང་། །མིག་སྤྲིན་དམར་པོར་སོང་བ་དང་། །མིག་ནི་སེར་པོར་སོང་བ་དང་། །མིག་ནི་གློ་བུར་ན་བ་དང་། །ཡས་སྦིབས་མི་ཐེག་པ་དག་གོ །སོ་དང་རྙིལ་ནི་ཕྱེ་(ཁྲག་བྱུང་ན)ཞིང་བརྩེ། །སོ་མདོག་ནག་པོར་སོང་བ་དང་། །ལྕེ་དཀྱིལ་ནག་པོར་(སྙིང་ལ་བབས་པ)སོང་བ་དང་། །ཚད་པ་ཆེ་སྟེ་ལྕེ་ཡང་དམར། །ལྕེ་ནི་རོ་མེད་འགས་པ་དང་། །སྣ་འགགས་སྨྲ་བ་རྟབ་པ་(གློ་བ་ལ་བབས་པ)དང་། །སྣ་གོང་མདོག་སེར་སྣུམ་པ་དང་། །སྣ་བུག་གཡའ་ཞིང་ཟ་བ་དང་། །སྣ་གོང་རྔུལ་ཞིང་ངོ་སྣུམ་དང་། །མཆུ་སྐམ་དྲེག་པ་(མཆེར་བ་ལ)ཆགས་པ་དང་། །མཆུ་སྐམ་འགས་པ་དག་ཡིན་ནོ། །
མགོ་འཁོར་སྐྲ་མཚམས་(རླུང་དང་བསྡོངས་པ)ཟ་བ་དང་། །ལྟག་ཆུ་གཉིས་ནི་རེངས་པ་དང་། །མཚོགས་མ་ལྕི་(བད་ཀན)ཞིང་ཟ་འགྲམ་ན། །བྱད་སེར་མདངས་(མཁྲིས་པ)ནི་ཤོར་བ་དང་། །ལག་ངར་ཟ་ཞིང་བྲང་ཡང་ཟ། །ཐོར་པ་ལེབ་ཏོ་འོང་བ་དང་། །ལག་མཐིལ་དྲེག་སྐམ་ཆགས་པ་དང་། །ལུས་འདར་དྲན་པ་བྱིང་བ་དང་། །ཚ་རྔུལ་འབྱུང་དང་ཤེད་རྔུལ་དང་། །གློ་སྙིང་དག་ནི་མི་བདེ་དང་། །ལུ་ཞིང་ལུད་པ་སྐྱ་བོར་(གློ་བར)འོང་། །ཚ་བྲོ་ལུད་པ་ནག་པོ་དང་། །བྱད་སྦོས་ལུས་པོ་སྐྲངས་པ་འོང་། །རྟགས་ཀྱི་སྒོ་ནས་བརྟག་པ་(སྨན་གྱི)ནི། །ཨ་རུ་ར་དང་སྤང་རྒྱན་དང་། །སེ་རྒོད་མ་དང་སྐྱེར་པའི་ཐང་། །བཏང་བས་ཚིགས་དང་ཀོར་ཙེར་ན། །དེ་དག་རྟགས་སུ་ཤེས་པར་བྱ། །པྲེ་ཡི་ཁ་རུ་བཏབ་ན་(ཉའི་ཁ་རུ་བཏང་ནས་ཉ་དེ་ཤི་ན་དུག་ཡིན)འཆི། །རུལ་དག་ཁ་རུ་མ་ཉམས་མིན་(ནག་གམ་སྔོ་ལྗང་དུ་སོང་ན་ཡིན)། །ཁྲག་ལ་བརྟག་པ་རྨ་བྱའི་སྒྲོ། །འདྲ་བ་སྔོན་པོར་བྱུང་ན་ཡིན། །མ་ཆགས་ལང་ལིང་བཙོས་ཁྲག་འདྲ། །དྲི་ཆུ་མར་ནག་འདྲ་བ་འོ། །ཀོ་རུལ་མནམ་དང་ཆུ་མདོག་ནག །རྟ་ཆད་ཆུ་འདྲ་ཀུ་ཡ་མང་། །ད་ནི་བབས་ལུགས་མཚན་ཉིད་ནི། །ཤ་ལ་བབས་པ་ཤ་དང་སྦུབས། །ཁྲག་དང་ལམ་དང་སྣོད་དག་སྟེ། །རུས་པ་ཚིགས་མིག་གཞུང་ཤིང་ངོ་། །ཤ་ནི་གྲིམས་ཤ་དག་ཡིན་ནོ། །དབུགས་ནི་ཕོ་བ་ལོང་དང་གློ ། །ཁྲག་གི་སྣོད་ནི་མཆིན་པ་སྟེ། །ཁྲག་ལམ་རྩ་དག་ཡིན་པ་སྟེ། །ཚིགས་མིག་དག་དང་ཚིགས་བར་ན། །གཞུང་ཤིང་ཆུ་བ་རྒྱུས་པ་འོ(རེངས་འཁུམས)། །གློ་ལུ་དབུཌ་ཐུང་མགོ་བོ་ན། །ཤ་ཆུང་བྱད་སྦོས་གློ་ལ་བབས། །སྨད་གཟེར་དང་ག་མི་བདེ་དང་། ཁོང་སྦོས་སྒྲེགས་པ་ཕོ་བའི་ནད། །ཁྲག་ནི་སྟོད་གཟེར་མགོ་འཁོར་བ། །རྩིབ་ཐུང་གཟེར་བ་མཆིན་པའོ་(གཡས)། །ཆུ་དམར་སེར་ཞིང་རྩ་རྣམས་སྦྲིད། །ཡང་ན་ཁྲག་བྱུང་རྩ་ལ་བབས། །རྙོངས་འདོད་ཚིགས་པ་སིལ་སིལ་ན། །བཤུལ་རེངས་ཡང་ན་འཁུམས་པ་དང་། །རེངས་དང་འཁུམས་པ་ཆུ་རྒྱུས་སོ། །རྟ་ནི་གང་ལ་བབས་པ་བརྟག་(དང་པོའི)། །ཆང་དང་དཀར་ནི་མིག་ལ་འོ། །ཤ་ལ་རྟ་བྱས་ལུས་དབུགས་(བཤང་ལམ)དང་། །མཚན་མ་མི་འགྲེང་ཤེ་ཆུང་ངོ་། །སྣུམ་ལ་གཏང་ན་དྲི་མི་ཚོར། །སྔོ་ལ་བཏབ་ན་རོ་མི་ཚོར། །རྩམ་པ་རྣ་བ་དག་ལ་འོ། །
ན་ལུགས་བསམ་གྱིས་མི་ཁྱབ་སྟེ། །ལ་ལ་རླུང་ལངས་འདྲ་བ་དང་(ནད་གཞི་དང་བསྡོངས)། །ལ་ལ་བད་ཀན་མ་ཞུ་འདྲ། །ལ་ལ་སྐྲངས་ཤིང་འོར་དུ་ན་(སྨད་དུ་ལྷུང)། །ལ་ལ་སྦོ་ཞིང་ཁྲག་ཏུ་འཁྲུ་(འཇའ་ཚོན)། །ལ་ལ་མིག་ན་ཤ་སེར་སྐམ། །ལ་ལ་རིམས་འདྲ་སྨྱོ་བ་དང་། །འཁྲུགས་འདྲ་ལུད་པ་དཀར་པོར་(དྲག་ཤུལ་གྱིས་བསླང)འོང་། །རྟུག་སྐམ་(རིལ་མ)ཁྲག་ཏུ་འཁྲུ་བ་འོ(ཡང་ན)། །སོས་ཤི་བྱེ་བྲག་མཚན་ཉིད་ནི། །ཤེད་ཉམ་ཆུང་དང་ཤ་མི་སྐྱེ། །དང་ག་མི་བདེ་ལུས་ཟུངས་འཆོར། །མུར་འགྲམ་སྐྲ་བྱི་ས་བོན་ལུག །ཚ་རྔུལ་བྱུང་དང་ཟུག་མི་ཆོག །དེ་དག་བྱུང་ན་འཆི་བར་འགྱུར། །མདའ་དུག་ལུས་ལ་བརྒྱབ་པ་ནི། །ལུས་པོ་འདར་དང་མྱོས་པ་དང་། །སྐྲངས་ཤིང་ལུས་ལ་ཚད་པ་སྐྱེ། །བདུན་ནམ་དགུ་ན་འཆི་བར་འགྱུར། །རེག་པའི་(བསེ་དུག་གི་ནད་དང་རྔུལ་གྱི)དུག་ཀྱང་སྐྲངས་པ་དང་། །འབྲས་ལྷོག་ཤུ་བ་དག་ཏུ་འགྱུར། །སོ་མ་རཱ་ཛ་ལས་དུག་བརྟག་པའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་ལྔ་པའོ།། །།
དེ་ནས་དམུ་ཆུའི་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་མི་གཙང་བ་ལས་བྱུང་། །ངལ་དུབ་ཆུ་དང་ཀླུ་ཡི་ནད། །དབྱེ་ན་སྨུག་པོ་དཀར་པོ་དང་། །ནག་པོའི་དམུ་ནི་རྣམ་གཉིས་(ཚ་གྲང)ཏེ། །གློ་ནད་ཆུ་ཤོར་ལོང་ལྷུང་དང་། །མཆིན་པ་ཆུ་ཤོར་རྒྱུ་མར་ལྷུང་། །གདོང་པ་དང་ནི་ཡན་ལག་སྐྲངས། །གསུས་པ་ཆེ་ཞིང་རྔུལ་བ་འོང་། །གློ་ནི་ཆུ་ཤོར་རུལ་བར་འོང་། །གློ་དང་ལོང་གི་དམུ་དག་གོ །དྲོད་དང་ཉི་མ་འཕྲོད་སྙམ་བྱེད། །ལྷེན་དཀར་གློ་དང་ལོང་གི་ནད། །དེ་རྒྱུ་རླན་དང་ལུས་ཆུས་ཕོག །ཉ་ཤ་བྱ་ཤ་དག་གིས་སོ། །ལུས་པོ་ལྕི་ཞིང་མཚོགས་མ་ན། །ལུས་དང་གསུས་པ་ཆེ་བ་དང་། །རུལ་སུངས་དྲོད་བག་གནོད་པ་དང་། །མིག་སེར་མཆིན་པ་ཆུ་སེར་ཚ། །ཤ་མདངས་མ་འགྱུར་གསུས་པ་ཆེ། །ན་ཚ་མེད་ཅིང་དང་ག་བདེ། །ཡན་ལག་ཤ་ཀུན་མ་ཉམས་པ། །ལོང་འབྱམས་དམུ་ནི་དཀར་པོ་འོ། །གསུས་པ་ཆེ་ཞིང་རྐང་པ་སྐྲངས། །ཆུ་དམར་རེས་འགའ་ཁྲག་ཏུ་འཁྲུ། །རྒྱུ་འབྱམས་དམུ་ནི་ནག་པོ་འོ། །བུད་མེད་ཟླ་མཚན་ནང་དུ་སོང་། །གསུས་པ་ཆེ་སྟེ་ལྟེ་བ་མཁྲང་། །མཆིན་པ་མཁྲང་ཞིང་གསུས་པ་ཆེ། །ཆང་ལས་མཆིན་པའི་དམུ་ཆུ་འོ། །
དུག་ལས་དམུ་ཆུར་སོང་བ་ནི། །སྐོམ་དད་ཆེ་ལ་གུས་པ་ཆེ། །ཤ་ནག་སྣ་གོང་སྣུམ་པ་སྟེ། །སྐྲ་ཟེད་གསུས་པ་ཆེ་བ་འོ། །རྒྱུ་མ་ཉ་དང་བྱ་རུས་ཕུག །གསུས་པ་ཆེ་ཞིང་སེར་པོ་སྐྱུགས། །ལོང་ལ་ཉ་རུས་བྱ་རུས་ཟུག །ཟགས་པའི་དམུ་སྟེ་ཡན་ལག་ཕྲ། །གསུས་པ་ཆེ་ཞིང་རྩ་རིས་ཅན། །སྐེ་དང་རྐང་ལག་ཕྲ་བ་དང་། །ཆུ་སེར་ལྗང་དང་དུད་ཁུར་འོང་། །རླུང་མཁྲིས་བད་ཀན་འདུས་པའི་དམུ། །གློ་ནི་ཆུ་ཤོར་དཀར་པོ་སྟེ། །བཅོས་སུ་མི་རུང་བརྟོལ་མི་རུང་། །རྩིབ་ཐུང་ན་ཞིང་གསུས་པ་ཆེ། །རྩ་བཀྲ་ཆུ་སེར་སྔོ་ནག་འོང་། །བོལ་སྐྲངས་ཆུ་སེར་ནག་པོ་སྟེ། །ཀླུ་དང་ས་བདག་ནད་ཡིན་ཏེ། །བཅོས་ན་རང་ཡང་མི་གཙང་འགྱུར། །བཅོས་ན་གཏམ་ངན་གྲགས་པ་འོ། །སོ་མ་རཱ་ཛ་ལས་དམུ་ཆུའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་དྲུག་པའོ།། །།
དེ་ནས་སྲིན་གྱི་མཚན་ཉིད་ནི། །རྒྱུ་ནི་རླུང་མཁྲིས་བད་ཀན་ནོ། །རྐྱེན་ནི་ཞུ་དང་མ་ཞུ་པའོ། །དབྱེ་ན་གྲོལ་མ་ཚང་མ་སྟེ། །གྲོལ་རླུང་སྲིན་ཟླུམ་ཁྲེའུ་འོ། །ལོང་ལ་གནས་པ་དག་ཡིན་ནོ། །མཁྲིས་སྲིན་ཁབ་རྩེ་འདྲ་བ་ནི། །རྒྱུ་མ་དག་ལ་གནས་པ་འོ། །བད་ཀན་སྲིན་ནི་དོག་བཅངས་འདྲ། །ཕོ་བ་དག་ལ་གནས་པ་འོ། །མཁྲིས་པ་དག་ལ་དབྱེ་བ་ནི། །རུས་པ་ཟ་དང་ཁྲག་འཇིབས་དང་། །ཤ་དང་པགས་པ་དག་ལ་ཟ། རུས་པ་སོ་དང་འབྲས་ཕོལ་དང་། །ཤ་ཡང་ཕོལ་དུ་འགྲོ་བ་འོ། །
ཁྲག་ཟོས་བས་ནི་ཤ་སྐམ་ཞིང་། །སྐྲ་དང་བ་སྤུ་འབྱི་བ་འོ། པགས་པ་གཉེར་ཆུང་སྐྱ་རྦབ་བོ། །སྤྱི་ཡི་མཚན་ཉིད་བསྟན་པ་ནི། །མིག་ལ་སྐྲི་ག་ཆགས་པ་དང་། །མིག་མི་མཐོང་ཞིང་སྟོང་སྐྱུགས་འོང་། །ཁ་ནས་ཆུ་སྔོན་ནལ་ནལ་འོང་། །ན་བ་གླང་ཐབས་དག་དང་ནི། །ཕོ་བ་རེས་མཁྲེང་རེས་འབོལ་བྱེད། །བརྒྱལ་དང་གླང་ཐབས་མགོ་འཁོར་དང་། །ཕོ་བར་ལོང་ལ་གཟེར་བ་འོ། །སོ་མ་རཱ་ཛ་ལས་སྲིན་གྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།། །།
དེ་ནས་འཇམ་དཔལ་དཔའ་བོས་གསུངས། །སོ་སོར་(ཁོང་ནད)བཞི་བརྒྱ་རྩ་བཞི་དང་། །གློ་བུར་ནད་(རྨའི་རིགས)དག་བསྟན་པ་ནི། །དེ་ནས་ལྷ་དབང་བརྒྱ་བྱིན་(ཞུས་པ)གྱིས། །རྒྱུ་ནི་རླུང་མཁྲིས་བད་ཀན་དང་། །རྐྱེན་ནི་ཕ་མའི་ས་བོན་ལས། །ཤ་དང་རྩ་དང་རུས་པ་དང་། །ཆུ་བ་དོན་སྣོད་གློ་བུར་གྱི། །མཚོན་སོགས་ཟུག་རྟགས་གང་ཡིན་པ། །ཤར་ཕྱོགས་རི་(མཀྵོདྲ)ཡི་རྩེ་མོ་ལ། །ནད་གཞི་ཅི་ལྟར་གནས་པ་(དྲང་སྲོང་རྣམས)བསྟན། །ལྷོ་ཕྱོགས་རི་(གུཎརའི)ཡི་རྩེ་མོ་ལ། །ལྟ་དང་དྲི་དང་རིག་པ་(ལྷའི་བུ་རྒྱུན་ཤེས་པ་སོགས་པས)བསྟན། །ནུབ་ཕྱོགས་རི་(ཨ་བ་རི)ཡི་རྩེ་མོ་ལ། །བཅུད་ཀྱིས་ལེན་པའི་སྦྱོར་བ་བསྟན་(ཤིང་གི་ལྷ་དང་ལྗང་སྔོན)། །བྱང་ཕྱོགས་རི་(བེ་ཏའི)ཡི་རྩེ་མོ་ལ། །དཔྱད་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་(མེའི་ལྷ་ནག་པོ་ལ་སོགས)། །དབུས་སུ་དྲང་སྲོང་བཞི་དག་ལ། །ཀེང་རུས་ལུས་ཀྱི་རྣམ་གཞག་བསྟན་(ནཱག་རྫུན་ལ་སོགས་པ)། །དང་པོ་མཚན་ཉིད་གསུངས་པ་ནི། །ལུས་ལ་དབྱེ་ན་རྣམ་པ་གཉིས། །ཡན་ལག་དང་ནི་ལུས་སྦུབས་(བྱང་ཁོག)སོ། །
ཡན་ལག་ལྔ་སྟེ་མགོ་བོ་དང་། །ལག་པ་དང་ནི་རྐང་པ་འོ། །མགོ་བོ་དག་ལ་རུས་པ་དང་། །ཆུ་བ་རྩ་དང་ཤ་དག་དང་། །དབང་པོ་ལྔ་སྟེ་མགོ་བོ་ནི། ཁྱད་པར་ཡན་ལག་བཞི་ལས་འཕགས། །རུས་པ་གཉིས་ཏེ་ལྷ་བ་དང་། །སྲུབས་སུ་རྣམ་པར་བགྲང་བ་དང་། །རྩ་ནི་འཕར་རྩ་ཤ་རྩ་དང་། །ལྷ་རྩ་དག་དང་རྒྱ་རྩ་འོ། །ཤ་ནི་གླེན་ག་གྲིམས་ཤ་སྟེ། །ཡན་ལག་ལྔ་ཡི་མགོ་བོ་ནི། །ཀླད་པ་དབང་པོ་ལྔ་ཡིས་ཁྱབ། །ཀླད་པ་དང་ནི་ཀླད་པའི་སྙིང་། །ལུས་ཀྱི་དབང་རྟེན་ས་བོན་འཛག །དེ་ལ་རྩ་བརྒྱད་མཆིན་པ་མིག །རྣ་བ་མཁལ་མའི་རྩ་དག་དང་། །སྣ་དང་གློ་ཡི་རྩ་དག་དང་། །ལྕེ་དང་སྙིང་གི་རྩ་དག་གོ །ཆུ་རྒྱུས་ལ་ཡང་དེ་བཞིན་རྒྱས། །ས་བོན་བཅུད་རྩ་དབུས་ན་འོ། །དེ་ནི་མེ་ཏོག་ལྟ་བུ་སྟེ། །སྤྱི་གཙུག་རྒྱ་ཡི་ཐག་པ་འོ། །མིག་ནི་ཤ་མིན་ཚིལ་མིན་དང་། །རྣ་བ་རུས་མིན་རྒྱུས་མིན་དང་། །སྣ་ནི་ཤ་མིན་རུས་མིན་དང་། །ལྕེ་ནི་རྩ་མིན་ཤ་མིན་དང་། །མཆུ་ནི་ཤ་མིན་རྨེན་མིན་དང་། །དབང་པོ་རྣམས་ནི་རྒྱ་(ཀླད)དང་འབྲེལ། །ལུས་ཀྱི་དབང་པོ་ཞེས་བྱ་སྟེ། །གློ་ནི་དབུགས་ཀྱི་རྟ་ཡིན་ཏེ། །སྙིང་ནི་ཀུན་གཞིའི་རྟེན་ཡིན་ནོ། །སྙིང་ལ་རྩ་ནི་བརྒྱད་ཡོད་དེ། །རླུང་རྩ་བཞི་དང་ཁྲག་རྩ་བཞི། །མཆིན་པར་གཅིག་དང་མཁལ་མར་གཉིས། །མཆེར་པར་རྩ་ནི་གཅིག་དག་གོ །བཞི་ནི་གློ་རྩ་དག་དང་འབྲེལ། །དེ་ལྟར་ཀླད་པ་དོན་དང་འབྲེལ། །མདའ་དང་གྲི་དང་རྡོ་དང་ཤིང་། །གྱོ་མོ་ལྷུང་དང་ཐུག་ལ་སོགས། །དབྱེ་ན་འཐེམས་དང་ཆག་གྲུམས་དང་། །སྲུབས་དབྱེ་དག་ཏུ་ཤེས་པར་བྱ། །སྟེང་འཐེམས་བར་འཐེམས་འོག་ཆག་དང་། །དྲགས་དང་གབ་པའི་བྱེ་བྲག་གོ །
སྟེང་འཐེམས་ཁྲག་ནི་འཛེམ་པ་སྟེ། །བར་འཐེམས་ཁྲག་རིས་ཁྲ་བོར་འོང་། །འཛིད་མའི་(བྱེའུ)སྒོང་ང་འདྲ་བ་སྟེ། །ཁྲ་བོ་བར་དག་འཁྲུགས་པ་སྟེ། །འོག་ཆག་དཀར་ལ་སྐམ་པ་འོ། །འཐེམས་པའི་མགོ་བོ་ཤིན་ཏུ་ལྕི། །བྱིས་པས་འབྲད་པ་འདྲ་བ་ན། །གབ་ན་སེར་ལ་ལྷ་བ་འབྲོས། །མདོག་ནག་པ་ནི་འགྲམས་པ་སྟེ། །ཆག་ལུགས་གྲུམས་དང་འོག་ཆག་དང་། །གས་དང་གྲི་ཡིས་བཅད་ལ་སོགས། །གྲུམས་པ་ཆེ་ཆུང་རྨ་ལ་བལྟ། །འོག་ཆག་དཀྱིལ་ལྗོངས་དཀར་བ་དང་། །གས་པ་ཆེ་དང་ཕྲ་བ་འོ། །དེ་ལྟར་ལ་ལ་མདོག་མི་གསལ་(རུས་པའི)། །ལ་ལ་སྔོ་སྟེ་ཆག་ཚབས་ཆེ། །ཤ་བྱེར་མནན་ལ་མི་བཟོད་དང་། །བ་སྤུ་ལྡང་ཞིང་ཁོང་ཚད་སྐྱེ། །དང་ག་མི་བདེ་གཉིད་མི་ཐུབ། །རྨ་ཁ་སྐམ་དང་ཁ་སྣ་སྐམ། །སྲུབས་ནི་ལྟག་རྒྱ་བྱེ་བ་དང་། །མདུན་བྱེ་དང་ནི་རྣ་ལྷན་བྱེ། །མཚན་མོ་ལྐུགས་དང་དྲན་པ་མེད། །མིག་མི་འཛུམས་དང་མགོ་འཁོར་དང་། །ལངས་ན་འགྱེལ་ཞིང་ལྐུགས་པ་དང་། །སྨྲ་དཀའ་མགོ་ལྕི་འཐོམ་པ་འོ། །ཆུ་བ་ཕོ་དང་མོ་དག་ནི། །ལྟག་པའི་ཕྱི་བྲུར་ཆུ་རྩ་དང་། །ནང་མཆན་རྒྱུས་པ་ཟ་འགྲམ་ན། །སྲུབས་དང་ཐག་པར་འབྲེལ་པ་འོ། །རྒྱུས་པ་སྙིང་རྩ་དག་དང་འབྲེལ། །ཆུ་བ་རྒྱུས་པ་གློ་རྩ་ལྟག །ཆུ་བ་རྒྱུས་པའི་མཚན་ཉིད་ནི། །ཡན་ལག་འཁུམས་དང་གཞུང་རེངས་དང་། །ཞ་ཞིང་བཤལ་བ་དག་ཡིན་ཏེ། །མིག་སླེ་ཁ་ནི་ཡོན་པོར་འགྲོ། །ཀླད་པ་ཕོ་ཀླད་མོ་ཀླད་གཉིས། །ཕོ་ཀླད་ཐམས་ཅད་གར་བ་སྟེ། །མོ་ཀླད་ཐམས་ཅད་སླ་བ་ཡིན། །སྲུབས་མེད་གཅིག་ཏུ་ཟླུམ་པ་དང་། །གཉིས་པ་བཞི་པ་ལྔ་པ་དང་། །དྲུག་དང་བརྒྱད་དང་བཅུ་པ་དང་། །བཅུ་གཉིས་བཅུ་བཞི་བཅུ་དྲུག་པའོ། །
སྤྱི་བོ་ཟླུམ་ཞིང་མཐོ་བ་ནི། །ཕལ་ཆེར་གཅིག་པ་གཉིས་པ་འོ། །རྭ་མཐོ་གྲུ་བཞི་བཞི་པ་འོ། །སྤྱི་བོ་འཕང་དམའ་ཕལ་ཆེར་དྲུག །ལྟག་འབུར་མཚོགས་མ་དམའ་བ་ནི། །བརྒྱད་པ་བུང་ཚངས་ཅན་དུ་འོ། །དེ་རྣམས་ཀླད་པ་ཕོ་ཀླད་ཡིན། །ཁམས་བཟང་མིག་ཀོང་བ་དག་ནི། །སྨྲ་བ་ཉུང་ཞིང་བརྟན་པར་སྨྲ། །མིག་དག་ཤིན་ཏུ་རྣོ་བ་ནི། །ཕལ་ཆེར་ཀླད་པ་བཟང་པོ་འོ། །སྤྱི་ལེབ་འཇོང་བ་བཅུ་པ་སྟེ། །མཚོགས་མ་མཐོང་ཞིང་འཇོང་བ་ནི། །བཅུ་གཉིས་བཅུ་བཞི་བཅུ་དྲུག་པའོ། །
ཀླད་པ་མོ་ཀླད་དག་ཏུ་འདོད། །སྨྲ་བ་མང་ཞིང་མིག་དག་འབུར། །ཀླད་པ་དག་ནི་བཅད་པར་དཀའ། །ཀླད་པའི་ནད་ཀྱི་མཚན་ཉིད་ནི། །ལག་པས་ཁ་སྣ་དག་ལ་བྱུག །མིག་མི་འཛུམས་དང་ཕྱུགས་རྫུད་མིག །ཀླད་མིག་གྱེན་ལ་སོང་བ་དང་། །མིག་མི་ཐེག་ཅིང་མྱོས་པ་དང་། །ཀླད་པ་ལུག་པས་བརྡེབས་མི་ཤེས། །ཀླད་སྤྲི་དམར་རམ་སེར་བ་སྟེ། །ནག་དང་དབུགས་འཁྱིམས་མགོ་འཕང་དམའ། །མིག་ཀྱོང་སྐྱ་ལ་འབུར་བ་དང་། །སྐྱུག་བྲོ་བ་དང་སྐྱུགས་པ་དང་། །དེ་རྣམས་དག་ནི་ཀླད་རྩའི་སྐྱོན། །མཚོ་ཡང་འཁྲུགས་པའི་རྟགས་ཡིན་ནོ། །སྤྲི་བཙན་སྔོ་དང་རྨེན་བུ་དང་། །ནག་དང་སེར་བ་ལུད་པ་དང་། །སྦོས་དང་སྤྱི་རུས་མི་འབྱོར་བ། །དྲེའུའི་ཤ་དག་དཀར་བ་སྟེ། །ཀླད་སྤྲི་དག་གི་སྐྱོན་ཡིན་ནོ། །སོ་མ་རཱ་ཛ་ལས་མགོ་བོའི་ཀེང་རུས་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། །།
དེ་ནས་རྩ་ཡི་མཚན་ཉིད་ནི། །སྤྱིར་ན་མགོ་རིགས་ཐམས་ཅད་ལ། །འཕར་རྩ་དང་ནི་དེ་ཡི་གྲོགས། །འཕར་རྩ་ནང་གི་ལྗོན་ཤིང་བཞི། །ཕྱི་ནི་གློ་རྩ་རྣ་བའི་ཕྱི། །སྤྲ་ལག་ཕོ་རྩ་ཆུ་འཁོར་ཏེ། །སྣ་མཆན་དག་ནས་མིག་ཕུག་འགྲོ། །སྨིན་མའི་དཀྱིལ་དུ་གསང་གཉིས་ཡོད། །མཁུར་ཚོས་ཁྲག་མཚོ་དམར་པོ་གཉིས། །གྲོགས་ནི་དོན་སྣོད་རྩ་དག་སྟེ། །རྩ་དང་ཤ་དང་རྒྱུས་པ་དང་། །ཆུ་བ་དག་གི་བྱེ་བྲག་གིས། །འདུས་པས་འདུས་སོ་གསུམ་དག་དང་། །བདུད་སྒོ་བང་མིག་བཞི་རུ་འདོད། །རུས་པ་རྩ་གཉིས་འདུས་པ་ནི། །འདུས་སོ་ཆུ་ཀུན་མཚོགས་མ་འོ། །རྩ་རུས་ཤ་དང་གསུམ་ག་གཉན། །འདུས་སོ་འབྲིང་པོ་སྤྱི་བོ་འོ། །རྩ་དང་རུས་པ་ཤ་ཆུ་བ། །བཞི་འདུས་ཆེན་པོ་ལྟག་ཁུང་ངོ་། །རྩ་ཡི་རྣམ་པ་དབྱེ་བ་ནི། །སྤྱི་གཙུག་ན་ཡོད་རྩ་དག་དང་། ཁྱད་པར་ཡོད་པའི་རྩ་དག་གོ །
དང་པོ་འདུས་སོ་ཆུ་ཀུན་ལ། །རུས་རྩ་ཕྲ་བ་གཉིས་ཡོད་དེ། །མིག་དང་འབྲེལ་བས་མིག་ལ་སྐྱོན། །མིག་ཟུར་བྱ་གདོང་ཞོན་པ་གཉེན། །རྣ་རྩ་རྣ་བས་སླེབས་པའི་རྒྱབ། །རྩེའུ་ཆུང་དང་འབྲེལ་རྣ་བ་འུར། །སྨིན་ཕྲག་ཚོན་གང་གྱེན་བཅལ་བ། །ཀླད་པའི་དཀྱིལ་ཏེ་ཀླད་པའི་གསང་། །ཕན་ཚུན་འཕྲེད་ལ་ཚོན་རེ་བཅལ། །ལྷ་རྩ་ནག་པོ་བྱ་བ་ཡོད། །དཔྲལ་བའི་སྐྲ་ནི་ཡོད་མེད་ནས། །ཚོན་གང་གྱེན་བཅལ་ཀླད་པའི་རྩ། །གསང་དང་རྩ་གཉིས་འདོམས་པ་ཡོད། །དེ་ཆོད་སྐད་ཉམས་སྣ་འགགས་ཏེ། །ཞག་གསུམ་དག་ནས་ལོག་ནས་སུ། །བཅུ་གཅིག་དག་ནས་འཆི་བར་འགྱུར། །རུས་པ་ཆག་ནས་རྩ་བེམས་འཆི། །
དེ་ནས་ཚོན་དོ་ཕུན་གང་ནི། །གྱེན་བཅལ་དེ་ན་འདུས་པ་ཡོད། །རླངས་པ་མྱུར་དུ་འདོན་པར་བྱ། །མཚོགས་མའི་ཀྱིབ་ཀྱིབ་མཚོ་ལ་ནི། །རུས་པས་ཀླད་པ་ནོན་ནས་ནི། །མིག་ནི་ཆེ་ཆུང་ཅལ་ཅོལ་སྨྲ། །ལག་པས་བྱ་བྱེད་མང་བར་བྱེད། །སྒྲ་དག་ཡོད་མེད་མཚམས་དག་ནས། །ཚོན་གསུམ་བཅལ་བ་ཀླད་པ་ཡི། །ཨོ་ལོག་རྩ་ནི་དཔྱང་ཐག་རྩ། །རྩེའུ་ཆུང་དང་འབྲེལ་གློ་སྙིང་འབྲེལ། །རེངས་ཤིང་ལྟག་དགྱེ་སྒལ་རུས་ན། །རྐང་ལག་རེངས་ཤིང་ཁྲག་ཐིགས་འོང་། །དེ་ནས་རྭ་ཡི་ངོས་དག་ཏུ། །གཡས་གཡོན་ཐུར་གང་ཕུན་གང་ན། །མཆིན་པ་མཁྲིས་པ་འབྲེལ་བའི་རྩ། །རྩེའུ་ཆུང་ལ་བབས་སྣེ་བུའི་ལྟག །མོད་ལ་སྐྱུག་ཅིང་ལག་པ་གཡོབ། །མིག་མི་མཐོང་ཞིང་འཛུམས་མི་ཤེས། །ལུས་པོ་ལྕི་སྟེ་བདུན་དགུ་འཆི། །དཔྱང་ཐག་དག་ནས་ཚན་དོ་བཅལ། །བདུད་རྩ་འཁྱིམས་པ་དག་ཡོད་དེ། །སྲོག་པ་རྩ་དང་འགྲོགས་ནས་ནི། །རྐང་མཐིལ་སྒྱིད་ཁུང་གྲུ་མོ་ཁུག །ལག་མཐིལ་དག་ཏུ་འགྲོ་བ་སྟེ། །གྲང་ཤུམ་ཚད་པ་ཤིན་ཏུ་ཆེ། །མིག་འཛུམས་དཀའ་ལ་གྱེན་ལ་ལྡོག །ཞག་ལྔ་བརྩན་པ་ཉི་ཤུ་ནའོ(ཆད་ནས)། །ན་ཚ་ཟུག་གཟེར་ཤིན་ཏུ་ཆེ། །རྒུད་པ་དག་ཏུ་འགྱུར་སྲིད་དོ། །
རུས་པ་སྟེང་འོག་ཆག་པ་ན། །མཐའ་སྐོར་རུས་པ་རང་འབྱུང་གཞག །རུས་ནད་འཁུམས་རེངས་སྐྱུགས་པ་དག །འབྱུང་སྟེ་འཚོ་བ་དག་ཀྱང་སྲིད། །དེ་ནས་ཚོན་གང་གཙུག་ཡིན་ཏེ། །ཚངས་པའི་སྐུད་པ་ཞེས་སུ་གྲགས། །མགོ་ལུས་མེད་པར་སྐྲངས་ཀྱང་སྲིད། །ཀླད་པ་བེམས་ཤིང་ཚད་པ་ལྷུང་། །དྲན་པ་མྱོས་ཤིང་འཐོམ་པ་འོ། །ཟུག་གཟེར་ལངས་པ་མེད་པར་ལྡང་། །ཞག་གསུམ་ལྔའམ་བདུན་དགུ་ན། །གཤིན་རྗེའི་གནས་སུ་ཁྲིད་པར་བྱེད། །ཤ་རུས་གཉིས་ཀ་ཆག་གྱུར་ན། །སྨན་བཟང་དཔྱད་དག་མི་བྱ་འོ། །
དཔྱང་ཐག་བདུད་རྩ་ནག་པོ་དང་། །ཚངས་སྐུད་ཆད་ན་འཆི་བར་འགྱུར། །བདུད་རྩ་ནག་པོ་འཁོར་བ་ནས། །ལྡན་པའི་ངོས་སུ་བཅལ་བ་ན། །ཚོན་གང་ཕུན་ནི་ཕྱེད་དང་དོ། །ཕོ་བའི་རྒྱུ་རྩ་ནག་པོ་ཡོད། །རུས་པ་ཆག་ནས་བཅོ་ལྔ་ན། །དབུགས་རྒོད་ཚ་བ་ཆེ་བ་དང་། །ཕྱི་ཆག་མགོ་སྐྲངས་གདོང་པ་འཇིལ། །རྐང་ལག་བེམས་ཤིང་ལྕི་བ་དང་། །དང་ག་མི་བདེ་དྲན་པ་ཉམས། །ཚངས་པའི་སྐུད་པ་དག་ནས་ནི། །རྭ་ཡི་ངོས་སུ་ཚོན་གང་བཅལ། །གློ་སྙིང་རྒྱུག་པའི་རྩ་ཡོད་དེ། །རིམས་ཐབས་ན་ཞིང་སླ་བ་དང་། །ཆུ་བ་མཇིང་བ་རེངས་པ་དང་། །འཐིབས་ཤིང་སྐྱུགས་པ་དག་ཏུ་འོ། །སྤྱི་གཙུག་ཚངས་པའི་བུ་ག་ནས། །རྒྱུབ་ཏུ་ཚོན་གང་བཅལ་བ་ན། །བཤུལ་ཤ་རེངས་ཤིང་ཚ་བ་སྐྱེ། །ཀླད་པའི་གཟེར་རྩ་དག་ཡིན་ནོ། །དེ་ལྟར་གསུམ་ནི་གཉན་པ་སྟེ། །གང་གི་དཔྱང་ཐག་བདུད་རྩ་དང་། །ཚངས་སྐུད་གསུམ་ཡང་གཉན་པ་སྟེ། །རེ་རྩ་སྙིང་རྩ་ཁུག་པ་གསུམ། །དགུ་པོ་ཤིན་ཏུ་གཉན་པས་སོ། །ཀླད་པའི་གཟེར་རྩ་དག་ནས་ནི། །ལྟག་པར་ཚོན་གང་བཅལ་བ་ནི། །ཀླད་པ་དག་ནས་མིག་ཏུ་འཁོར། །ཆད་ན་མིག་འབྲུལ་གཞུང་རེངས་ཏེ། །བརྒྱལ་དང་འབོག་པས་འཆི་བ་འོ། །
དེ་འཁོར་ནས་ནི་རྣ་བ་ཡི། །ཕྱི་མཆན་རྩེ་མོ་སླེབ་པ་ན། །རྣ་བའི་རྩ་ཡོད་སྲུབས་དང་ཉེ། །ཆད་ཀྱང་འཚོ་བ་དག་ཏུ་འོ། །ཀླད་ནས་མིག་ཏུ་འཁོར་བ་ནས། །དེ་ནས་ཕན་ཚུན་གྱེན་ལ་བཅལ། །ཚོན་གང་ཕུན་གང་བཅལ་བ་ན། །གཞུང་རྩ་སྲོག་རྩ་གཉིས་ཡིན་ཏེ། །སྲུབས་ཀྱི་གཡས་གཡོན་དག་ཏུ་སྟེ། །གཞུང་རེངས་ཚད་པ་ཤིན་ཏུ་ཆེ། །སྒལ་ཚིགས་དག་ན་ཤིན་ཏུ་གཟེར། །ཀླད་སྙིང་ཐོད་པའི་འབོག་མཚམས་ན། །མཐེབ་མོ་ཙམ་གྱི་རྨེན་བུ་ཡོད། །དེ་ལ་རེ་ཐག་རྩ་ལྔ་ནི། །ལྟག་པའི་བྱེ་ཁར་རུས་པ་ནི། །འབུར་པོ་ཡི་ནི་གཡས་གཡོན་ན། །སོར་གསུམ་དག་ན་རེ་ཐག་རྩ། །ཕན་ཚུན་གཉིས་ན་རེ་རེ་འོ། །འབོག་མཚམས་གཉའ་བའི་ཉག་ཉག་པོ། །ལྡེབས་ན་རེ་རེ་ཡོད་པ་སྟེ། །ལྟག་པ་ཡི་ནི་བྱེ་ཁ་ནས། །སོར་གཅིག་གྱེན་ལ་བཅལ་བ་གནད། །གཅིག་སྟེ་དེ་ལྟར་ལྔ་དག་གོ །དེ་ནི་ཀླད་པའི་སྙིང་དག་སྟེ། །དབང་པོ་ལྔ་དང་འབྲེལ་བ་འོ། །
ཕྱི་རུ་བྱུང་བ་བཅུ་གཅིག་སྟེ། །སྨིན་མའི་ཕྲག་ནས་སོར་གཅིག་བཅལ། །ཕན་ཚུན་མིག་འབྲས་ཐད་ཀ་ན། །རེ་ཐག་རྩ་ནི་ཁོང་སྟོང་གནས། །སྐྲངས་ལ་ཕོ་བ་གྲིམས་ཤིང་ཚ། །དེ་ནས་གྱེན་ཚོན་ཕྱེད་དང་དོ། །བཅལ་བ་མིག་རྩ་དག་ཏུ་འགྲོ། །མིག་ལོང་མིག་ལུག་དག་ཏུ་འགྲོ། །སྨིན་ཕྲག་སྣ་ཡི་འཛུམ་དག་ནས། །གློ་སྙིང་འཕར་རྩ་འཁྱུད་མོ་ཡོད། །དེ་ནས་སྨིན་མར་ཚོན་གང་བཅལ། །བེ་གསང་དག་ནི་ཡོད་པ་འོ། །རུས་པ་ཆག་གམ་གྲུམས་ན་འཆི། །རྐང་ལག་རེངས་ཤིང་ཁ་སྨྲ་བ། །གཟེར་ཟུག་ཆེ་སྟེ་འཆི་བར་འགྱུར། །ཟ་འགྲམ་འབུར་དང་སྨིན་མའི་ཟུར། །མིག་དང་འབྲེལ་བས་བད་ཀན་རྩ། །རྣ་བ་འོན་ཞིང་མིག་ལྡོང་ངོ་། །དེ་ནས་མདུན་དུ་ཕུན་གང་ན། །ཀླད་པའི་མཆེ་བ་དག་ཡོད་དོ། །རྣ་བའི་བུག་པའི་ཡར་གསེབ་ནས། །ཀླད་པའི་ཐེར་ངོས་ཚོན་གང་བཅལ། །རེ་རེ་དག་ནི་ཡོད་པ་སྟེ། །མིག་བཟློག་སྨྲ་བ་ཆོ་འཕྲུལ་འོང་། །མགོ་འཁྱོམ་སྣ་ནས་ཆུ་སེར་འཛག །མཆེ་བའི་རྩ་ཡི་གྲངས་དག་ནི། །ཐག་པ་དག་ནི་བཅུ་གཅིག་གོ །
འདི་རྣམས་བཅོས་ལ་གཏར་མི་བྱ། །སྨན་གྱིས་འཚོ་བ་དག་སྲིད་དོ། །བར་གྱི་ལྷ་བའི་རྩ་ལྔ་ནི། །བདུད་རྩ་ནག་པོ་འཁོར་བ་དག །གཡས་གཡོན་དུང་བཞིན་འཁྱིལ་བ་ཡོད། །ཕྱི་དུང་ནང་དུང་བར་ན་ནི། །ཆུ་ནང་ཆུ་སྲིན་དམར་འདྲ་ཡོད། །སྣ་སྒོ་སྐམ་ཞིང་མིག་རྩ་རྒོད། །འདར་ཞིང་སྣ་གོང་རྔུལ་པ་འོ། །རྣ་བའི་རྩེ་མོ་སོར་བཞི་ནས། །ར་ཁ་དག་ནས་ཁྱི་ཉལ་ཡོད། །ཆོད་ན་འདར་ཞིང་ཚ་བ་སྐྱེ། །ལྷ་བ་དག་ནི་བྱེར་བ་འོ། །འགྲེང་བུ་མིག་ནས་ཚོན་གང་བཅལ། །མིག་གི་ཐད་ཀ་དག་ཏུ་འོ། །མིག་རྩ་ལྷ་བ་བྱེད་བ་འོ། །དྲན་པ་ཉམས་ཤིང་འཆི་བར་བྱེད། །འཕྲེད་ཉལ་དག་ལ་ངེས་པ་མེད། །ཕལ་ཆེར་རྣ་ལྟག་ལྷ་བར་རོ། །
ཤ་རྩ་དག་ནི་འདི་ལྟ་སྟེ། །སྤྱི་གཙུག་མདུན་གྱི་རྩ་མཆན་གཉིས། །མདུན་དུ་རུས་རྩ་གསུམ་དང་བཅས། །སྲུབས་ན་དེ་ལ་མིག་རྩ་ཡོད། །ཕྲ་མོར་འཕར་བ་རྣ་བའི་མདུན། །རྩེའུ་མགོ་དག་དང་འབྲེལ་བ་འོ། །བེ་གསང་དག་ནས་རྣ་མཆན་དུ། །མདུན་དུ་རྒྱུ་སྟེ་མུར་འགྲམ་དང་། །ཕོ་བར་འབྲེལ་བས་ཕོ་རྩ་ནག །རྒྱབ་ཀྱི་འདུས་སོ་ཆེན་པོ་ལ། །རུས་པའི་རྩ་ནི་སྒྱེད་གསུམ་ལས། །རྣ་བའི་རྒྱབ་ཏུ་འཕར་ཞིང་རྒྱུ། །རྣ་བའི་ནང་གི་ར་ལུག་འབྲེལ། །ཨོག་མའི་ཕོ་རྩ་ནག་པོ་ཡིས། །ཡ་མཆུ་མ་མཆུ་བསྐོར་ནས་ནི། །རྣ་མཆན་མིག་གི་ལྐོག་ཏུ་ནི། །མཁུར་ཚོས་ཁྲག་མཚོ་དམར་པོ་དང་། །བྱེ་རྗེས་ཤ་སྣ་ཀར་རུར་འབྲེལ། །དེ་འོག་སྙིང་རྩ་འཕྲེད་ཉལ་ལོ། །དེ་ལས་སྣ་མཆན་ཆུ་བའི་སྦུབས། །རུས་པའི་རྩ་དེ་མིག་ཕུགས་སུ། །ཆོད་ན་རྐང་ལག་ཞ་བར་འགྱུར། །མིག་གི་འབྲས་བུའི་ཐད་ཀ་ནས། །རུས་རྩ་བྱ་རོག་སྡེར་མོ་ཡོད། །
བདུར་རྩ་ནག་པོ་འཁོར་བ་ནས། །མདུན་དུ་ཐུར་གང་བཅལ་བ་ནི། །ཕོ་བའི་རྩ་སྟེ་མདུན་ལོང་རྩ། །ལྟག་པའི་རྒྱ་སྲུབས་ཐུར་ལ་ནི། །ཕུན་ཕྱེད་བཅལ་བ་མཆིན་པའི་རྩ། །གློ་རྩ་འདུས་སོ་ཆུ་ཆུན་ནས། །ཐེ་གུ་བརྒྱངས་པ་བཞིན་དུ་གྱེས། །རྒྱབ་རྩ་རྣ་བའི་རྒྱབ་ཏུ་འབྲེལ། །མཆེར་རྩ་ལྟག་པའི་ཆུ་བར་ཡོད། །མཆིན་པའི་རྩ་ནི་རྒྱབ་ན་འོ། །མཁལ་རྩ་ཆུ་བ་དག་དང་འགྲོགས། །དཔྲལ་བ་ཕལ་ཆེར་མཁྲིས་པའི་རྩ། །དོན་སྣོད་རྣམས་ནི་བབས་ཀྱིས་བརྟག །བདུད་ཀྱི་དཔྱང་རྡོ་ནག་པོ་ནི། །ཤོར་ནས་གློ་དང་སྙིང་ལ་བབས། །འདར་ཞིང་བླ་བརྡོལ་ཚད་པ་ཆེ། །འཐོམས་ཤིང་ལུས་པོ་རེངས་པ་འོ། །སྨིན་ཕྲག་སོར་བདུན་མཁྲིས་རྩ་ན། །ཆོད་དམ་ཤོར་ན་མཁྲིས་པ་སྐྱུགས། །ལུས་ལྕི་མིག་མི་མཐོང་བ་དང་། །བཅུ་བདུན་བཅུ་དགུ་དག་ན་འཆི། །ཀླད་མིག་འཁོར་བ་ཤོར་བ་ན། །ཞག་ལྔ་བདུན་ན་འཆི་བ་སྟེ། །རྐང་པ་རེངས་ཤིང་སྟོང་སྐྱུགས་བྱེད། །ཡན་ལག་སྡུད་མི་ཤེས་པ་འོ། །ཀླད་རྩ་ཟ་འགྲམ་རྩ་ཤོར་ན། །མ་སྣད་ངོ་སྐྲངས་དབུགས་ཐུང་ངོ་། །
དེ་ཡི་རྩ་ལག་ནུ་མ་དང་། །བཞག་ཤའི་བར་ན་འགུལ་བའི་རྩ། །སོག་པའི་ལོགས་གཉིས་དག་དང་ནི། །གྲུ་མོའི་རྩ་ནི་རཏྣར་འབྲེལ། །ཟ་འགྲམ་གཡོན་གྱི་རྩ་ཤོར་ན། །མོད་ནས་མིག་མི་མཐོང་བ་དང་། །སྣ་གོང་རྔུལ་ཞིང་སྟོང་སྐྱུགས་བྱེད། །གོང་ན་བདུད་རྩ་ནག་པོ་ནས། །སོར་གསུམ་བཅལ་བ་དག་ཡིན་ནོ། །འོག་མ་སོར་བཞི་དག་ན་ཡོད། །པྲ་ལག་གཅིག་ནི་སྐྱོགས་ར་ནས། །གྲུ་མོ་ལག་མཐིལ་དག་ཏུ་བབས། །གཅིག་ནི་ནུ་མའི་འཐེན་ཤ་ནས། །དཔྱི་ཡི་ཁ་གཟར་སྒྱིད་ཁུང་དང་། །རྐང་མཐིལ་རྒྱུ་མོ་གོང་དུ་བབས། །ཉི་ཤུ་རྩ་གསུམ་ལྔ་ན་འཆི། །མདུན་གྱི་སྐྲ་ནི་ཡོད་མེད་ཀྱི། །ཀླད་པའི་འཐེན་ཤ་ཤོར་ན་ནི། །རྐང་ལག་འཁུམས་ཤིང་འགུལ་མི་ཤེས། །འདྲེ་བཞིན་གླང་ཐབས་ལྡང་ལྡུབ་བྱེད། །ཕོ་མཆིན་མི་བདེ་སྟོང་སྐྱུགས་བྱེད། །བདུན་ནམ་དགུ་ན་ལྐུགས་ནས་འཆི། །ནད་ནི་བྱིན་པའི་ཉྭ་ལ་བབས། །རྐང་མཐིལ་བབས་པས་འཆི་བར་འགྱུར། །སྙིང་ལ་བབས་པས་སྙིང་མི་ཐུབ། །སེམས་མི་དགའ་ཞིང་གཉིད་མི་འོང་། །མིག་རྩ་རྒོད་ཅིང་དབུགས་མི་བདེ། །བྱ་བྱེད་མང་ཞིང་བླ་ཅོལ་སྨྲ། །ཞག་ལྔ་དག་ནས་ཅུང་ཞིག་བབས། །བདུན་ན་ཆུ་སེར་སྙིང་ལ་ལྷུང་། །དགུ་ན་ཆུ་སེར་རྩར་རྒྱུ་སྟེ། །བཅུ་གསུམ་དག་ནས་འཆི་བར་འགྱུར། །གློ་ལ་བབས་ན་གློ་འོང་ཞིང་། །དབུགས་ཐུང་གློ་ནས་རྣག་ཁྲག་འོང་། །བརྒྱད་ལ་གློ་འབུད་ཁ་མཚུལ་སྐམ། །ཤ་རུས་བྱེ་ཞིང་བྲང་རུས་གཟེར། །བཅུ་གསུམ་རྨ་ཁ་སྐམ་ཞིང་ལྡོག །མ་ལྐུགས་ཉི་ཤུ་གཅིག་ན་འཆི། །མཆིན་པ་ལ་བབས་མཆིན་པ་ནི། །མི་བཟོད་རྡོལ་ཞིང་ཕོ་ཟུར་གཡས། །སྐྱིགས་བུ་འོང་ཞིང་གཟེར་བ་དང་། །ཡང་ན་ཕོ་མཆིན་གཟེར་བ་དང་། །ཡང་ན་འཁྲུག་ཅིང་མུག་མུག་བྱེད། །ཉི་ཤུ་གཅིག་དང་ལྔ་ན་འཆི། །མཁལ་མ་ལ་བབས་མཚན་ཉིད་ནི། །ཆུ་བ་འཐེན་ཞིང་ལྟག་པ་དགྱེ། །བཤུལ་ཤ་རེངས་ཤིང་དགྱེ་དགུ་དཀའ། །ཆུ་སྡོམ་ཁ་ཆུ་སྔོན་པོར་འགྲོ། །གཟེར་ཟུག་ཤིན་ཏུ་ཆེ་བ་སྟེ། །དགུ་ན་རྨ་ལྡོག་ས་བོན་འཆོར། །བཅོ་ལྔ་བཅུ་དགུ་དག་ན་འཆི། །མཆེར་པ་ལ་བབས་ཞག་ལྔ་ན། །དབུགས་ཐུང་ངོ་གདོང་སྐྲངས་པ་དང་། །ངོ་ཤིག་མཆེར་པ་བརྒྱངས་པ་འདྲ། །བཅོ་ལྔ་བཅུ་དགུ་དག་ན་འཆི། །
ད་ནི་སྣོད་དྲུག་བབས་པ་ནི། །རྒྱུ་མ་ལ་བབས་རྒྱུ་འཁྲོག་ཅིང་། །ཕོ་བ་མི་བདེ་བདུན་ནས་ན། །བཅུ་གསུམ་དག་ནས་འཁྲུ་དང་སྐྱུགས། །བཅོ་བརྒྱད་ལ་ནི་འཆི་བར་འགྱུར། །ལོང་ལ་བབས་ན་བཅུ་གསུམ་ན། །ལོང་གི་ཆུ་སེར་གྱེན་ལ་སྐྱུགས། །ལོང་འཁྲོག་འཁྲུ་བ་སེར་པོར་འཁྲུ། །བཅུ་བདུན་ཆུ་སྡོམ་བཅུ་དགུར་འཆི། །མཁྲིས་པ་དག་ལ་བབས་པ་ནི། །ལུས་སེར་མིག་དང་ཁ་ལྕེ་སེར། །ཁ་ཁ་མཁྲིས་སྐྱུགས་ཕོ་བ་གཟེར། །དང་ག་མི་བདེ་ཚད་པ་ཆེ། །བཅུ་གསུམ་དག་ནས་བདེ་ན་འཚོ། །མ་བདེ་བཅུ་བདུན་བཅུ་དགུར་འཆི། །ཕོ་བ་དག་ལ་བབས་པ་ནི། །ཞག་ལྔ་དག་ནས་ཕོ་བ་འཁྲོག །སྒྲེགས་ཤིང་སྟོང་སྐྱུགས་བྱེད་པ་དང་། །བཅུ་གསུམ་རྨ་ལྡོག་རྩ་གསུམ་འཆི། །ལྒང་ཕུགས་དག་ལ་བབས་པ་ནི། །ཞག་དགུ་དག་ལ་ཆུ་སྲི་ཞིང་། །བཅུ་གཅིག་ལོག་ནས་བཅུ་གསུམ་འཆི། །བསམ་སེའུ་དག་ལ་བབས་པ་ནི། །གྲང་ཤུམ་བྱེད་ཅིང་འདར་བ་དང་། །ཟུག་གཟེར་བྱེད་ཅིང་རྐེད་པ་ཁོལ། །དགུ་ནས་བཅུ་འམ་བཅུ་གསུམ་ལྡོག །བཅུ་དགུ་དག་ན་འཆི་བ་འོ། །ཤ་རུ་ཆད་ན་རྟ་ཤ་ན། །མོན་རུ་ཆད་ན་བཤུལ་ཤ་ན། །ཤ་ན་བེམ་པ་དང་ཡང་འདྲ། །མི་བཟོད་ན་ཚ་ཤིན་ཏུ་ཆེ། །སོ་མ་རཱ་ཛ་ལས་རྩ་ཡི་ནད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ཞེ་དགུ་པའོ།། །།
དེ་ནས་ཡན་ལག་རྣམ་བཞི་ཡི། །མཚན་ཉིད་སོ་སོར་བསྟན་པ་ལ། །རུས་པ་ཆུ་བ་དག་དང་ནི། །རྩ་དང་ཤ་ཡི་བྱེ་བྲག་གོ །རུས་པ་ལྷ་བ་དག་དང་ཚིགས། །ཆུ་བ་དག་དང་རྒྱུས་པ་འོ། ལྷ་བ་སྨུག་(རུས་པའི་གནད་བསྟན)དང་སེར་པོ་དང་། །ཞུན་བུ་དག་ནི་རྐང་མར་དུའོ། །ཚིགས་ནི་ཚིགས་ཆེན་བཞི་དང་ནི། །ཚིགས་ཕྲན་བརྒྱད་དང་བཅུ་གཉིས་སོ། །མས་རྒྱུག་ལྷ་བ་ཆེ་ལ་སོབ། །ཡས་རྒྱུག་ལྷ་བ་ཆུང་ལ་མཁྲེགས། །སོག་བྱ་དག་ལ་སོང་བ་ནི། །སྐོམ་ཞིང་ཞ་བ་དག་ཏུ་འགྱུར། །སོག་པའི་མེ་ལོང་ལ་སོང་ན། །ལུས་འདར་དང་ག་མི་བདེ་ཞིང་། །མིག་སྤྲིན་སེར་ཞིང་སྐྱིགས་བུ་འོང་། །བཅུ་བདུན་ཉི་ཤུ་དགུ་ན་འཆི། །དྲོད་ཤོར་གཤེན་ཐག་འཆད་ནས་འཆི། །དཔུང་པའི་ལྷ་བ་སྨུག་པོ་ལ། །ཕོག་ན་ན་ཚབས་ཤིན་ཏུ་ཆེ། །རྣག་ཆུ་ཆེ་ལ་ཞག་ཅན་འོང་། །ཉེན་ནི་ཡུན་རིང་འབྲིང་དུ་འོ། །ཚིགས་པ་དག་དང་ཞུན་བུ་ནི། །རྐང་དམར་ཆད་ན་ཉེན་ཆེ་སྟེ། །གྲམ་ཚེ་(བོལ)ཉེན་མེད་ན་ཚ་ཆེ། །
དཔྱི་ཡི་འཁྲུལ་མིག་རུས་པ་ནི། །ཉེན་ཆེ་གཤེད་ཐག་ཆད་ན་འཆི། །པུས་མོའི་སོར་བཞི་གནད་ཡིན་ཏེ། །བརླ་དང་དཔུང་པ་རུས་པའི་འོག །ཡས་རྒྱུག་ཁུ་ཚར་བཅངས་པ་འདྲ། །མཁྲེགས་པས་ན་ཚ་ཆེ་བ་སྟེ། །ཕལ་ཆེར་འཆི་བ་དག་ཏུ་འགྱུར། །པུས་མོའི་གོང་ཁབ་སེ་བ་རུས། །རྒྱུས་པ་དག་གི་གནད་ཡིན་ནོ། །ཞ་དང་འཁུམས་པ་དག་ཏུ་ཤེས། །རྒྱ་ཚིགས་ལོང་མོའི་བར་དག་ནི། །རུས་པའི་དུང་ཁབ་ཞེས་བྱ་བ། །ཟླ་བ་ཁམ་པ་འདྲ་བའི་དུས། །དེ་ནི་གནད་ཡིན་འཆི་བར་འགྱུར། །རྟིང་པའི་ཕྱི་ཡི་འབུར་པོ་ནི། །སྲེ་ལོང་ཆུ་བ་དག་དང་འབྲེལ། །སྲེ་ལོང་རུས་པ་སྲིན་མོ་ཡི། །རྐང་མཐིལ་རུས་པ་འགྲངས་སམ་ལྟོགས། །རྒྱུ་མའི་ཤ་དང་རྩར་འབྲེལ་པའོ། །མནམ་གལ་དག་ཡང་གནད་ཡིན་གཉན། །དཔུང་པའི་ལྷ་བ་སྨུག་པོ་ནི། །སོར་སྣ་དག་ན་ཡོད་པ་སྟེ། །ལག་ངར་ཐུར་འགོ་དེ་བཞིན་ནོ། །རྟགས་ནི་གྲང་ཤུམ་ཚ་བ་སྐྱེ། །ལྔ་དང་དྲུག་ན་སྐྲངས་འགྱུར་ཏེ། །ཤ་རུས་བྱེ་སྟེ་འདར་བ་དང་། །ལྷང་ཀྱོག་ཆེ་བས་འཆི་བར་འགྱུར། །སེར་པོ་དག་ཀྱང་དེ་བཞིན་ཏེ། །ལག་ངར་དག་ལ་གཉིས་དག་གོ །རླུང་ལངས་ཤིན་ཏུ་སིལ་སིལ་བྱེད། །གྲང་ཤུམ་ཚ་བས་གཉིད་མི་འོང་། །རྔུལ་ཞིང་རྨ་ནས་ཞག་འཛག་པའོ། །དཔུང་པ་དག་ལ་ཞུན་བུ་ནི། །སོར་བརྒྱད་དག་ནས་ཡར་རྒྱུག་སྟེ། །ཐུར་མ་དག་ལ་བཅུ་དག་གོ །
རྐང་དམར་འཛག་སྟེ་ཟད་ནས་འཆི། །དཔྱི་ཡི་ལྷ་མོ་ཆེ་ནི་སོར་ལྔ་བསྐོར། །མདུན་གྱི་གང་ཉེ་དག་དང་འབྲེལ། །དཔྱི་ཡི་བུག་པ་བདུད་ཀྱི་ཁུང་། །བརླ་ཡི་མས་རྒྱུག་གོང་བཞིན་ཏེ། །ཞུན་བུ་སོར་ནི་བཅུ་གཉིས་ན། །ཐུར་འགོ་རྗེ་ངར་དེ་བཞིན་ཏེ། །ཞུན་བུ་དག་ལ་བ་སྦྲ་མེད། །མཛུབ་མཐོ་གང་ངོ་རྗེ་ངར་ལའོ། །སོག་པ་དག་ཀྱང་གཉིས་དག་ན། །དཔྱི་ཡང་དེ་བཞིན་གཉིས་དག་སྟེ། །རྐང་ནི་བརྒྱད་དང་ཐུར་མ་བཞི། །པྲམ་ཙེ་དྲུག་ཅུ་ཐམ་པ་དང་། །འགྲམས་པ་སྡུད་པ་གཉིས་དག་དང་། །སྲེ་ལོང་བ་ནི་གཉིས་དག་དང་། །པུས་མོ་དབུས་སྐུ་སེ་བ་རུས། །ཚིགས་ཆུ་དག་ནི་བཞི་དག་སྟེ། །རྒྱ་སྐྱེགས་ཁུ་བ་འདྲ་བ་ན། །བཅུ་དྲུག་དག་ན་འཆི་བར་འགྱུར། །ཆུ་ཡི་མདོག་འདྲ་སྔོ་སེར་ན། །བཅུ་གཅིག་བཅུ་གསུམ་དག་ན་འཆི། །འོ་མའི་མདོག་འདྲ་མྱུར་དུ་འཆི། །མཆིལ་མ་དང་འདྲ་འཚོ་བ་སྲིད། །འཆི་བར་འགྱུར་ན་ཉི་ཤུ་གཅིག །ཆུ་བ་དང་ནི་ལག་ལ་བཞི། །རྐང་པ་ལ་ཡང་དེ་དང་འདྲ། །བཞི་ཀ་ཚོད་ན་ཕལ་ཆེར་ཞ། །རྒྱུས་པ་ཆོད་ན་འཆི་བར་འགྱུར། །སྙིང་ལ་མཁལ་མའི་ཐག་པ་འོ། །ལག་པ་ལ་ནི་འཕར་རྩ(རྩའི་གནད་བསྟན)དང་། །དེ་ཡི་གྲོགས་ཀྱི་རྩ་དག་གོ །འཕར་རྩ་བླ་རྩ་སྙིང་རྩ་སྟེ། །བླ་རྩ་མཁྲིག་མའི་འོག་ཏུ་སྟེ། །སྙིང་རྩ་མཁྲིག་མའི་འོག་ཏུ་རྒྱུ། །ལག་མཐིལ་དག་ཏུ་འཁྲུལ་འཁོར་རོ། །ཆོད་ན་གློ་དང་སྙིང་ལ་བབས། །ལག་མཐིལ་མེ་སྟེ་སྲོག་གི་གནད། །མཐེབ་མོའི་གོང་དང་མཐེབ་ཆུང་མདུན། །རྐང་དང་ཐུར་མའི་བར་དུ་འགྲོ། །གྲུ་མོའི་ཁུག་ནས་རྩ་བོ་ཆེ། །འགྲོགས་ནས་སྒྲོག་རུས་སོག་པའི་བར། །བྱང་ཁོག་ནང་དུ་འགྲོ་བར་བྱེད། །གཞུ་མཆོག་གྲུ་མོ་མདའ་ལྟོང་ན། །རླུང་རྩ་རཏྣ་བརླ་ཡི་རྩ། །ཆོད་ན་འགུགས་དང་ལྟག་པ་དགྱེ། །ཚ་བ་མེ་བཞིན་གཞུང་རེངས་ཏེ། །ཁ་མིག་ཡོན་པོ་དག་ཏུ་འགྲོ། །ལྷང་ཀྱོག་ཆེ་ཞིང་འཆི་བར་འགྱུར། །གྲོགས་ནི་ཤ་རྩ་རུས་རྩ་སྟེ། །ཤ་རྩ་མཐེབ་གོང་གློ་ཡི་རྩ། །སྐྱོར་གོང་རྒྱབ་ན་དྲུག་འདུས་གནས། །ཆོད་ན་འཁྲུ་སྟེ་ཉི་ཤུ་ན། །གྲུ་མོ་ཁུག་ན་སྣོད་ཀྱི་རྩ། །མཆིན་པའི་རུ་ཐུང་གཤའ་རེངས་དང་། །མཁྲིས་པའི་རྩ་དེ་ཁྱུད་མོ་དང་། །རྩ་བོ་ཆེ་ལས་གྱེས་པ་འོ། །
དཔུང་པའི་གདུམ་རྩ་དག་ནས་ནི། །གློ་བའི་ཨ་སོ་ཟུར་རྩར་གྱེས། །དེ་རྣམས་ཆོད་ན་འཆི་བར་འགྱུར། །ནང་གི་ཉ་ཟླུམ་སྟེང་དག་ན། །མཁྲིས་པའི་རྩ་དག་གནས་པ་སྟེ། །ཆོད་ན་འཁྲུ་ཞིང་འཆི་བར་འགྱུར། །ལག་ངར་ལོང་བུ་སྟེ་དག་ན། །མཁྲིས་པའི་སྤྲ་ལག་ཆོད་ན་ཞ། །རུས་པ་སོག་པའི་སྐྱོགས་ར་ན། །རྩ་གསུམ་བྱུང་སྟེ་དབུས་མ་ནི། །བླ་རྩ་ཞེས་ནི་བྱ་བ་སྟེ། །མཆན་ཁུང་སོར་བཞི་བཅའ་བ་ནས། །འབྲེལ་མཚམས་དཔུང་པའི་རྩ་ནག་ཡོད། །ཐལ་གོང་དག་ན་གཡང་རྩ་སྟེ། །གློ་རྩ་གློ་ལུ་ལག་མི་ཐེག །མིག་སྤྲིན་སེར་པོར་སོང་ནས་འཆི། །རྩ་ནག་གཡང་རྩ་ཆོད་ན་ནི། །ཚད་པ་ཆེ་ཞིང་བླ་ཅོལ་སྨྲ། །སྙིང་གདུངས་གཉིད་མེད་དྲི་མ་ལུག །འཆི་བའི་གནད་དུ་ཤེས་པར་བྱ། །རྐང་པ་དེ་བཞིན་འཕར་རྩ་དང་། །དེ་ཡི་གྲོགས་ཀྱི་རྩ་དག་གོ །སྙིང་གི་རྩ་ནི་ཡོབ་ཆེན་གོང་། །ཆུ་བ་ཁ་དབྲག་མཐེབ་མོའི་བར། །བླ་རྩ་ལོང་མོའི་རྒྱབ་དང་ནི། །རྟིང་ཆུའི་བར་སོང་རྐང་མཐིལ་དུ། །མགོ་བོ་འཕྲད་པ་འཁྱིལ་བ་སྟེ། །ཆོད་ན་ཤ་དང་རུས་པ་བྱེ། ཁོང་ཚད་ཆེ་ཞིང་ཟུག་གཟེར་ཆེ། །བདུན་ནམ་དགུ་ན་འཆི་བར་འགྱུར། །སྤྱི་བོར་བདུད་རྩ་ནག་པོ་འཁོར། །རྐང་པའི་མཐིལ་ན་འདུས་པའི་རྩ། །ལག་མཐིལ་སྙིང་རྩ་འཁོར་བ་སྟེ། །རྗེ་ངར་ཐུར་བར་གཅིག་ཏུ་འགྲོ། །བརླ་ཡི་ཁུག་ནས་དཔྱི་མིག་ན། །གང་སྦྲའི་སྟེང་ནས་གཞང་ཁར་འཁོར། །ལོང་ཟུར་བཅུ་གསུམ་དག་དང་ནི། །གློ་སྙིང་དག་ཏུ་འབྲེལ་བ་འོ། །གྲོགས་ནི་ཤ་རྩ་རུས་རྩ་འོ། །རུས་རྩ་དཔུང་འགོ་སོར་བཞི་ན། །རུས་རྩ་སྒྱེད་གསུམ་དག་ཡོད་དེ། །ཆོད་ན་ལྷ་འབྲོསཤ་རུས་འབྱེ། །རྐང་པ་བེམ་སྟེ་ཞག་བདུན་ན། །ལྡོག་སྟེ་དགུ་དང་བཅུ་ན་འཆི། །རྗེ་ངར་ཐུར་མའི་ལྡེབས་ན་ནི། །རུས་རྩ་ནག་པོ་ཡོད་པ་སྟེ། །སྟོད་དུ་ཚ་ཤོར་གློ་སྙིང་འདེགས། །རྩ་ཁ་མི་ཐུབ་འཆི་བར་འགྱུར། །རྩ་བོ་ཆེ་ནི་བརླ་ཡི་ནང་། །ལོང་མོའི་ནང་འགྲོ་ལོང་རྩ་ཡིན། །མཁའ་མའི་དཔྱི་ཡི་ཁ་གཟར་ཁ། །རྩ་ཆོད་ཆུ་སྡོམ་སྨད་མི་ཐེག །ལུས་སྦོ་དྲོད་འཆོར་འཆི་བར་འགྱུར། །
སྣག་པོ་ཆེ་ཡི་ཤ་སྲུབས་ན། །མཁྲིས་པའི་རྩ་ཆོད་འཆི་བར་འགྱུར། །ཚ་བ་སྐྱེ་ཞིང་མཁྲིས་པ་སྐྱུག །མདོག་སེར་དྲོད་ཉམས་བདུན་དགུ་ན། །བརླ་སྒང་ཤ་དང་རུས་པར་ན། །མཁལ་མའི་ཆུ་རྩ་ཡོད་པ་སྟེ། །ཆོད་ན་ཆུ་སྡོམ་ས་བོན་འཆོར། །རྩ་བོ་ཆེ་ལས་གྱེས་པ་ཡི། །འཕྲེད་ལ་ཕོ་བའི་གདུམ་རྩ་ཡོད། །ཆོད་ན་འཁྲུ་ཞིང་ཕོ་བ་འཁྲོག །བརླ་ཡི་ནང་ནས་ཕྱེད་སླེབས་སུ། །སོར་བཞི་བཅལ་བ་མཆེར་པའི་རྩ། །དེ་ནས་པུས་མོའི་ཕྱི་ཟུར་དུ། །བྱ་རོག་མིག་སྟེ་རང་གདོང་རྐང་། །པུས་སྣ་སོར་བཞི་ཁྱུད་འཁོར་ནི། །མཆེར་རྩ་གནས་ཏེ་བརྡུངས་པས་ཆོག །སྨད་འཕྱེས་ཕོག་མ་ཐག་ཏུ་སྐྱུག །པུས་མོའི་གོང་དུ་ནུ་འདྲ་སྐྲངས། །རྐང་བེམ་ཤ་བེམ་བཅུ་གཅིག་ན། །བཅུ་གསུམ་དག་ན་འཆི་བར་འགྱུར། །བྱིན་དཀྱིལ་མཁལ་མའི་བྱིན་གཞུག་རྩ། །དགབ་ཁུང་མཆིན་རྩ་བྱ་རོག་རྗེས། །དྲག་མཁར་དག་ན་གཞུང་རྩ་ནག །རྒྱུས་པ་ལྟར་འདྲ་རེ་རེ་ཡོད། །ལོང་མོའི་ལྐོག་ན་གནས་པ་སྟེ། །སྙིང་རྩ་ཡིན་ཏེ་བརྒྱུངས་ལ་འགྲོ། །གཞུང་རེངས་ཁ་དང་སྣ་དག་ནི། །སྡུད་མི་ཤེས་པ་བཅོ་ལྔ་ན། །ལོང་མོ་ནང་གི་དྲེག་མཚམས་ན། །རྩ་ནི་ལོང་དང་རྒྱུ་མའི་རྩ། །ཡོབ་ཅན་གོང་ན་ལྒང་པའི་རྩ། །དེ་དང་བདུད་རྩ་ནག་པོ་ཡོད། །ཤ་ཡི་བྱེ་བྲག་བསྟན་པ་ནི། །སོག་བྱ་ཤ་རུས་འབྲེལ་བའི་ཤ །ཟླ་བ་ཁུག་པ་ཞེས་བྱ་གཉན། །ཤ་དགྱེད་འདྲེན་ཤ་དག་ཏུ་འབྲོས། །སོག་པ་གཡས་གཡོན་ཤ་དག་ནི། །ཐག་པ་གཅུས་པ་དང་འདྲ་གཉན། །དཔུང་པའི་གོང་ཤ་རུས་པའི་འགོ །ཆུ་བ་དང་བྲལ་གཉན་ཤ་གནད། །ཆུ་རྩ་སྦུ་གུ་ཅན་དང་བཅས། །ཆོད་ན་བྱང་ཁོག་རྣག་ལྷུང་དང་། །ཞ་བ་དག་ཏུ་འགྱུར་བ་འོ། །འཛུམ་ཤ་གཤན་ཐག་(དཔུང་པའི)ཆད་ན་ཞ། །སོག་པ་དག་དང་དཔུང་པའི་ངོས། །སུལ་བཞི་སོག་བྱའི་ངོས་དང་གསུམ། །ལག་ངར་ལྷུ་ཡི་ཤ་སྣ་དང་། །ཕྱི་ལོགས་བཞག་ཤ་ནག་པོ་ཡི། །སོག་པའི་མཚམས་དང་སོག་བྱ་ཡི། །མཚམས་སུ་རྣག་གི་བསུ་ས་སྟེ། །སོག་པའི་རྩ་ལ་ངེས་པ་མེད། །དཔུང་པའི་ཕྱི་ཤ་ལག་ངར་གྱི། །རྟོགས་ཤ་ཆུང་ན་དྲག་ལ་གྲིམས། །
གདོང་ནི་ལུག་གཞུག་འཛུམ་དང་ནི། །ནང་ནི་ཉ་ཟླུམ་ཤ་དག་གོ །དཔུང་པའི་ལུག་གཞུག་རུས་པ་ལ། །ཆུ་བ་ཤ་ཡི་ཐག་པ་ཅན། །སོག་པའི་གཤན་ཐག་བཅད་པ་ནི། །ཉ་གསུམ་འདུས་པའི་གནད་དུ་འོ། །དཔུང་པའི་ཉ་ཟླུམ་སུལ་ཤ་ནི། །མཁྲིས་རྩ་འཕྲེད་ལ་འཁྲིས་པ་དང་། །བཅས་པ་ཆོད་ན་མཁྲིས་པ་འཁྲུ། །དཔུང་པའི་ལུག་གཞུག་འཛུམ་དང་ནི། །ནང་གི་རྩ་བོ་ཆེ་ཡི་སུལ། །ཕྱི་ཡི་གློ་རྩ་མཁྲིས་པའི་སུལ། །ལུག་གཞུག་སྣ་གཉིས་སུལ་ཡིན་ཏེ། །དཔུང་པ་དག་གི་ཁྱད་པར་ནི། །ལག་ངར་སྨྱུག་མ་སྦོམ་འདྲ་སྟེ། །སུལ་ནི་བཅུ་གཉིས་དབུགས་ས་ནི། །མཁྲིག་མའི་ཕྱི་ཟུར་ཐུར་བར་དང་། །ནང་ཟུར་མཚམས་དང་གཞུ་མཆོག་གི ། ཕྱི་ཟུར་ནང་ཟུར་གཉན་ཡང་དབུག །ལག་པའི་མཐིལ་ཤ་དབུག་པའོ། །དཔྱི་ཡི་ཁ་གཟར་བསྐོར་ཤ་སྟེ། །ནག་པོ་གླན་ཤ་རྩངས་འགོ་འདྲ། །དཔྱི་ཡི་ཆང་ཟུང་ཤ་དག་ནི། །ཕན་ཚུན་དག་ཏུ་གཅུས་པ་འདྲ། །སྣག་པོ་ཆེ་ཡི་ཤ་དག་ནི། །འདག་པ་བརྒྱབ་པ་འདྲ་བ་སྟེ། །ཤ་སྲུབས་འབོག་ས་གཉན་པ་སྟེ། །གཤན་ཐག་སྲིད་རྩ་བཅས་པ་གཉན། །དབུག་ས་དཔྱི་མིག་གཉིས་དང་ནི། །བཞག་ཤ་ནག་པོའི་སྣ་གཉིས་དང་། །བཤུལ་ཤའི་མཚམས་དང་སྣག་པོ་ཆེར། །བརླ་དང་རྡེའུའི་མཚམས་དག་ནི། །ཕྱི་ནང་གཉིས་ཀ་དབུག་པ་འོ། །དགབ་ཁུང་དག་གི་ཆུ་སུལ་ནི། །གར་ཤ་ཆོད་ན་གནད་དུ་འགྲོ། །བརླ་ཡི་སྒང་ཤ་མཐེབ་གང་ནི། །ཞིང་དུ་བགྲངས་པ་གཤན་ཤ་འོ། །པུས་མོའི་སྦལ་པ་ནག་པོའི་གནད། །ཕྱི་སུལ་རྨེན་བུ་དཀར་པོའི་གནད། །བརླ་ཡི་རྨེན་བུ་དཀར་པོ་ནི། །པུས་མོའི་ཕྱི་ཟུར་མཐོ་གང་ན། །རྐང་ལྷུ་སྣེའུའི་བར་ན་ཡོད། །མཚོན་དྲེད་མཁྲང་ལ་གྲིམས་པ་སྟེ། །ཚིལ་བུ་ཞུ་བས་གནད་དུ་འོ། །དཔུང་པའི་རྨེན་བུ་སྨུག་པོ་ནི། །གྲུ་མོ་སྣ་ནས་ལུག་གཞུག་གནད། །སྣར་ཚོན་གསུམ་བཅལ་དག་ཏུའོ། །དཔུང་དང་ལག་དང་ཉ་ཡི་སུལ། །ཚིལ་བུ་སྨུག་པོ་གོང་དང་འདྲ། །མཚོན་ནི་འགྱེད་མ་གྱེད་པའི་རྟགས། །དྲི་མ་ལུག་ཅིང་སྐྱུག་པ་དང་། །ཚ་བ་སྐྱེ་ཞིང་ལྷང་ཀྱོག་ཆེ། །ཞག་གཅིག་ལོན་ནས་སྐྲངས་པ་དང་། །ཞག་ལྔ་བདུན་ན་འཆི་བར་འགྱུར། །
པུས་མོའི་གཉན་གོང་གྱེན་བཅལ་བ། །སོར་བཞི་གྱེན་བཅལ་འཕྲེད་ལ་ཡང་། །ཕན་ཚུན་སོར་གཉིས་བཅལ་བ་ནི། །གསང་སྟེ་དབུག་པའི་ས་དག་གོ །བྱ་རོག་མིག་གཉིས་དེ་བཞིན་ཏེ། །འཁྲུལ་གསང་བཞི་ནི་གསང་ཡིན་ནོ། །སྒྱིད་ཁུང་དཀྱིལ་ན་ཐུར་འགོ་གནས། །ཆུ་བ་དང་རྩའི་མཐེབ་ཁྱུད་གང་། །གྱེན་བཅལ་བ་ནི་དབུག་པའི་ས། །ཕྱི་ཡང་དེ་བཞིན་བརྐྱང་བ་མིན། །བརྐྱང་བ་མ་ཡིན་བསྐུམ་པ་ཡིན། །ཁྲུ་ཕྱེད་རྦོད་གཞུག་སྒྱིད་ཁུང་དུ། །ཐུར་འགོ་ལྷ་བ་སྨུག་པོ་ནས། །མར་ལ་སོར་བཞི་བཅལ་བ་ནི། །བྱིས་པ་དག་གི་དབུག་པ་སྟེ། །ལོང་གི་རྩ་ཡི་ཁྲིད་དང་ནི། །རུས་པ་རྗེ་ངར་མཚམས་སུ་འོ། །
བྱིན་པ་ཉ་ཙར་བརྒྱུས་པ་འདྲ། །གྲངས་ནི་དགུ་སྟེ་སུལ་ནི་བཅུ། །བཅུ་གཉིས་དགབ་ཁུང་ཤུ་བ་དང་། །རྟིང་པའི་ཤུ་བ་དག་དང་ནི། །ཡོབ་ཆེན་གོང་གི་ཤུ་བའི་ཤ །ཉྭ་ནི་དབུས་མ་ཉ་ཡི་གནད། །བྱིན་སྙིང་ཞེས་ནི་བྱ་བ་སྟེ། །མགོ་བོའི་གནས་ནི་མཇུག་མ་སྟེ། །ནས་གང་དང་ནི་སོང་བཞི་དང་། །ལར་ན་མཚོན་དྲེད་ཆོད་ན་འཆི། །ལུས་པོ་རེངས་ཤིང་ཟུག་གཟེར་ཆེ། །ཉྭ་འགུལ་ལྐུགས་ཤིང་འདར་བ་དང་། །སྔངས་ཤིང་འཆི་བ་དག་ཏུ་འགྱུར། །ལར་ན་ཉྭ་རྣམས་གཅོད་པ་སྐྱོན། །གཤགས་པ་དག་ལ་ཉེས་པ་མེད། །བྱིན་པ་ངར་གདོང་སོར་གཉིས་ཕྱིར། །བཅལ་བ་བྱིན་པའི་ཉྭ་ལེབ་ནི། །ཤ་དང་རུས་པ་འབྱར་བ་ཡི། །ཞིང་དུ་མཐེབ་གང་ཐུར་དུ་ནི། །མཐོ་གང་ཡོད་དེ་ཆད་ན་འཆི། །རྐང་མཐིལ་རྒྱུ་མའི་ལུག་ཤ་གནད། །རྒྱུས་དང་ཤུ་བའི་མཇུག་ཏུ་ནི། །ཤ་ཡི་གནད་དུ་དེ་དག་ནི། །རྩ་དང་ཤ་དང་ཤུ་འདུས་གནད། །དཔུང་པའི་འཛུམ་དང་ལུག་གཞུག་གནད། །གྲུ་མོ་ཚིགས་དང་ལག་པའི་ཐུར། །ལག་ངར་གཞུ་མཆོག་ནང་མཆན་ན། །མཁྲིག་མ་གཉེར་མ་རིང་པོ་འོ། །
ས་ནས་དཀྱིལ་ནི་དྲང་པོར་བཅལ། །དེ་ནི་རྒྱུས་པ་ཉྭ་ཡི་གནད། །ཟུག་གཟེར་ཆེ་ཞིང་ལྷོག་ཐབས་སྐྲངས། །འཁུམས་དང་ཞ་བ་དག་ཏུ་འགྱུར། །སྲིན་ལག་གུང་མོའི་བར་དག་དང་། །རྐང་པའི་མཐེའུ་ཆུང་གུང་མོའི་བར། །མཐེབ་ཆེན་དག་དང་མཛུབ་མོའི་བར། །ཕོག་ན་སྐྲངས་ཞིང་ན་ཚ་ཆེ། །ཞག་གསུམ་ཡང་ན་བཅུ་གསུམ་ན། །རྩ་ཁ་འབུད་ཅིང་འཆི་བར་འགྱུར། །བརྡུངས་དང་བརྩན་ན་ན་ཚ་ཆེ། །རྐང་པའི་ཀུན་འདུས་རྩ་དང་ནི། །གྲུ་མོ་ཕྱི་ཟུར་རླུང་རྩ་དང་། །རྐང་པའི་ཟུག་གཟེར་རྩ་དང་ནི། །རྐང་པའི་མཐེ་བོང་དག་ནས་ནི། །ལོང་མོའི་ཕྱོགས་སུ་སོར་བརྒྱད་བཅལ། །རྒྱ་ཚིགས་སྲོག་རྩ་ཞེས་བྱ་སྟེ། །ཞག་ལྔ་བདུན་དང་དགུ་དག་དང་། །བཅོ་ལྔ་ཉི་ཤུ་དགུ་ན་འཆི། །སོ་མ་རཱ་ཛ་ལས་ཡན་ལག་དང་རྨའི་མཚན་ཉིད་བསྟན་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།
དེ་ནི་བྱང་ཁོག་མཚན་ཉིད་ནི། །སྟོད་དང་སྨད་དུ་ཤེས་པར་བྱ། །དོན་དང་སྣོད་དུ་བསྟན་པ་ལས། །ཤ་དང་རྩ་དང་རུས་པ་དང་། །ཆུ་བ་དག་གིས་ཡང་དག་དབྱེ། །ལུས་ཀྱི་དབྱིབས་ནི་རྣམ་པ་གསུམ། །སྨད་ཕྲ་བ་དང་སྟོད་ཆེ་བ། །སྟོད་ཞུམ་བར་གྱིགསུས་པ་ཆེ། །སྣོད་ལ་དབྱེ་བ་མ་མཆིས་ཏེ། །དོན་ནི་མི་འདྲ་སོ་སོར་སྣང་། །ལྕེ་སྲབ་ལྕེ་མཐུག་རིང་ཐུང་ལས། །སྙིང་གི་དབྱེ་བ་ཤེས་པར་བྱ། །སྣ་ཟུང་སྣ་ལེབ་ཆེ་ཆུང་ལས། །གློ་བའི་བྱེ་བྲག་ཤེས་པར་བྱ། །མིག་ཆེ་མིག་ཆུང་དཀྱུས་རིང་དང་། །དཀྱུས་ཐུང་དཀར་ནག་རིམ་པ་ལས། །མཆིན་པའི་བྱེ་བྲག་ཤེས་པར་བྱ། །རྣ་བ་ཆེ་ཆུང་འབྱར་བ་ལས། །ཤག་གེ་བར་བྲེང་མཐུག་སྲབ་ལས། །མཁལ་མ་དེ་ལྟར་དཔག་པར་བྱ། །མཆུ་ནི་ཆ་ག་ཆེ་ཆུང་ལས། །དེ་ལྟར་མཆེར་པ་དཔགས་ཏེ་བརྟག །ལྕེ་ན་སྲབ་ལ་རིང་བས་ནི། །སྙིང་ནི་བྱེའུ་ཡི་ཕོ་བ་འདྲ། །དཀྱིལ་ན་ཤ་མིན་རུས་མིན་ཡོད། །སྟོད་ཆེ་སྨད་ཆེ་ཡན་ལག་ཐུང་། །འགྲོས་མགྱོགས་ལུས་སྟོབས་ཆེ་བ་དང་། །བློ་རྣོ་སེམས་ཆུང་གཉིད་སྟོབས་ཆེ། །གློ་ནི་ཡོལ་མཆན་དག་དང་འབྲེལ། །དེ་ནི་གླ་བའི་གབ་ནས་ཡོད། །ལྕེ་མཐུག་ཤིན་ཏུ་ཆེ་བ་ནི། །སྙིང་ནི་ཤིན་ཏུ་ཆེ་འགྱུར་ཏེ། །རོ་སྟོད་ཆུང་ལ་མདུན་དུ་ནུབ། །རོ་སྟོད་ངན་ཞིང་བསྒྱུར་དཀའ་སྟེ། །ལུས་པོ་ལྕི་ལ་བློ་རྟིལ་ཞིང་། །སྟོབས་དག་ཆེ་བར་གྱུར་པ་འོ། །
སྲབ་ཅིང་ལྕེ་ནི་ཐུང་བ་ན། །སྙིང་ནི་གྲུ་བཞི་དག་ཏུ་འོང་། །སྟོད་ནི་ཆེ་ཆུང་རན་པ་ལས། །སོག་པས་དཔུང་པའི་ཕྱི་རུ་གྱེས། །ཤེས་པ་གསལ་ཞིང་མཐུན་འཇུག་བྱེད། །ལྕེ་བདེ་སྨྲ་མཁས་ཟུར་བ་ཅན། །སྣ་བཟུར་བ་ནི་སུལ་ཅན་ཏེ། །སུལ་མང་གློ་ནི་སྟོད་ཆེ་བའོ། །རྩིབ་མ་རེ་ལ་ཡོལ་ཐག་རེ། །མ་ལྔ་དག་དང་བུ་བཅུ་འོ། །ཕྱི་ལུས་སྟོད་ཆེ་སྨན་ཆུང་ཞིང་། །ལྷེན་སྣ་རིང་ཞིང་སུལ་མང་སྟེ། །རྩ་སྦུབས་སུལ་སྦོམ་སྐད་ཆེ་བའོ། །གཡོན་དུ་ཅུང་ཡོ་གཡོན་ཕོག་ན། །དེ་ནི་མ་ལ་འགྲོ་བ་སྟེ། །སྣ་ནི་ཆེ་ཞིང་ལེབ་པ་ནི། །དེ་ལ་གློ་ནི་ཡོལ་ཅན་ཏེ། །གློ་དང་སྙིང་དང་མཆིན་པ་གསུམ། །དེ་གསུམ་དག་ལ་ཡོལ་རེ་སྟེ། །གློ་ནི་ཤིན་ཏུ་ཆེ་བ་འོ། །ཁོང་ཡོར་ཆེ་ཞིང་སྟོད་ཆུང་སྟེ། །དཔུང་པ་མདུན་འབུར་སྒལ་པ་གསལ། །མིག་འབུར་ཁ་ཆེ་ཤ་མདངས་སྔོ། །གློ་ཆེ་བ་ལ་རྒྱབ་ན་ཡོད། །སྣ་ཆུང་སྣ་བུག་ཆུང་འགྱུར་ན། །གློ་ནི་དབུགས་གཅིག་ཁྱི་མགོ་འདྲ། །སྟོད་ཆུང་སྨད་ཆེ་ངོ་འབྲུམ་འོང་། །རོ་སྟོད་ངན་ཞིང་ལུད་པ་མང་། །དཔུང་པ་དམ་ན་གློ་འཛག་ཅིང་། །གློ་དང་སྙིང་ཉིད་ལྡིང་བ་འོ། །བྱང་ཁོག་སྟོད་ཀྱི་གློ་སྙིང་ནི། །གློ་ནི་རྒྱབ་ནས་མདུན་དུ་འོ། །
སྙིང་ནི་ཤིང་ལོས་བཀབ་པ་འདྲ། །མཆིན་པ་དག་ཀྱང་མདུན་ནས་འགེབས། །མཁྲིས་དང་མཆེར་པ་འབྲས་བུ་བཞིན། །མཆིན་པ་དག་ཀྱང་ལོ་མ་འདྲ། །མིག་ནི་ཆེ་ན་མཆིན་པ་ཆེ། །རྩིབ་མ་རིང་ཞིང་གསུས་པ་ཆེ། །སྐད་གསང་ལུས་པོ་ལྕི་བ་སྟེ། །ཁ་ཟས་འཇུ་ཞིང་ཡན་ལག་ཐུང་། །མིག་ཀྱང་ཆུང་བ་དག་ལས་ནི། །མཆིན་པ་ཆུང་ཞིང་ཞུ་བ་སྟེ། །ཤ་སྐམ་གསུས་པ་ཆུང་བ་འོ། །
མིག་ནི་དཀྱུས་དག་རིང་བ་ནི། །རྟ་མིག་འདྲ་སྟེ་རལ་གཉིས་པའོ། །ལུས་པོ་མིག་ལ་རྐེད་སྐབས་ཕྱེད། །སྐད་འདར་ཤིན་དུ་ཕྲ་བ་འོ། །དབུགས་ཐུང་རྟ་མིག་འདྲ་བ་སྟེ། །ཡན་ལག་ཐུང་ཞིང་གསུས་པ་ཆེ། །མུག་འབུར་ལུས་སྦུབས་ཆེ་བ་སྟེ། །ལྟག་པ་ཅུང་ཙམ་དགྱེ་བ་འོ། །རྣ་བ་དག་དང་མཁལ་མ་ནི། །རྣ་བ་ཆེ་ན་མཁལ་མ་ཆེ། །ངོམ་ནག་ཤ་ནི་ཤིན་ཏུ་རྒྱས། །རྣ་བ་ཆུང་བ་མཁལ་མ་ཆུང་། །ཤ་མདོག་སྔོ་ཞིང་ཤ་ཡང་ཆུང་། །རྣ་བ་འབྱར་བ་མཁས་མ་དང་། །ལྒང་བའི་མཁར་ནི་ཉེ་བ་འོ། །ཤག་གི་བར་ནི་སྒལ་པ་དང་། །མཁལ་མ་ན་དག་ཀྱང་རིང་པ་འོ། །མཆུ་ཡི་ཆ་ག་རིང་བས་ནི། །མཆེར་པ་དག་ཀྱང་མཐུག་ལ་རིང་། །ལུས་ཆུང་གཟུགས་དག་རིང་བར་འདོད། །མཆུ་ནི་ཆ་ག་ཆུང་བ་ནི། །མཆེར་བ་ཐུང་བ་དག་ཏུ་འདོད། །ལུས་ཆེ་ལྷུ་གཟུགས་ཐུང་བར་འདོད། །སྣོད་ལ་དབྱེ་བ་མ་བསྟན་ཏོ། །རྩ་དང་ཤ་དང་རྒྱུས་པ་དང་། །ཆུ་བ་དག་ནི་དྲ་བ་ལས། །དོན་དང་སྣོད་ཀྱི་ཁྱད་པར་འཕགས། །སྙིང་དང་གློ་བ་འཕར་བའི་རྩ། །གཞན་རྣམས་གྲོགས་ཀྱི་རྩ་རུ་བགྲང་། །སྙིང་ལ་སྲོག་པའི་རྩ་ཡིན་ཏེ། །སྟོད་ལ་ཡལ་ག་ལོ་འདབ་བཞིན། །སྨད་ནི་རྩ་བ་བཞི་རུ་གྱེས། །བར་ན་སྡོང་པོ་གཅིག་ཏུ་འདྲིལ། །སྙིང་ལ་འཕེལ་འགྲིབ་བླ་རྩ་སྟེ། །ཐིག་སྟོད་གཉིས་ནི་ཐོང་རྩ་འོ། །
སྙིང་རྩ་སྲོག་གི་ཀ་བ་གཉིས། །ནུ་མ་ནས་ནི་ཚོན་དོ་བཅལ། །བྲང་གི་གཞུང་རུས་ནུ་མའི་མཚམས། །དེ་ནས་ཚོན་དོ་བཅལ་བ་ན། །སྙིང་རྩ་བ་དག་ཁྱུད་མོ་ནི། །གྲུ་མོ་དག་གི་ཁུག་ན་འོ། །སྙིང་རྩ་ཀུན་འདུས་རིག་པ་ནི། །ལྟ་རྩ་གཡས་དང་གཡོན་དག་གོ །སྤྱི་པོར་གནམ་འཐེན་སྒོ་མོ་འོ། །མར་ལ་རྩ་བཞི་གྱེས་པ་ན། །སྙིང་རྩ་བྱ་རོག་སྡེར་མོ་ནི། །དགབ་ཁུང་མཆིན་རྩའི་འོག་ན་འོ། །སྙིང་རྩ་སྲོག་གི་ཀ་བ་ནི། །པུས་མོའི་འོག་གི་ཆག་གང་ནས། །སྙིང་རྩ་ཁྱུད་ཀོར་སྲོག་ཟུངས་ནི། །ཡོབ་ཆེན་གོང་ག་ཆུ་བ་ན། །དེ་རྣམས་ཆོད་ན་ཁ་མི་ཟིན། །སྙིང་འདར་རྔམ་ཞིང་ན་ཚ་ཆེ། །ཞག་ལྔ་བདུན་དགུ་དག་ན་འཆི། །གློ་རྩ་འཕར་རྩ་དང་ནི་འགྲོགས། །འཕར་རྩ་གློ་སྙིང་འབྲེལ་པའི་རྩ། །རྩེའུ་ཆུང་རྩེ་འདྲ་རྩེ་ལག་གསུམ། །རྩེའུ་ཆུང་དག་ནི་མ་ཡི་རྩ། །རྩེའུ་འདྲ་དག་ནི་བུ་ཡི་རྩ། །ལག་པ་ཡི་ན་བླ་རྩ་འོ། །རྐང་པ་ཡི་ནི་སྲེ་ལོང་བའོ། །
རྟིང་ཆུ་ནས་ནི་མཐིལ་དུ་སྟེ། །ཆོད་ན་སྙིང་རྩ་དག་དང་མཚུངས། །གྲོགས་ནི་གཉིས་ཏེ་ལྷག་པའི་བར། །གཉིས་ནི་དཔུང་པ་ལྷ་བ་ཡི། །དཀར་ནག་གི་ནི་མཚམས་སུ་ནི། །སོག་པའི་བྱེ་མཚམས་དག་ནས་སོ། །ཆད་ན་བྱང་ཁོག་དག་ཏུ་ནི། །ཁྲག་ངན་ལྷུང་ནས་རྣག་ཏུ་འགྲོ། །གཞུང་རེངས་སྒལ་རུས་ཚ་བ་སྐྱེ། །བདུན་དང་དགུ་ན་འཆི་བར་འགྱུར། །དཔུང་པའི་ཟུར་ནས་མཆན་ཁུང་དུ། །ཐུར་དོ་བཅལ་བའི་རྩ་དག་ན། །མཆན་ཁུང་ཕུགས་ནས་མར་རྒྱུ་བ། །དེ་ནི་གློ་རྩ་རེངས་བུ་འོ། །
སྒྲོག་རུས་ཕན་ཚུན་རྒྱུ་བ་ནི། །དེ་ནི་ཕན་ཚུན་བསྣོལ་མ་སྟེ། །དེ་ནས་མེ་ལོང་དཀྱིལ་དུ་རྒྱུ། །དེ་ནས་ཚིགས་པ་ལྔ་བར་རོ། །དེ་རྣམས་ཆོད་ན་རྣག་ལྷུང་སྟེ། །རྣ་མཆན་འདྲིལ་རྩ་ཆོད་པ་དང་། །མདུན་གྱི་ལྗོན་ཤིང་ཆོད་ན་ཡང་། །གློ་བའི་ནད་དང་བྱང་ཁོག་སྟོད། །རྣག་དག་ལྷུང་བར་འགྱུར་བ་འོ། །དེ་རྣམས་ཆོད་ན་གློ་འོང་ཞིང་། །ཤེད་ཆུང་དྲི་མནམ་ཚ་བ་མེད། །མཆིན་ན་ཤ་ཆུ་ཆེན་པོ་ནི། །ཆོད་ན་ཟུག་གཟེར་ཉལ་མི་ཤེས། །དང་ག་མི་བདེ་ཁྲག་ཏུ་འབབ། །ཕྱི་ཡི་རུ་ཐུང་གཤའ་རེངས་ལ། །དགབ་རྩ་བྱིན་གཞུག་རྩ་བོ་ཆེ། །མཆིན་པ་ཡི་ནི་རྩ་ཡི་གནད། །མོད་ལ་འཆི་བ་ཡང་ན་གཉིས། །དྲུག་དང་ལྔ་ན་འཆི་བར་འགྱུར། །མཆེར་པ་དག་གི་རྩ་བྲན་མང་། །དགབ་རྩ་པུས་མོ་དག་ལ་འོ། །མཆེར་པ་གནད་དེ་མོད་ལ་འཆི། །ཞག་གསུམ་ལྔ་དང་བདུན་ན་འཆི། །མཁལ་མ་དག་ལ་རྩ་བརྒྱད་དེ། །གཉིས་ནི་གློ་བའི་ལྗོན་ཤིང་རྩ། །ནུ་མའི་གྱེན་ལ་ཐུར་གང་ནའོ། །གཉིས་ནི་གྱེན་རྒྱུ་བླ་གནས་རྩ། །ཆུ་སོ་དག་ཏུ་རྒྱུ་བ་འོ། །གཉིས་ནི་དཔྱི་ཡི་ཁ་གཟར་ནས། །བྱིན་གཞུག་ལོང་ལ་ཕྱིར་འཁྱུད་དོ། །ཁ་དོག་སྔོན་པོར་འགྱུར་ནས་འཆི། །དེ་བས་ཞག་གསུམ་དག་ན་འོ། །
ཕོ་བ་དག་ལ་ཕོ་རྩ་དང་། །སྙིང་དང་འབྲེལ་ཏེ་མིད་པ་དང་། །བསྒྲིལ་ནས་ཨོལ་མདུད་ནང་དུ་འགྲོ། །སོ་ཡི་ཐག་པ་འགྲམ་པའི་ཕྱི། །ཕོ་རྩ་བདུད་ཀྱི་ཐག་པ་འོ། །མཁྲིས་པའི་རྩ་ནི་ཚང་བུ་ཆུང་། །གཉེར་མ་ཆེན་པོ་དག་ན་ཡོད། །ཐུར་གསུམ་ཚད་དེ་བ་ཐག་འདྲ། །ཞག་ནི་བདུན་ན་མཁྲིས་པ་སྐྱུག །ལུས་སེར་ཁ་དོག་ཉམས་ན་འཆི། །ལོང་ནི་ལོང་རྩ་ཁྱུད་མོ་སྟེ། །དཀུ་གཡས་ཕོ་ལོང་འཁྱུད་མོའི་རྩ། །མར་སོང་རྩ་བོ་ཆེ་དག་དང་། །ལོང་གི་ནང་འགྲམ་དག་དང་ངོ་། །ལོང་ན་སོང་ན་ལོང་ཆུ་སེར། །ཡར་ལ་དག་ནི་སྐྱུག་པ་འོ། །མར་ལ་བྱུང་ན་ཆུ་སེར་དྲག །སྐད་ཆག་མིག་སེར་ཟུག་གཟེར་ཆེ། །ལོང་རྫེམས་སོང་བས་གསུམ་ལྔ་ན། །རྒྱུ་མའི་རྩ་ནི་བ་ཐག་འདྲ། །གང་སྦྲ་འདོམས་འོག་དག་ན་ཡོད། །དཀར་ནག་རྡོལ་ན་ཐུར་དུ་འགྲོ། །བསམ་སེའུ་མངལ་སྣོད་དག་ཡིན་ཏེ། །སྐྱེ་གནས་རྩ་ནི་ཀུན་དང་འབྲེལ། །ལྟེ་བའི་དཀྱིལ་ནས་གྱེས་པ་ནི། །བུད་མེད་ཚིགས་པ་བཅོ་ལྔ་ནའོ། །
མཆེར་པ་མཆིན་པའི་གཡོན་ལོགས་ན། །བཤུལ་ཉའི་ལྐོག་ན་ཉ་མོ་ཁ། །མཆེར་མཆིན་འདོམས་པའི་རྩ་ཡོད་དེ། །མཁའ་མ་མཆིན་པའི་རྩ་གཅིག་ནི། །དཔྱི་ལྟག་མཁལ་མའི་སྟེང་ན་ཡོད། །ལྷེན་སྣ་མཆིན་དྲིའི་བྱ་ལག་ཆོད། །མིག་སེར་དང་ག་འགྲིབ་པ་དང་། །མཁྲིས་སྐྱུག་མར་ལ་འཁྲུ་ཡང་སྲིད། །དཀུ་ཡི་ལྟོང་ལྟོང་གཉིས་དག་ན། །མཁལ་མ་ཕོ་རྩ་བསྡོངས་པ་ཡོད། །ཆོད་ན་ཆུ་སྲི་རྐེད་པ་འཁོར། །ལྟེ་བའི་ཕར་མཆན་ཚུར་མཆན་ན། །ལོང་དང་མཁྲིས་པ་བསྡོངས་པ་གནས། །ཆོད་ན་ལོང་ཆུ་མཁྲིས་པ་སྐྱུག །གཉེར་མ་རིང་པོའི་ལྐོག་དག་ན། །རྒྱུ་མའི་རྩ་ཆོད་རྒྱུ་འདྲིལ་ཞིང་། །ཞག་བདུན་དག་ན་འཆི་བར་འགྱུར། །སྲིད་རྩ་སྦུ་ནི་ནེ་གུ་ན། །ཆོད་ན་བཅུག་འདུག་ན་ཚ་ཆེ། །ཤ་ནི་བཤུལ་ཤ་རྟ་ཤ་གཉིས། །ནུ་ཤ་དག་དང་ནང་བཤུལ་ཤ །བཤུལ་ཤ་དང་ནི་རྟ་ཤ་ཆོད། །ལུས་རེངས་བྱང་ཁོག་རྣག་ངན་ལྷུང་། །བཞག་ཤ་བསྡོམས་ན་འབོག་པར་འགྱུར། །ནུ་མའི་མཐེན་ཤ་ཆོད་ན་ནི། །བྱང་ཁོག་ནང་དུ་རྣག་ལྷུང་འགྱུར། །སྐེ་ཡི་འགྱུར་ཤ་ཆོད་ན་ཡང་། །བྱང་ཁོག་ནང་དུ་རྣག་ལྷུང་འགྱུར། །ཡང་ན་ཀླད་པ་དག་ལ་འགྲོ། །སྒྲོག་རུས་གཉིས་ཀྱི་བར་དག་ན། །སྙིང་ཁུང་རུས་འགོ་དག་གི་ཤ །བྱ་ནི་མ་བུ་འཕྲད་འདྲའི་ཤ །གློ་སྙིང་གཉིས་ཀྱི་ཤ་དག་སྟེ། །རྦད་ཀྱིས་ཆོད་ན་མོད་ལ་འཆི། །
ཡང་ན་བདུན་དགུ་བཅུ་གཅིག་ན། །སྐེ་ལ་རུས་པའི་འཕང་ལོ་གསུམ། །སྒལ་པ་འཕང་ལོ་ཉི་ཤུ་ལྔ། །རྩིབ་མ་ཉི་ཤུ་བཞི་དག་སྟེ། །ནམ་ཚོང་རྩིབ་མ་སྒྲོག་རུས་པ། །ལག་འགོ་རྩིབ་མ་ཞེ་དྲུག་སྟེ། །རྩིབ་རིངས་དག་ཀྱང་གསུམ་དུ་འདོད། །རྩིབ་ཐུང་དག་ཀྱང་གསུམ་དུ་འདོད། །བྲང་རུས་དྲུག་དྲུག་བཅུ་གཉིས་ཏེ། །བྲང་རུས་གྲུ་བཞི་དྲུག་དང་གཅིག །རྩིབ་མ་ཆག་ན་ཟུར་གཟེར་ཆེ། །བྲང་རུས་དག་ཀྱང་འབྲས་སུ་འགྲོ། །སྒལ་པའི་རུས་པ་མཆིན་པར་འགྱུར། །བརྒྱུངས་པ་དག་ཀྱང་རྣགས་ནས་འཆི། །ཆོད་ན་དྲོད་ཆེ་ཚོར་ངེས་མེད། །དྲན་པ་མི་གསལ་འཆི་བར་འགྱུར། །
སྒལ་པའི་གསང་ལ་ཉེན་མེད་དེ། །འབྲས་ཐབས་སུ་ནི་འགྱུར་བ་སྲིད། །ཆུ་བ་དང་ནི་རྒྱུས་པ་དང་། །རྟ་ཤ་རྒྱུས་པ་དག་དང་འབྲེལ། །བཤུལ་ཤ་ཆུ་བ་དག་དང་ནི། །སྙིང་དང་མཁལ་མ་རྒྱུས་པ་སྟེ། །གློ་མཆིན་མཆེར་པ་ཤུ་བ་འོ། །དཀུ་ཡི་རུས་པ་ལྕགས་འདྲ་སྟེ། །ཚད་ནི་ཐུར་གསུམ་དག་ཡིན་ནོ། །བུ་ག་དགུ་ནས་རྩ་དགུ་དང་། །རྒྱུས་པ་ཆུ་བ་དག་འགྲོགས་ཏེ། །དྲ་མིག་དགུ་པ་དཀུ་ཡིརུས། །གསུམ་གསུམ་ཉི་ཤུ་རྩ་བདུན་ནོ། །གཡས་པ་དང་པོ་ལོང་གའི་རྩ། །ཆུ་བ་སྟོབས་ལྡན་དག་ཡིན་ཏེ། །རྒྱུས་པ་ནར་པ་ཁ་ཡིན་ནོ། །དེ་འོག་རྩ་ནས་བསམ་སེའུ་རྩ། །ཆུ་བ་སྒྱིད་ཁུང་འཁོར་བ་སྟེ། །རྒྱུས་པ་དག་ནི་བྱ་ལག་གོ །དེ་འོག་བུ་ག་གསུམ་པ་ན། །རྩ་ནི་མཁལ་རྩ་དག་ཡིན་ཏེ། །ཆུ་བ་བཅུད་འཐེན་དག་དང་ནི། །རྒྱུས་པ་འཐེན་སྡུད་ཞེས་བྱ་འོ། །
བུ་ག་བཞི་པ་དག་ནས་ནི། །རྩ་ནི་མཁྲིས་རྩ་དག་ཡིན་ཏེ། །ཆུ་བ་ཕོ་མོ་རྒྱུས་ཁ་སྡུད། །བུ་ག་ལྔ་པ་དག་ནས་ནི། །རྩ་ནི་སྲོག་རྩ་ནག་པོ་འོ། །ཆུ་བ་པིར་འདྲ་རྒྱུས་ཁ་རིང་། །གཡོན་གྱི་དང་པོ་རྒྱུས་པའི་རྩ་། །ཆུ་བ་ཁ་འཛིན་རྒྱུས་པའི་འོག །འབྲེལ་བ་རྟིང་ཆུ་དག་དང་འབྲེལ། །བུ་ག་གཉིས་པ་ཕོ་བའི་རྩ། །རྒྱུས་པ་བྱ་ལག་ཆུ་བ་ལག །བུ་ག་གསུམ་པ་སྲོག་རྩའི་རྩ། །ཆུ་བ་ཤིང་འདྲ་རྒྱུས་པ་ཆུ། །བུ་ག་བཞི་པ་སྲིད་ཀྱི་རྩ། །རྒྱུས་པ་རྡེའུ་ཆུ་བས་རུ་ཏྲ། །མདུན་དུ་རྩ་གསུམ་ཁྲིད་པ་ནི། །སྲིད་རྩ་མཁལ་རྩ་གཡས་དང་གཡོན། །རྒྱུས་རྩ་ནག་པོ་རུས་རྩ་གསུམ། །རུས་པའི་ཐིག་སོར་ནས་ཚོན་དགུ ། དེ་རུ་ཕོག་ན་རོ་སྟོད་དག་ཏུ་འགྲོ། །སྟོད་གཟེར་ལུ་ཞིང་ཁྲག་ཏུ་འོང་། །དབུགས་རྒོད་གཟེར་ཟུག་ཆེ་བ་སྟེ། །དགུ་དང་བཅུ་གཅིག་བཅུ་བདུན་ན། །རུས་པ་ཙོག་ཙོག་དག་ནས་ནི། །ནུ་མ་ཐུར་བཞི་སོར་བཅུ་དྲུག །རྐང་གི་རུས་པ་གནད་དུ་བརྩི། །ནུ་མ་ལ་ཕོག་ནུ་ཤ་བརྩིག །ན་ཚ་ཆེ་སྟེ་ལྷོག་ཐབས་སྐྲངས། །ལོང་དུ་རྣག་སོང་སྦྲུལ་འགོ་དབྱེ། །རྩིབ་ཐུང་ཞེ་གཉིས་གསུམ་དུ་ཐོན། །ནུ་མ་ལྐོག་གི་ནས་ཐུར་གསང་། །དེ་བས་དམན་པ་མཆིན་དྲི་སྟེ། །དཀར་པོ་རྡོལ་ན་གླལ་ཞིང་སྨུག །ཤེད་ཉམ་ཆུང་དུ་ཆུང་དུ་འགྲོ། །བྱ་རྨྱང་བྱེད་དེ་མོད་ལ་འཆི། །
དེ་ལ་མ་ཤི་དགུ་དང་བཅུ། །དེ་ལ་ལོག་ན་བཅུ་དྲུག་དང་། །ཉི་ཤུ་རྩ་གསུམ་དག་ན་འཆི། །ཚིགས་པ་བཞི་པ་ཡན་ཆོད་ན། །དཔྱང་ཐག་དག་ནི་གནས་པ་སྟེ། །ལྔ་པ་དྲུག་པ་བདུན་པ་ནི། །གློ་སྙིང་གཉིས་ཀྱི་ཡུལ་དུ་འདོད། །བཤུལ་ཤ་ཆོད་པ་དག་གིས་ནི། །དགྱེ་དགུ་མི་ཤེས་ན་ཚ་ཆེ། །རྟ་ཤ་ནུ་ཤ་དེ་བཞིན་ནོ། །ལག་འགོ་བར་དང་དགུ་ཚིགས་བར། །ཚིགས་པ་ལྔ་པ་ལྷ་བའི་གསང་། །བརྒྱད་པ་དག་དང་དགུ་པ་གཉིས། །མཆིན་དྲིའི་འདོག་ས་དག་ཡིན་ཏེ། །གྱེན་དུ་སོང་ན་གློ་གཤམ་ན། །ཐུར་དུ་སོང་ན་མཆིན་པ་ལ། །ཐད་ཀར་སོང་ན་གསང་དུ་འོ། །བཅུ་དང་བཅུ་གཅིག་བཅུ་གཉིས་བར། །གྲུ་མོས་བསྐོར་བ་མཆིན་པའི་ཡུལ། །མཆིན་པ་མཁྲིས་པ་མཆེར་པ་ཡི། །སྐད་ཅིག་དག་ལས་འཆི་བར་འགྱུར། །མདུན་གྱི་ལྷེན་སྣ་རྩིབ་ཐུང་སྣ། །ཕོག་ན་མཆིན་པ་དག་ལ་འགྲོ། །མོད་དུ་མ་འཆི་གསང་ལ་སོང་། །དགུ་ཚིགས་ནས་ནི་སོར་བཞི་ན། །མཆིན་པའི་ལྡེབས་ཡོད་གནད་དུ་འོ། །
དེ་ནས་ཐུར་གང་བཅལ་བ་ན། །ནང་རྟོལ་མཁལ་རྩ་ནེ་གུ་ཡོད། །རྣག་བབས་མཁལ་ཚིལ་འཇུ་བ་འོ། །བྱ་མཆུ་དག་ནས་ཚོན་དོ་བརྩལ། །ཕོ་བའི་རྫེམས་ཀྱི་གནད་ཡོད་འཆི། །ཟངས་ཚགས་མཁྲིས་རྩ་ཆོད་ན་འཆི། །ལྟེ་བ་ནས་ནི་མཐེབ་ལོང་གཅིག །དེས་སྐོར་ལོང་གི་གནད་དག་གོ །ལོང་ནི་རིམ་གསུམ་དག་ཏུ་སྟེ། །དབུགས་སྡོམ་ཡང་ན་ཟད་ནས་འཆི། །གསུམ་དང་ལྔ་བདུན་དག་ན་འཆི། །གཤགས་ན་འཚོ་བ་དག་ཏུ་འགྱུར། །དེ་ནས་མཐེབ་ལོང་གང་ན་ནི། །རྒྱུ་མ་ནག་པོ་གནས་པ་སྟེ། །རྒྱབ་ཀྱི་ཚིགས་པ་བཅུ་བདུན་ནས། དེ་ནས་མར་ལ་མཐེབ་ལོང་གང་། །རྒྱབ་ཀྱི་བཅོ་བརྒྱད་པ་ན་འོ། །
བཅོ་ལྔ་མཁལ་མའི་འབྲས་བུ་སྟེ། །བཅུ་བཞི་མཁལ་མའི་ཚིལ་བུ་འོ། །བརླ་ཁུག་བདུད་ཀྱི་རྩ་མིག་ཆོད། །མོད་ལ་འཆི་བ་དག་ཏུ་འོ། །མིད་པ་དག་ལ་སོང་ན་ནི། །ཟུར་གཟེར་ཆེ་ཞིང་འདུག་མི་ཚུགས། །ཕལ་ཆེར་མྱུར་འཆི་བཅུ་གསུམ་ནའོ། །གཞུག་ཐུང་རུས་པ་ན་ཚ་ཆེ། །བཅུ་གཅིག་བཅུ་གཉིས་དག་ན་འཆི། །སོ་མ་རཱ་ཛ་ལས་བྱང་ཁོག་དང་དོན་སྣོད་ཀྱི་མཚན་ཉིད་བསྟན་པའི་ལེའུ་སྟེ་ང་གཅིག་པའོ།། །།
དེ་ནས་ལ་ཉེའི་རྟེན་འབྲེལ་ནི། །སྟོན་ཟླ་གསུམ་ལ་མཆིན་པ་ལ། །ནད་ཞུགས་ཉི་མ་ནུབ་དང་ནི། །ནུབ་བྱང་མཚམས་ནས་འདྲེ་གནོད་དེ། །ཀླུ་དང་བདུད་དུ་བཅས་པ་གནོད། །ཡུན་རིང་དག་ན་འཆི་བ་སྟེ། །དགུན་ཟླ་གསུམ་ལ་འཚོ་བར་འགྱུར། །སྨན་པ་བྱང་ནས་འོང་ན་བཟང་། །སྔོན་པོ་གྱོན་དང་སྔོན་པོ་འདིངས། །ལྕགས་འདྲ་ཅི་ལྟ་བུ་ཡང་ངན། །དཔྱིད་ཟླ་གསུམ་ལ་མཆེར་པའི་ནད། །ཞུགས་ན་ཉི་མ་ཤར་དང་ནི། །ཤར་ལྷོ་མཚམས་ནས་འདྲེ་གནོད་དེ། །ལྷ་དང་སྲུང་མ་དག་དང་ནི། །དྲི་ཟའི་གདོན་དུ་བསྡོངས་པ་གནོད། །འཚོ་ན་སྟོན་ཟླ་གསུམ་ལ་འཚོ། །སྨན་པ་ནུབ་ནས་འོང་ན་བཟང་། །གོས་དང་ཁ་དོག་འདམ་ག་ཅན། །ཤིང་གི་མདོག་དང་ཕྲད་ན་ངན། །མགོ་བོ་ཤར་དུ་བསྟན་པ་འམ། །དབྱུག་པ་ཤིང་བུ་ཐོགས་པ་དང་། །ཕྲད་ན་ཤིན་ཏུ་ངན་པ་འོ། །དབྱར་ཟླ་གསུམ་ལ་གློ་ནད་ཞུགས། །ཉི་མ་ལྷོ་དང་ལྷོ་ནུབ་ནས། །བཙན་དང་གཤིན་རྗེ་བསྡོངས་པས་གནོད། །འཚོ་ན་ཐ་ཆུང་བཞི་ན་འཚོ། །སྨན་པ་མཚམས་ནས་འོང་ན་བཟང་། །མེ་མདོག་ཅན་དང་འཕྲད་ན་ངན། །ཁ་ནི་ལྷོ་རུ་བལྟས་ན་ངན། །དགུན་ཟླ་གསུམ་ལ་སྙིང་ནད་ཞུགས། །ཉི་མ་བྱང་ངམ་བྱང་ཤར་ནས། །གནོད་སྦྱིན་དང་ནི་རྒྱལ་པོ་གནོད། །འཚོ་ན་དཔྱིད་ཟླ་གསུམ་ལ་འཚོ། །སྨན་པ་ཤར་ནས་འོང་ན་བཟང་། །ཁ་དོག་དཀར་བ་དང་འཕྲད་ངན། །ཁ་ཡང་བྱང་དུ་བལྟས་ན་ངན། །སྤྱིར་ན་ཁྲག་ཐོགས་སྣོད་སྟོངས་དང་། །ཡུགས་ས་མོ་དང་འཐབ་པ་དང་། །བནྡེ་བོན་པོ་གོས་ནག་ཅན། །ཁྱི་དང་ཕག་དང་འཐབ་པ་དང་། །བྲེ་མཚོན་སྣོད་སྟོང་སྔས་ན་བཅུག །སྨན་པ་ལ་ཁྲོ་བཀུར་སྟི་ཆུང་། །བྲ་བོ་སྲན་མ་ཉུང་མ་དང་། །ཡུངས་ཀར་སྒོག་པ་ངན་པའོ། །སོ་མ་རྭ་ཛ་ལས་ལ་ཉེ་བརྟག་པའི་ལེའུ་སྟེ་ང་གཉིས་པའོ།། །།
ཨ་བ་རི་ཡི་རི་རྩེ་ལ། །དྲང་སྲོང་བཞི་ཡིས་བསྐོར་བ་ལ། །བདུད་རྩི་སྨན་གྱི་སྦྱོར་བ་ནི། །འཁོར་ལ་དེ་ནི་བཀའ་བསྩལ་ཏོ། །ཡོན་ཏན་རྒྱས་པའི་སྐུ་མདོག་གསེར་དང་འདྲ། །ཤེས་རབ་རང་བཞིན་རལ་གྲི་པོ་ཏི་འཛིན། །ཀུན་གྱི་གསོས་གྱུར་མཉམ་པའི་སྐྱིལ་ཀྲུང་བཞུགས། །ཤེས་རབ་ཆེན་པོའི་སྐུ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་(དྲང་སྲོང་གིས)ཞུས་པ་ནི། །ཐབས་གང་གིས་ནི་ནད་བསལ་བྱ། །དེ་ནི་སྨན་གྱིས་གསོ་བར་བྱ་(ལེན་གསུངས་པ)། །སྨན་ནི་ས་དང་ཤིང་དག་དང་། །ཆུ་དང་རྡོ་བ་དག་ལ་བབས། །ས་ལ་བབས་པ་མུ་ཟི་དང་། །བྲག་ཞུན་དག་ལ་སོགས་པ་འོ། །ཤིང་ནི་རྩ་བ་སྡོང་བུ་དང་། །མེ་ཏོག་ལོ་མ་འབྲས་བུ་དང་། །ཚི་བ་དང་ནི་ཐང་ཆུ་འོ། །
ཆུ་ནི་ལན་ཚྭ་རྒྱམ་ཚྭ་དང་། །ཁ་རུ་ཚྭ་དང་ཙབས་རུ་ཚྭ། །དེ་ལ་སོགས་པ་ཆུ་དག་གོ །རྡོ་ནི་ཅོང་ཞི་གསེར་དང་དངུལ། །ཟངས་ལ་སོགས་པ་འདི་དག་གོ །རོ་ནི་ཁ་དང་མངར་བ་དང་། །སྐྱུར་དང་ལན་ཚྭ་དག་དང་ནི། །ཚ་བ་དང་ནི་བསྐ་བ་དྲུག །སྦྱར་ཐབས་ཕྱེ་མ་རིལ་བུ་དང་། །ཐང་དང་བཤལ་དང་སྐྱུག་དང་ནི། །འཇམ་རྩི་སྨན་མར་དག་ཏུ་འོ། །མུ་ཟི་དག་དང་རྣམ་པ་གསུམ། །རབ་ནི་དཀར་སེར་ཤིན་ཏུ་མཁྲེགས། །དྲི་ཆུ་ལྡད་པ་བག་ཕྱེ་འདྲ། །ཡང་ཞིང་ས་དང་བྲལ་བ་འོ། །འབྲིང་ནི་མདོག་སེར་ཅུང་ཞིག་སོབ། །ས་དང་ཅུང་ཟད་འདྲེས་པ་འོ། །ཐ་མ་ཁ་དོག་ནག་པོ་སྟེ། །དྲི་ཆེ་ས་དང་འདྲེས་པ་འོ། །ནད་ཁམས་ཀུན་ལ་མཆོག་ཏུ་ཤིས། །རླུང་དང་མཁྲིས་པ་བད་ཀན་དང་། །འདུས་པའི་ཆུ་སེར་ཞི་བར་བྱེད། །རྒས་སྲ་གཉེར་མ་སངས་པ་དང་། །ཤ་མདངས་དཀར་དང་དབང་པོ་གསལ། །སྐྲ་ནག་རུས་པ་མཁྲེགས་པར་འགྱུར། །དེས་ནི་རྡོ་རྗེ་འདྲ་བར་བསྟན། །རབ་ན་ཕྱེ་མར་སྦྱར་བ་ནི། །མུ་ཟི་སྲང་བཞི་དག་དང་ནི། །པི་པི་ལིང་དང་ཆ་སྙོམས་ནས། །གཏང་བས་མཁྲིས་པའི་ནད་རྣམས་དང་། །ཆུ་སེར་དག་ལ་རྡོ་རྗེ་བཞིན། །མུ་ཟི་སྲང་གཅིག་དག་དང་ནི། །ར་མཉེ་བ་དང་ཉེ་ཤིང་བ། །ཁ་རུ་ཚྭ་དང་སྦྱར་བས་ནི། །རྣག་དང་ཆུ་བ་དག་དང་ནི། །རླུང་ནད་ཅན་ལ་རྡོ་རྗེ་བཞིན། །མུ་ཟི་སྲང་གཅིག་དག་དང་ནི། །རྔུལ་བ་ར་ནས་རྩམ་པ་དང་། །ཀ་ར་དག་དང་སྦྱར་པས་ནི། །གློ་དང་སྙིང་གི་ནད་རྣམས་འཇོམས། །མུ་ཟི་སེང་ལྡེང་གུར་གུམ་དང་། །སྐམ་ན་ཝ་རའི་ཐལ་བར་སྦྱར། །ཁྲག་ནད་ཆུ་སེར་དྭངས་མ་དབྱེ། །མུ་ཟི་དག་དང་སྐར་མ་ཡི། །ཆུ་དང་སྦྱར་བས་ནད་ཀུན་འཇོམས། །མུ་ཟི་དག་དང་བྲ་མའི་འབྲུམ། །བཅས་པས་བཅུད་ཀྱི་ལེན་དུ་འགྱུར། །མི་ཟི་ཐ་ཀར་རྡོ་རྗེ་དང་། །ནིམ་བ་པ་ཏོ་ལ་སྦྱར་བ། །ཆུ་སེར་ཐམས་ཅད་རོལ་དུ་གསོད། །མུ་ཟི་དག་དང་སྐམ་པ་དང་། །ཀ་ཤོ་ཀ་དང་ཀེ་ཏ་དག །སྦྱར་བས་གློ་བའི་རྣག་རྣམས་སྐེམ། །ལྡེ་གུ་སྦྱར་བར་བྱ་བ་ནི། །མུ་ཟི་དག་དང་ཙེ་འུན་ཀྲ། །ཨ་རུ་ར་དང་བ་རུ་ར། །སྐྱུ་རུ་ར་དང་སྦྲང་རྩིར་སྦྱར། །ལྡེ་གུས་བད་རླུང་ནད་རྣམས་སེལ། །མུ་ཟི་པི་པི་ལིང་དང་ནི། །སྦྲང་རྩི་དག་དང་ལྡེ་གུར་སྦྱར། །ཟོས་པས་མཁྲིས་དང་ཆུ་སེར་འཇོམས། །
མུ་ཟི་དག་དང་ཝར་ན་དང་། །བཅས་པས་སྦྲང་རྩིར་སྦྱར་བ་ནི། །ཆུ་སེར་ནག་པོ་འཇོམས་པར་བྱེད། །མུ་ཟི་དག་དང་ཨ་བ་རི། །ཆུ་དང་སྦྲང་རྩིར་སྦྱར་བ་ཡིས། །ནད་རྣམས་ཐམས་ཅད་འཇོམས་པར་བྱེད། །འབྲས་བུ་གསུམ་གྱི་ཕྱེ་དག་དང་། །མུ་ཟི་དག་དང་སྦྲང་རྩིར་སྦྱར། །འདུས་པའི་ནད་རྣམས་སེལ་བའི་མཆོག །མུ་ཟི་དག་དང་སྣུམ་ཆེན་དང་། །མཱུ་ལ་རྣམ་གཉིེས་འབྲས་བུ་གཅིག །སྦྲང་རྩི་དག་དང་སྦྱར་བ་ནི། །ཆུ་སེར་ནད་རྣམས་འཇོམས་པར་བྱེད། །སྨན་མར་དག་ནི་ཤིན་ཏུ་བསྔགས། །མུ་ཟི་ཨ་ཤྭ་མཱུ་ལ་དཀར། །ལྡེ་གུ་རྩ་དང་བསམ་སེའུ་དང་། །དེ་རྣམས་དག་ནི་གདུལ་བྱས་ཏེ། །ཆུ་དང་འོ་མ་སུམ་འགྱུར་ཆུ། །མར་ནི་སྲང་བཅུ་དག་དང་སྦྱར། །འདུས་པའི་ནད་ནི་སེལ་བར་བྱེད། །མུ་ཟི་དག་དང་ཨ་རུ་ར། །བསྐོལ་བའི་ཁུ་བ་མར་དང་སྦྱར། །དེ་ཡང་བཅུད་ལེན་དག་ཏུ་འགྱུར། །སེང་ལྡེང་དང་ནི་ནིམ་པ་དང་། །ཐ་ཀར་རྡོ་རྗེ་དག་དང་ནི། །གསོ་མ་ར་ཙ་སྣུམ་ཅན་བཅས། །ཆུ་སྲང་སུམ་ཅུ་རྩ་བཞི་དང་། །འོ་མ་དེ་ཡི་ཕྱེད་དུ་དུ། །མར་སྲང་སུམ་ཅུ་སྦྱར་བྱས་ན། །ཆུ་སེར་ནད་རྣམས་འཇོམས་པར་འགྱུར། །སོ་མ་རཱ་ཛ་ལས་མུ་ཟི་སྦྱར་ཐབས་བསྟན་པའི་ལེའུ་སྟེ་ང་གསུམ་པའོ།། །།
དེ་ནས་བྲག་ཞུན་སྦྱར་ཐབས་ནི། །ས་ཆུ་ཡང་བ་ཤིན་ཏུ་བཟང་། །ས་ཆེ་ལྕི་བ་ངན་པ་འོ། །དང་པོ་ཆུ་ནང་མཉེས་ནས་ནི། །ཆུ་བཞུར་ས་དང་དབྲལ་བར་བྱ། །དེ་ནས་བསྐོལ་ལ་ཁཎྜ་བྱ། །སྦྱར་ཐབས་བྲག་ཞུན་དག་དང་ནི། །པི་པི་ལིང་དང་ཀ་ར་སྦྱར། །གློ་སྙིང་ནད་རྣམས་ཞི་བར་བྱེད། །བྲག་ཞུན་དག་དང་གུར་གུམ་དང་། །ཀ་ར་དག་དང་སྦྱར་བ་ནི། །མཆིན་པའི་ནད་ལ་མཆོག་ཏུ་བསྔགས། །བྲག་ཞུན་དག་དང་ལྡེ་གུའི་རྩ། །རྩ་དེའི་རྩ་བ་དག་དང་ནི། །སྦྱར་བས་རླུང་མཁྲིས་བད་ཀན་དང་། །མཆོག་ཏུ་མཁྲིས་པའི་ནད་རྣམས་འཇོམས། །
བྲག་ཞུན་སྦྲང་རྩི་དག་དང་སྦྱར། །ཁྲག་ནད་ཐམས་ཅད་སེལ་བར་བྱེད། །བྲག་ཞུན་སྒོག་སྐྱ་ཁ་རུ་ཚ། །རྒྱམ་ཚྭ་སྦྲང་རྩིའི་ལྡེ་གུ་ཡིས། །མཆིན་པའི་འོར་ནད་སེལ་བར་བྱེད། །འབྲས་བུ་གསུམ་དང་པ་ཏོ་ལ། །པི་པི་ལིང་དང་ཁ་རུ་ཚྭ། །གསོ་མ་ར་ཙ་རྒྱ་ཚྭ་དང་། །ཤིང་ཚྭ་ལྕེ་ཕོག་དཀར་པོ་དང་། །བྲག་ཞུན་དག་དང་སྦྱར་ནས་ནི། །སྦྲང་རྩི་ལྡེ་གུས་དམུ་རྣམས་སེལ། །འབྲས་བུ་གསུམ་དང་སྔོན་བུ་དང་། །བསྐོལ་ཏེ་ཁུ་བ་དག་དང་ནི། །བྲག་ཞུན་དག་དང་སྦྱར་བྱས་ཏེ། །སྦྲང་རྩི་སྦྱར་བས་འཁྲུ་བ་སྟེ། །དམུ་དང་ཆུ་སེར་ནད་རྣམས་འཇོམས། །
ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །ཡ་བཀྵ་ར་གུར་གུམ་རྣམས། །བྲག་ཞུན་དག་དང་སྦྱར་བ་ཡིས། །མཆིན་པའི་ཁྲག་སྐྲན་འཇུ་བར་བྱེད། །པི་པི་ལིང་དང་ཕོ་བ་རིས། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །བྲ་གའི་རྩ་བ་གཟེ་མ་དང་། །བྲག་ཞུན་དག་དང་སྦྲང་རྩི་བསྡུས། །བུད་མེད་ཁྲག་སྐྲན་ཞི་བར་བྱེད། །ཡང་ན་པི་པི་ལིང་དག་དང་། །བྲག་ཞུན་སྦྲང་རྩི་སྦྱར་བས་ཀྱང་། །ཡང་ན་ཨ་རུ་ར་དང་ནི། །པི་པི་ལིང་དང་བྲག་ཞུན་དང་། །བུ་རམ་དག་དང་ལྡེ་གུར་སྦྱར། །ཁྲག་སྐྲན་འཇིག་པར་བྱེད་པ་འོ། །སོ་མ་རཱ་ཛ་ལས་བྲག་ཞུན་གྱི་བཅུད་ལེན་བསྟན་པའི་ལེའུ་སྟེ་ང་བཞི་པའོ།། །།
དེ་ནས་ཡང་གསུངས་པ། །ཤིང་ལ་བབས་པ་དག་ལ་ནི། །རྩ་བ་དག་དང་སྡོང་བུ་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །ཚི་བ་ཐང་ཆུ་དང་བཅས་པའོ། །ཁ་དང་མངར་དང་སྐྱུར་བ་དང་། །ལན་ཚྭ་ཚྭ་དང་བསྐ་བ་འོ། །ཁ་དང་མངར་བས་མཁྲིས་པ་སེལ། །བསྐ་དང་ལན་ཚྭ་རླུང་ནད་སེལ། །སྐྱུར་དང་ཚ་བས་བད་ཀུན་སེལ། །ལར་ན་མཐུན་མཐུན་བྱེ་བྲག་གིས། །ནད་རྣམས་འཇོམས་པར་བྱ་བ་ནི། །དང་པོ་རླུང་ནད་བཅོས་པ་བསྟན། །དང་པོ་མགོ་རླུང་བཅོས་པ་ནི། །མགོ་བོའི་སྐྲ་དག་བྲེགས་ནས་ནི། །རྩི་མར་རྙིང་པ་བྱུག་པར་བྱ། །སྤྱི་གཙུག་ལྟག་པའི་རླུང་གསང་བསྲེགས། །དེ་ལྟག་འབོག་མཚམས་ཁ་གསུམ་བསྲེགས། །ཡང་ན་སྐྲ་དག་བཞར་བྱས་ཏེ། །གྲེས་མའི་ས་བོན་ཕུལ་གང་དང་། །ཟར་མ་དག་ནི་ཕུལ་གང་དང་། །ཁ་རུ་ཚྭ་ནི་སྲང་གཅིག་དང་། །མ་ཧེའི་མར་དང་ལྡེ་གུར་སྦྱར། །བྱུགས་ཏེ་གྲོད་པ་དག་གིས་གཏུམས། །
ཡང་ན་ཟར་མ་གསོ་མ་བརྔོས། །སྲུབ་ཀ་སྒོག་སྐྱ་བསྲེས་ནས་ནི། །ཞིབ་པར་བརྡུངས་ཏེ་མ་ཧེའི་མར། །མགོ་ལ་གཡོགས་ཏེ་མཚོགས་མ་འདོན། །གྲོད་པར་གཏུམས་ཏེ་ཞག་གསུམ་བཞག །ཡང་ན་པི་པི་ལིང་གི་ཕྱེ། །ཏིལ་མར་དག་ཏུ་བསྐོལ་ནས་ནི། །སྣ་རུ་བླུག་པས་ཞི་བར་འགྱུར། །རླུང་གིས་ཀླད་པ་ན་བ་ལ། །ཏིལ་མར་ནང་དུ་ཤིང་ཀུན་བླུག །ཀླད་པའི་རླུང་ནད་ཞི་བར་འགྱུར། །སྣ་བུག་ནང་དུ་བླུག་བར་བྱ། །ཏིལ་མར་ནང་དུ་བུ་རམ་དང་། །ཤིང་མངར་བླུག་པས་འཇམ་པ་ནི། །སྣ་རུ་བླུག་པས་འཚོ་བར་འགྱུར། །མགོ་ལ་རླུང་ཞུགས་བཅོས་པ་ནི། །ཡོས་འབྲས་ཁྲེ་ཡི་ཚོད་མ་དང་། །ཏིལ་མར་བརྡུངས་པ་གཏང་བར་བྱ། །དུར་བྱིད་རིལ་མ་ཙམ་ཅིག་གཏང་། །པི་པི་ལིང་གི་ཕྱེད་ཆུང་ཙམ། །འབྲི་མར་ཁུ་བ་བྱེའུ་སྒོང་གང་། །བསྐོལ་ནས་སྣ་ཡི་ནང་དུ་བླུག །མགོ་ནད་ཐམས་ཅད་ཞི་བར་བྱེད། ཁོང་དུ་རུས་ཁུ་གཏང་བར་བྱ། །མགོ་ལ་ཙག་ཙག་གདབ་པར་བྱ། །རྗེས་ལ་སྣུམ་ནན་ཤིན་ཏུ་ཤིས། །ལྟག་པའི་ཆུ་བའི་རླུང་གསང་བསྲེག །སྤུ་བསྲེག་ཤུལ་དུ་ཏིལ་མར་བསྐུ། །དང་པོ་མགོ་རླུང་བཅོས་པ་འོ། །
དེ་ནས་སྙིང་རླུང་བཅོས་པ་ནི། །ཞོ་ཤ་གསུམ་གྱི་སྨན་མར་གཏང་། །རུས་མར་འབྲས་སུ་གསུམ་གྱི་མར། །དེ་བཞིན་ཟས་ན་བཅུད་ལ་བསྟེན། །ཚིགས་པ་ལྔ་བདུན་ཁ་གསུམ་དུ། །མདུན་གྱི་བྱ་རོག་མིག་དང་ནི། །ནུ་མའི་བར་དུ་བཅོ་བརྒྱད་དེ། །ཕོ་ལ་ནུ་རྡོག་དག་ནས་ནི། །སོར་བཞི་གཡས་སུ་གདབ་པར་བྱ། །མོ་ལ་སོར་བཞི་གཡོན་དུ་འོ། །ཚིགས་པ་དང་པོའི་སར་བསྲེག་གོ །ནུ་མའི་དཀྱིལ་དུ་ཡང་བསྲེག་གོ །སྒྲོག་རུས་གཉིས་ཀྱི་བར་ཡང་བསྲེག །གློ་ཡི་རླུང་གསང་བསྲེག་པ་ནི། །བཞི་པ་ལྔ་པ་ཐུར་གསང་སྟེ། །ཁ་གསུམ་བྱ་རོག་མིག་གཉིས་ཏེ། །ཨ་སོ་དག་ཀྱང་བསྲེག་པར་བྱ། །
ཡིབ་མ་གཡེར་ཆུང་བཏབ་ལ་གཏང་། །ཆུང་ཆུང་(ཆུ་ཤོ་ཆུང་བ)མྱུ་གུའི་ཁཎྜ་གཏང་། །ཛཱ་ཏི་ཅུ་གང་ཀ་ཀོ་ལ། །ཤིང་མངར་ཕུར་མོའི་ཐལ་བ་དང་། །ཚ་བ་གསུམ་ནི་ཅུང་ཙམ་གཏང་། །སུག་སྨེལ་ཅུ་གང་ལི་ཤི་དང་། །སྦྲང་རྩིའི་ལྡེ་གུ་བྱས་ལ་གཏང་། །སྟར་བུ་ཅུ་གང་ཟི་ར་དང་། །སུག་སྨེལ་ཁ་རུ་ཚྭ་དང་ནི། །བྱེ་མ་ཀ་ར་དག་ལ་བྱ། །ཆང་འཇམ་འོ་མ་གཏང་བར་བྱ། །གང་ཆང་སྐྱུར་ཚག་སྤང་བར་བྱ། །ཕོ་རླུང་ངག་གི་བཅོས་ཐབས་ནི། །པན་ཙ་ཕ་ལའི་(བཟང་པོ་ལྔ་སྦྱོར)སྨན་མར་གཏང་། །ཁ་རུ་ཚྭ་ཡི་སྨན་མར་གཏང་། །འབྲས་བུ་གསུམ་གྱི་སྨན་མར་གཏང་། །རྒྱབ་ཀྱི་ཕོ་གསང་(བ་བཅུ་གསུམ)ཁ་གསུམ་བསྲེག །ཕན་ཚུན་གཉིས་ན་ཐུར་གསང་གང་། །ལྷེན་སྣ་དག་ནས་ཐུར་ཚོན་གང་། །ཁ་གསུམ་དུ་ནི་བསྲེག་པར་བྱ། །དེར་ནི་ཐུར་གང་ཁ་ལྔ་སྟེ། །དེ་འོག་ཐུར་གང་དགུ་རུ་འདོད། །ཐ་མ་བདུན་དུ་གདབ་པར་བྱ། །སེའུ་འབྲུ་བདུན་པའི་ཕྱེ་མ་གཏང་། །ལོང་རླུང་དག་གི་བཅོས་ཐབས་ནི། །སྒོག་སྐྱ་དག་གི་སྨན་མར་གཏང་། །ཚ་བ་གསུམ་དང་སེའུ་འབྲུ་དང་། །རྒྱམ་ཚྭ་ཁ་རུ་ཚྭ་དག་དང་། །དྲི་མ་འབོས་མོ་དག་དང་ནི། །བུ་རམ་དག་གི་ལྡེ་གུ་བྱ། །ཡང་ན་འཇམ་རྩི་ཤིན་ཏུ་ཤིས། །བཙོད་དང་ཐང་ཤིང་དག་དང་ནི། །ཤུ་དག་སླེ་ཏྲེས་པི་པི་ལིང་། །སུག་སྨེལ་ཀཎྚ་ཀཱ་རི་དང་། །ཤུ་རི་ཤུ་མོ་ཟྭ་དང་ནི། །ཡུང་བ་བསེ་ཡབ་འུ་སུ་སྟེ། །ཕྱེ་མ་ར་མར་དག་ཏུ་བསྐོལ། །འཇམ་རྩི་ཤིན་ཏུ་ཕན་པར་འགྱུར། །
ལུས་བསྲང་སྐྱིལ་ཀྲུང་བཅས་ནས་ནི། །གྲུ་མོས་རྩིབ་ཐུང་སྣར་སླེབས་པ། །དེ་ནི་ལོང་ཕུགས་ཡིན་ཏེ་བསྲེག །བཅུ་བདུན་ལོང་གསང་ཁ་གསུམ་དུ། །ཐུར་མ་དག་ཀྱང་བརྡེག་པར་བྱ། །ལར་ན་ལྟེ་བ་ཁ་ལྔ་(པདྨ་ལྟར)ནི། །ལོང་གསང་དག་ཏུ་ཐུར་མ་བརྡེག །ལར་ན་བཅུད་ལ་བསྟེན་པ་ནི། །རླུང་གི་བཅོས་ཀ་ཐམས་ཅད་ལའོ། །མཁལ་མར་རླུང་ཞུགས་བཅོས་ཐམས་ནི། །རུས་པ་སྣ་ཚོགས་ཚྭ་སྣར་སྦྱར། །དེ་ཡི་སྨན་མར་གཏང་བར་བྱ། །ཤུ་མོ་ཟྭ་ཡི་སྨན་མར་གཏང་། །རྩ་བ་ལྔ་ཡི་སྨན་མར་རམ། །ཡང་ན་གཟེ་མའི་ཆང་དག་གམ། །ཡང་ན་འབྲས་བུ་གསུམ་གདུས་མར། །བཅུ་བཞི་བཅོ་ལྔ་ཐུར་གསང་ནི། །གོང་དུ་བདུན་ཏེ་འོག་ཏུ་དགུ ། ཐུར་གསང་དག་ཏུ་ཤེས་པར་བྱ། །མཆིན་པར་རླུང་ཞུགས་བཅོས་ཐབས་ནི། །མཆིན་པ་དག་གི་སྨན་མར་ཤིས། །ལུག་གམ་གཡག་གི་མཆིན་པ་ལ། །རྒྱུས་པ་ཆུ་བ་བསལ་ལ་བརྡུང་། །ཆུ་དང་འོ་མར་བཙོ་བར་བྱ། །ཆུ་ཚོད་འོ་མ་ལུས་པ་དང་། །བཙགས་ལ་མར་དང་བསྲེ་བར་བྱ། །
ཆུ་ཆོད་མར་དག་ལུས་པ་དང་། །འབྲས་བུ་གསུམ་དང་གུར་གུམ་དང་། །ཁ་རུ་ཚྭ་ནི་མཆོག་ཏུ་ཤིས། །སྦྲང་རྩི་དག་དང་བུ་རམ་སྦྱར། །མཆིན་པའི་རླུང་ལ་མཆོག་ཏུ་ཤིས། །ཡང་ན་འབྲས་བུ་གསུམ་གྱི་མར། །གཏང་བས་མཆིན་རླུང་འཇོམས་པར་འགྱུར། །བྲག་ཞུན་སྨན་མར་གཏང་བར་བྱ། །བརྒྱད་པ་དགུ་པ་ཁ་གསུམ་དུ། །ཐུར་མ་དག་ཀྱང་བསྔགས་པ་ཡིན། །རླུང་ལ་མེ་བཙའ་དག་དང་བཅུད། །སྨན་མར་བླུག་པ་ཀུན་ལ་འོ། །བུ་རམ་རྙིང་པ་ཀུན་ལ་ཕན། །རུས་མར་དག་ཀྱང་དེ་བཞིན་ནོ། །སྒ་དང་ཕོ་རིས་པི་པི་ལིང་། །སྤོད་དུ་བཏབ་ལ་ཁེམ་བུས་གཏང་། །སྐམ་ནི་ནར་སོན་ཆང་ཡིན་ཏེ། །རྗེས་ལ་མཆིན་གསང་མདུན་རྒྱབ་བསྲེག །སོ་མ་རཱ་ཛ་ལས་རླུང་རྣམས་བཅོས་པའི་ལེའུ་སྟེ་ང་ལྔ་པའོ།། །།
དེ་ནས་མཁྲིས་ནད་བཅོས་པ་ནི། །མཁྲིས་པ་ཤ་སེར་དག་ལ་ནི། །བ་ལ་ཀ་དང་བ་ཤ་ཀ །ཏིག་ཏ་དུག་མོ་ཉུང་དང་ནི། །གསེར་གྱི་མེ་ཏོག་ཐང་གཏང་ངོ་། །ཏིག་ཏའི་ཐང་བཤལ་གཏང་བར་བྱ། །རྗེས་ན་ཞོ་དཀྲུགས་དག་གིས་བཅད། །གུར་གུམ་བདུན་པ་དག་དང་ནི། །ག་པུར་བདུན་པ་གཏང་བར་བྱ། །ད་ལའི་ཏིག་ཏའི་ཐང་དག་གཏང་། །བོང་བ་ཧོང་ལེན་ཐང་ཡང་གཏང་། །རྩེའུ་ཅུང་དྲུག་འགོ་རྩ་རེངས་དང་། །མཁྲིས་པའི་གསེར་མདུང་གདབ་པར་བྱ། །མཇིང་པ་རེངས་ཤིང་རྣ་བ་འུར། །རྩ་གྲིམས་ཕྲ་ལ་དྲག་ཏུ་འཕར། །ཤ་སེར་མིག་སེར་ལྕེ་སེར་ན། །དང་ག་མི་བདེ་ཚ་བ་ཆེ། །གློ་ལ་བབས་ན་ག་པུར་གཏང་། །རྩེའུ་ཐུང་གློ་རྩ་གདབ་པར་བྱ། །མཆིན་པ་དག་ལ་བབས་པ་ནི། །མཆིན་རྩ་གདབ་ཅིང་གུར་གུམ་དང་། །བྲག་ཞུན་དག་ནི་གཏང་བར་བྱ། །
ཕོ་བ་ལ་བབས་སེར་པོ་ནི། །སླ་མོ་སྐྱུག་ཅིང་འཁྲུ་བ་ལ། །དུགས་ནི་ཆུ་ཡི་དུགས་བྱ་ཞིང་། །དོམ་མཁྲིས་པ་ཡི་ཕྱེ་མ་གཏང་། །ཡང་ན་ག་པུར་ཕྱེ་མ་གཏང་། །གླ་དགོ་ཚག་ཤ་ཤིན་ཏུ་བསྔགས། །མཁྲིས་པ་ཤ་ཡ་བཅོས་པ་ནི། །ཉམ་ཆུང་རྩ་ནི་ཞན་ན་འཆི། །ཉམས་སྟོབས་སྐྱེས་ན་འཚོ་བ་སྲེད། །ཀྱི་ལྕེ་དཀར་ནག་རྩ་བ་དང་། །ཏིག་ཏ་སྤང་རྩི་དོ་བོ་དང་། །ཅུ་གང་གུར་གུམ་གླ་སྒང་དང་། །ཤིང་ཚྭ་སུག་སྨེལ་བ་ལེ་ཀ །བ་ཤ་ཀ་དང་དུག་མོ་ཉུང་། །ཀ་ར་དྲུག་འགྱུར་དག་དང་སྦྱར། །རུ་ཐུང་མཁྲིས་པའི་གཤའ་རེངས་དང་། །རྩེའུ་ཅུང་དག་ཀྱང་གཏང་བར་བྱ། །མིག་སེར་དག་ཀྱང་དེ་བཞིན་ཏེ། །ཚྭ་དང་བཅུད་ཅན་བསྲུང་བར་བྱ། །ར་ཞོ་ཆག་ཙེ་གཏང་བར་བྱ། །མཁྲིས་པ་ལུད་པ་དག་ལ་ནི། །ཁ་བ་གསུམ་པོ་དག་དང་ནི། །ག་པུར་བྱེ་མ་གཏང་བར་བྱ། །རྩ་བཤལ་གཏང་ཡང་མཆོག་ཏུ་ཕན། །ཁྲག་ནི་ཆོག་པ་འདོན་པར་བྱ། །རྩ་རྣམས་ཀ་སྨད་གཏང་བར་བྱ། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་། །དུག་མོ་ཉུང་གི་ཐང་ཡང་གཏང་། །ཀྱི་ལྕེ་བ་ཡི་ཐང་བཤལ་གཏང་། །སྤྱིར་ནི་ཟས་རྣམས་ཡན་ལ་གཏད། །ཤ་ཡི་མདོག་དང་སྟོབས་སྐྱེད་ཐུབ། །མཁྲིས་པ་གློར་ལུད་ལུ་བ་དང་། །ཅུ་གང་དག་གི་གྲང་ཐང་གཏང་། །གློ་རྩ་ཨ་སོ་མཁྲིས་རྩ་གདབ། །ཕོ་བར་ལུ་ན་བཤལ་གཏང་སྟེ། །ཨ་རུ་ར་ནི་མཆུ་སྙུང་དང་། །འོ་མའམ་ཆུ་ལས་སྦྱར་ལ་གཏང་། །མཁྲིས་པ་མཆེར་པར་ལུད་པ་ནི། །མཁྲིས་པའམ་དོམ་མཁྲིས་ཕྱེ་མ་གཏང་། །ཏིག་ཏའི་བཤལ་གཏང་མཆེར་རྩ་གཏང་། །མཁྲིས་པའི་ནད་ལ་མེ་བཙའ་སྤང་། །ཆག་ཙེ་ཞོ་དཀྲུགས་གཏང་བར་བྱ། །སོ་མ་རཱ་ཛ་ལས་མཁྲིས་པ་བཅོས་པའི་ལེའུ་སྟེ་ང་དྲུག་པའོ།། །།
དེ་ནས་བད་ཀན་བཅོས་པ་ནི་། །ཟས་རྩུབ་པ་དང་དྲོད་ཆེན་དང་། །ཟས་ལ་ཐག་ཡོད་སྣུམ་ནག་ནས། །སྣུམ་བག་བཅུད་ཅན་རུལ་སུངས་སྤང་། །བད་ཀན་སྨུག་པོ་བཅོས་པ་ནི། །ཤ་བའི་ཚོ་ཁུ་མ་ནུ་དང་། །འུ་སུ་ཀཎྚ་ཀཱ་རི་དང་། །སླེ་ཏྲེ་མ་ནུ་དག་དང་ནི། །ར་མཉེ་བ་དང་ཉེ་ཤིང་བ། །མཆོག་ཏུ་བསྔགས་པ་ཡིན་པར་གསུང་། །རྩེའུ་ཅུང་རུ་ཐུང་སྣོད་རྩ་གདབ། །ཤིན་ཏུ་སྐྱུགས་ན་གསོན་ཁྲག་གཏང་། །མ་ནུའི་བཤལ་ནི་མཆོག་ཏུ་བསྔགས། །ཨ་རུ་ར་དང་སྐྱུ་རུ་ར། །རྒྱམ་ཚྭ་མ་ནུའི་ཐང་གཏང་ངོ་། །བཟང་དྲུག་གཏང་ཞིང་ཆུ་གྲང་བླུད། །འབྲས་བུ་གསུམ་གྱི་ཐང་བཤལ་གཏང་། །ཆུ་བླུད་ཆུ་བསྐོལ་གཏང་བར་བྱ། །སྨུག་པོ་འཐབ་ན་འཆི་བར་འགྱུར། །མཆིན་པ་ཟགས་པ་དེ་བཞིན་ནོ། །བྲག་ཞུན་ཁ་རུ་ཚྭ་དག་དང་། །པི་པི་ལིང་དང་སྦྱར་ལ་གཏང་། །གློ་མིག་འཚངས་ན་སྟར་བུ་དང་། །ཛཱ་ཏི་ཅུ་གང་སུག་སྨེལ་དང་། །སྦྲང་རྩིའི་ལྡེ་གུ་གཏང་བར་བྱ། །གློ་རྩ་དག་ཀྱང་གཏང་བར་བྱ། །མ་ནུ་ཀཎྚ་ཀཱ་རི་དང་། །ཨ་རུ་ར་ཡི་ཐང་དང་ནི། །བཅའ་ལྒའི་བཞི་ཐང་གཏང་བར་བྱ། །མ་ནུའི་དྲོད་བཤལ་གཏང་བར་བྱ། །རྩ་གྲིམས་ལུས་ལྕི་ངོ་སྣུམ་དང་། །བད་ཀན་སྨུག་པོ་དག་ཏུ་འོ། །
ལོང་དུ་ལྷུང་ན་ལྟེ་བ་ན། །རྒོད་ཞོ་མཛོ་ཞོ་ཤིན་ཏུ་བསྔགས། །ཚྭ་ཆང་བསྲུང་ཞིང་ཡན་ལ་གཏད། །བད་མཁྲིས་འདོམས་རྩ་གཏར་བར་བྱ། །གླ་བ་དགོ་བ་སྐོམ་ཤ་གཏང་། །ལུག་ཤ་གསར་དང་ཆང་ཡང་གཏང་། །རྩ་ནི་ཤིན་ཏུ་ཞན་འགྱུར་ན། །སྐྱུག་ཅིང་དང་ག་མི་བདེ་ཞིང་། །ཁ་བསྔལ་ལྕེ་སྐྱ་སྐམ་པ་ནི། །མ་ནུའི་བཤལ་ཏང་གཏང་བར་བྱ། །ཅུང་ཟད་ཙམ་ནི་སྐྱུག་ཏུ་གཞུག །ཤུ་མོ་ཟ་ཡི་སྨན་མར་གཏང་། །བད་ཀན་སྨུག་པོ་ཕོ་བར་བབས། །མ་ནུའི་བཤལ་གཏང་སྣོད་བཞི་གཏར། །བད་ཀན་མཆིན་པ་ལ་སོང་ན། །རྡོ་བཞིན་འོང་ཞིང་མིག་སྤྲིན་ནག །དང་ག་མི་བདེ་ལུས་ཤེད་ཆུང་། །དེ་ནི་འཆི་བས་སྤང་བར་བྱ། །གློ་རྩའི་སྦུགས་སུ་སོང་བ་ན། །རྩ་བ་བརྒྱད་པའི་བཤལ་བྱ་འོ། །ཕོ་བར་བུ་རམ་ཁ་རུ་ཚྭ། །བཅའ་ལྒ་ཅུང་ཙམ་ཨ་རུ་ར། །ཡང་ན་སེའུ་འབྲུའི་ཕྱེ་མ་གཏང་། །བད་ཀན་དཀར་པོ་གློར་སོང་ན། །གློ་གསང་བསྲེག་ཅིང་ཟས་དྲོད་གཏང་། །ཨ་རུ་ར་ཡི་ཕྱེ་མ་འམ། །ཡང་ན་ཛཱ་ཏི་སུག་སྨེལ་དང་། །ཅུ་གང་ཤིང་མངར་ཤིང་ཚྭ་དང་། །སྦྲང་རྩིའི་ལྡེ་གུ་གཏང་བར་བྱ། །དཀར་པོ་ཕོ་བར་བབས་པ་ན། །སླེ་ཏྲེས་ཀཎྚ་ཀཱ་རི་དང་། །མ་ནུ་དོང་ག་ཆང་དང་སྦྱར། །མ་ནུའི་བཤལ་ནི་གཏང་བར་བྱ། །ཟས་ནི་དྲོད་ལ་བསྟེན་པར་བྱ། །ཕོ་བ་དག་ལ་དེ་བཞིན་ནོ། །
བད་ཀན་སྐྲན་ནི་ཐུར་མང་གིས། །བཅོས་པ་དག་ཏུ་ཤེས་པར་བྱ། །བད་ཀན་གྲུམ་བུ་བཅོས་པ་ནི། །པི་པི་ལིང་དང་རྒྱམ་ཚྭ་དང་། །བྱི་ཏང་ཀ་དང་རུ་རྟ་དང་། །སུག་སྨེལ་གླ་རྩི་ཕྱེ་མ་གཏང་། །ཕོ་བའི་རྫིངས་དང་ལོང་གསང་བསྲེག །བད་ཀན་སེར་པོ་བཅོས་པ་ནི། །ཕོ་བ་དག་ལ་བབས་པ་ན། །རྒྱམ་ཚྭའི་ཐང་དང་ཕྱེ་མ་གཏང་། །ལོང་དུ་བབས་པ་བཅོས་པ་ནི། །འབྲས་བུ་གསུམ་གྱི་ཐང་དག་གཏང་། །ཏིག་ཏ་དག་གི་འཇམ་རྩི་གཏང་། །མཆེར་པར་བབས་པ་བད་ཀན་ནག ཁ་རུ་ཚྭ་ཡི་ཐང་དག་གཏང་། །འབྲས་བུ་གསུམ་དང་ཁ་རུ་ཚྭ། །བུ་རམ་དག་དང་སྦྱར་ལ་གཏང་། །བད་ཀན་གློ་ལ་བབས་པས་དམར། །དམར་པོ་གསུམ་(སྐག་བཙོད་འབྲི་མོག)གྱི་ཐང་བཤལ་གཏང་། །བད་ཀན་མཁལ་མར་བབས་པ་ལ། །རྩ་བ་ལྔ་དང་ད་བྱིད་ཤ །སྨན་མར་གཟེ་མའི་ཆང་དག་གཏང་། །ཆུ་སྐྱགས་དག་ལ་ཕན་པ་ནི། །དྲག་པོའི་ལས་ནི་ཤིན་ཏུ་ཤིས། །ཡང་བའི་ཟས་དང་རྩུབ་པ་གཏང་། །ཚྭ་ནི་ཤིན་ཏུ་བསྔགས་པ་སྟེ། །ཡང་ན་སོ་ཆ་དག་གིས་བྱ། །བསྐུ་མཉེ་དུགས་ཀྱིས་ཤིན་ཏུ་བསྔགས། །འཇུ་སྐེམ་དག་ལ་སྐྱུགས་ཕན་ཏེ། །སྦྲང་རྒོད་སྐྱུགས་ནི་ཤིན་ཏུ་བསྔགས། །ཡང་ན་སོ་ཆ་དག་གིས་བྱ། །ཡང་ན་དཀར་པོ(འབྲི་རྟ་ས་འཛིན)གཅིག་སྐྱུགས་གཏང་། །བཅའ་ལྒ་ཁ་རུ་ཚྭ་དག་དང་། །ཨ་རུ་ར་དང་སྐྱུ་རུ་རའི། །ཕྱེ་མ་བུ་རམ་དག་དང་སྦྱར། །བད་ཀན་ཕོ་བར་བབས་པ་ནི། །བསྲེགས་པས་འགལ་བར་མི་འགྱུར་རོ། །སོ་མ་རཱ་ཛ་ལས་བད་ཀན་བཅས་པའི་ལེའུ་སྟེ་ང་བདུན་པའོ།། །།
རླུང་ལ་སྣུམ་དང་བཅུད་ཀྱིས་གསོ། །མེ་ཡི་ལས་བྱ་གཏར་མི་བྱ། །མཁྲིས་པ་བསིལ་དང་མངར་བ་སྟེ། །ཐང་དང་གཏར་བས་ཤིན་ཏུ་བཅོས། །བད་ཀན་བཅུད་མེད་དྲོད་ཀྱིས་ཏེ། །གཏར་དང་བསྲེགས་པ་དཔྱད་ལ་བྱ། །རླུང་དང་བད་ཀན་ལྡན་པ་ལ། །རུས་ཁ་རུས་མར་གཏང་བ་དང་། །ཚྭ་སྣ་དག་གི་མཆོག་ཏུ་འོ། །
བད་མཁྲིས་འཐབས་པ་དག་ལ་ནི། །གཏར་དང་ཐང་དང་ཡང་ཟས་བསྟེན། །རླུང་མཁྲིས་དག་ལ་གཏར་དང་བཅུད། །མཁས་པས་གཏང་བར་བྱ་བ་སྟེ། །འདུས་པ་དག་ལ་ནད་གཞིས་དཔྱད། །གློ་བུར་ཅུང་ཞིག་རྒྱས་པ་བཅག །འདུས་པ་སྨིན་ན་འཆི་བར་འགྱུར། །སོ་མ་རཱ་ཛ་ལས་ལྡན་པ་དང་འདུས་པ་བཅོས་པའི་ལེའུ་སྟེ་ང་བརྒྱད་པའོ།། །།
སྙིང་རླུང་བཅོས་པ་བསྟན་པ་ནི། །ཚ་གྲང་དག་གི་སྨྱོ་བྱེད་ལ། །ཚ་བ་དག་ནི་བཅོས་པར་བྱ། །ག་པུར་བདུན་པ་དག་དང་ནི། །ཉི་ཤུ་རྩ་ལྔའི་ཕྱེ་མ་གཏང་། །འབྲི་རྟ་དག་གམ་ཡང་ན་ནི། །ཛཱ་ཏི་ཅུ་གང་གུར་གུམ་དང་། །སུག་སྨེལ་ཞོ་ཤའི་ཕྱེ་མ་གཏང་། །རྩེའུ་ཅུང་དཔུང་པའི་གདུམ་རྩ་དང་། །ཐོང་རྩ་རུ་ཐུང་གདབ་པར་བྱ། །ཤ་སྨུག་གདོང་འཇིལ་དྲི་མི་ཞིམ། །སྨྲ་བ་ཅལ་ཅོལ་སྨྲ་བ་འོ། །ཅུང་ཞིག་ཞི་ན་བདེ་བ་འོ། །མ་བདེ་མཆོག་ཏུ་སྤང་བར་བྱ། །གྲང་བ་རླུང་དང་བསྡོངས་པ་འོ། །ཡང་ན་ཆུ་སེར་དག་དང་བསྡོངས། །སེའུ་འབྲུ་དག་གི་ཕྱེ་མ་གཏང་། །རྒྱམ་ཚྭ་ཁ་རུ་ཚྭ་དང་ནི། །ལྕེ་མྱང་ཚྭ་དང་པི་པི་ལིང་། །ཨ་རུ་ར་ཡི་ཕྱེ་མ་གཏང་། །འབྲས་བུ་གསུམ་གྱི་སྨན་མར་དང་། །སྒོག་སྐྱའི་སྨན་མར་མཆོག་ཏུ་བསྔགས། །ནུ་མའི་བར་དང་ཨན་ཏོང་རུས། །མཐེབ་མཛུབ་བར་གྱི་སྙིང་གསང་བསྲེག །བུར་ཆང་རྒོད་ཀྱི་ཏོང་ཏོང་གཏང་། །གཅན་གཟན་རུས་པའི་སྨན་མར་གཏང་། །བཙན་དུག་སྨན་མར་དག་ཀྱང་གཏང་། །དམིགས་སུ་ཐུར་མ་གདབ་པར་བྱ། །
བྲང་གི་རུས་པ་འབུར་གཉིས་ནས། །ནུ་མ་དག་ཏུ་ཐིག་གདབ་སྟེ། །ཙོག་ཙོག་པོ་ནས་ཐར་གང་ན། །བྱ་རོག་མིག་གཉིས་གསང་དག་གོ །དེ་འོག་བར་དང་གསང་གཉིས་དང་། །ནུ་མ་དག་ནས་ཚོན་གང་ན། །ཐ་མའི་གསང་དུ་ཤེས་པར་བྱ། །རུས་པ་ཙོག་ཙོག་པོ་ནས་ནི། །གཞུང་ཐིག་དག་ལ་དེ་བཞིན་ཏེ། །ཚོན་རེ་དག་ལ་དྲུག་དང་ནི། །ཕུན་རེ་དག་ལ་དྲུག་དག་སྟེ། །ལར་ན་གསང་ནི་བཅོ་བརྒྱད་ཡོད། །ནུ་མ་དག་ནས་ཆག་གང་ན། །གཉིས་ཏེ་བདུན་དང་དྲུག་ལ་འོ། །ཚིགས་ནས་ཚོན་གྱིས་བཅལ་བ་ནི། །གཉིས་ཏེ་དབུས་དང་ལྔ་ལྔ་བཅུའོ། །ཁ་ལེ་ནག་པོ་རླུང་ནད་འདྲེས། །ཚ་གྲང་ཕྱེད་པས་བཅོས་པར་བྱ། །གདོན་གྱི་སྨྱོ་བྱེད་གདོན་དག་བཅོས། །རླུང་གི་བརྗེད་བྱེད་བཅོས་ཐབས་ནི། །འབྲུ་མར་རུས་མར་རྩི་མར་གྱིས། །འབྲས་བུ་གསུམ་གྱི་སྨན་མར་གཏང་། །རླུང་གསང་བསྲེག་པར་བསྔགས་པ་ཡིན། །འབྲུ་མར་རྙིང་པ་གཏང་བར་བྱ། །བཅུད་དང་རྙིང་པ་མཆོག་ཏུ་འོ། །བད་ཀན་དག་ལ་དྲོད་གཏང་སྟེ། །ཚྭ་སྣ་དྲོད་སྨན་དག་གིས་བཅོས། །ལྷེན་སྣ་དག་ཏུ་ཐུར་མ་དང་། །དྲོད་བཤལ་དག་ནི་གཏང་བར་བྱ། །མཁྲིས་པའི་བརྗེད་བྱེད་བསིལ་གྱིས་བཅོས། །བཤལ་དང་ག་པུར་གཏང་བར་བྱ། །ཆུ་སེར་བརྗེད་བྱེད་དག་ལ་ནི། །ཐུར་མས་གསང་ནི་ཁ་ཕྱེས་ཏེ། །གུ་གུལ་བཤལ་དང་མུ་ཟི་གཏང་། །སེང་ལྡེང་དག་ཀྱང་གཏང་བར་བྱ། །དབུགས་རྣམས་གྲང་ཞིང་སྟོད་གཟེར་དང་། །རྩ་འཁྱིག་མགོ་ལག་འདར་བ་ལ། །རྟ་བོང་མི་ཤ་གཏང་བར་བྱ། །སྲིན་གྱི་བརྗེད་བྱེད་དག་ལ་ནི། །ཞག་གསུམ་འོ་མ་མར་བཅས་གཏང་། །
དེ་ནས་སྒོག་པ་རུ་རྟ་དང་། །ཕུར་མོང་ཐལ་བ་བསྲེས་པ་གཏང་། །རྩ་ཚ་ལྕེ་ཐུང་ཆུ་དམར་ན། །སྙིང་ལ་ཚ་བ་ཡོད་པ་སྟེ། །རྩ་བ་གཉིད་ཆག་སྨྲ་མང་དང་། །ཟས་ཆག་ཡན་པ་དག་ལས་ནི། །སྙིང་ནང་ཝུ་བས་གང་བ་འོ། །རྩ་སྟོང་ཆུ་མདོག་སྔོ་བ་དང་། །དེ་ནི་གྲང་བའི་སྨྱོ་འབོག་འགྲོ། །བཅོས་པས་ཚ་གྲང་དག་དང་ནི། །བུ་རམ་ཤིན་ཏུ་བསྔགས་པ་འོ། །འབྲི་ཚུགས་ལྟ་ཞིང་འགྲོ་ན་འབོག །མགོ་འཁོར་འགྱེལ་བ་དག་དང་ནི། །གླལ་འདོད་སྟོད་ནི་གཟེར་བ་དང་། །མིག་དམར་བྱད་ཀྱང་དམར་བ་དང་། །གཉིད་ཆུང་ལྕེ་ཐུང་ཚ་བ་ཆེ། །ལྡོག་པས་གྲང་བ་དག་ཏུ་འོ། ཁོང་འདར་གླུ་ལ་དགའ་བ་དང་། །དགོད་འདོད་ལག་པ་བྱ་བྱེད་མང་། །ཚ་གྲང་གང་ཡིན་བརྟགས་ལ་བཅོས། །སྤྲོ་ཐུང་རྡེག་འདོད་འབྲི་ཚུགས་ལྟ། །ཁ་འཐམས་སྨྲ་བ་ཉུང་བ་དང་། །མགོ་ན་གཞོགས་ཕྱེད་ན་བ་དང་། །གཡོན་དུ་ཡོ་ཞིང་འགྲོ་བ་ནི། །ཚ་བ་ཆེ་ཞིང་ན་ཚ་སྟོར། །སྙིང་རླུང་ཆེན་པོ་ཞེས་བྱ་སྟེ། །དེ་ནི་འཆི་བས་སྤང་བར་བྱ། །སོ་མ་རཱ་ཛ་ལས་སྙིང་རླུང་བཅོས་པའི་ལེའུ་སྟེ་ང་དགུ་པའོ།། །།
དེ་ནས་གློ་ནད་བཅོས་པ་ལ། །དང་པོ་རྒྱས་པ་བཅོས་པ་ནི། །སྨིན་པའི་དུས་སུ་འཚོ་བ་དང་། །སྨིན་པའི་དུས་སུ་འཆི་བ་དང་། །སྨིན་པའི་དུས་སུ་བཅོས་པ་དང་། །དུས་ནི་གསུམ་དང་ལྔ་དང་བདུན། །དགུ་དང་བཅུ་གཅིག་དག་ན་འོ། །དེ་རྣམས་མ་སྨིན་ཐང་དག་གཏང་། །སྨིན་ནས་ཟུག་གཟེར་ཆེ་བ་དང་། །གཉིད་མི་ཐུབ་པ་ལ་གཏར་བྱ། །འབྲི་རྟ་ཏྲེ་མེན་ཏ་དང་ནི། །ག་པུར་དག་དང་གུར་གུམ་གཏང་། །ཙན་དན་སྤྱི་ཞུར་དག་ཀྱང་གཏང་། །དང་པོ་སྐྱུ་རུ་ར་དང་ནི། །བ་ལེ་ཀ་དང་བ་ཤ་ཀའི། །ཐང་དག་གཏང་བར་བྱས་ནས་ནི། །བབས་ན་གཞུང་པ་རེངས་ན་ནི། །རྩེའུ་ཅུང་དག་ཀྱང་གཏར་བར་བྱ། །ནུ་མ་ན་ན་ཨ་སོ་གཏར། །ལྷེན་སྣར་གཟེར་ན་སྣོད་བཞི་གཏར། །རྩིབ་ཐུང་ན་ན་རུ་ཐུང་གཏར། །ཁྲག་རྗེས་བཤལ་དང་མེ་བཙའ་བཅད། །ག་པུར་ཅུ་གང་གུར་གུམ་དང་། །ཤིང་ཚྭ་ལི་ཤི་སུག་སྨེལ་དང་། །ལྕགས་ཕྱེ་ཤིང་མངར་ཨ་རུ་ར། །ཅུ་གང་ཕྱེ་མ་གཏང་བར་བྱ། །
སྟོངས་པ་དག་གི་བཅོས་ཐབས་ནི། །གསར་འཇམ་ཆང་དང་བུ་རམ་རྙིང་། །བཅུད་ལ་བསྟེན་ཏེ་གསོ་བར་བྱ། གབ་པ་བཤལ་གྱིས་བཅོས་པར་བྱ། །གློ་ནད་གྲང་བ་འོང་དུ་ལྷུང་། །པི་པི་ལིང་དང་རྒྱམ་ཚྭ་དང་། །ཛཱ་ཏི་སུག་སྨེལ་ནེ་གུ་ཆུང་(པི་པི་ལིང་ཆུང་བ)། །ཏིལ་མར་ཆང་སྦྱར་འཇམ་རྩི་བྱ། །རྩེའི་ཆུང་ཨ་སོ་ཁ་ཕྱེ་གཏར། །གྲང་ན་བཅུད་ལ་ཚ་ན་བསིལ། །རླུང་ལ་སྒོག་སྐྱའི་སྨན་མར་བསྟེན། །གསར་འཇམ་དག་ཀྱང་ཤིན་ཏུ་ཤིས། །ཨན་ཏོང་དང་ནི་བདུན་གསང་གི ། བྱ་རོག་མིག་གཉིས་བསྲེག་པར་བྱ། །གློ་ནད་ཐེས་པོ་བཅོས་པ་ནི། །ཅུ་གང་ཚྭ་སྣའི་སྨན་མར་གཏང་། །བསྲེག་པ་གོང་བཞིན་བསྲེག་པར་བྱ། །གློ་ནད་སེར་དང་གཉིས་འདུས་ཏེ། །སྐྱ་རྦབ་དག་གི་བཅོས་པ་ནི། །སྟར་བུ་ཛཱ་ཏི་ལྕགས་བྱེ་དང་། །སུག་སྨེལ་ཀ་ཀོ་ལ་དང་ནི། །ཤིང་མངར་ཅུ་གང་ལྡེ་གུ་ནི། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །ཡང་ན་ཏིག་ཏ་དག་དང་ནི། །ཀཎྚ་ཀཱ་རི་ཤིང་མངར་དང་། །ཁ་རུ་ཚྭ་ཡི་ཐང་དག་གཏང་། །བད་མཁྲིས་རྩ་དང་གློ་རྩ་གཏར། །ཁྲག་ནི་སླ་ན་ཉུང་ངུ་འདོན། །གློ་ནད་ཟ་བྱེད་བཅོས་པ་ནི། །འབྲས་བུ་གསུམ་གྱི་ཐང་དང་བཤལ། །དེ་རྗེས་ཅུ་གང་སྟར་བུ་དང་། རྒུན་འབྲུམ་ཤིང་མངར་ཤིང་ཚྭ་དང་། །སྦྲང་རྩིའི་ལྡེ་གུ་གཏང་བར་བྱ། །
ཡང་ན་གློ་རྩ་གཏར་ནས་ནི། །གོང་གི་སྨན་རྣམས་གཏང་བར་བྱ། །གློ་ནད་བུང་ཚངས་བཅོས་པ་ནི། །སྟར་བུ་ཅུ་གང་སུག་སྨེལ་དང་། །སྤང་རྩི་དོ་བོ་ཤིང་མངར་དང་། །ཕུར་མོང་ཐལ་བ་གློ་ལ་ནི། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །ཡང་ན་ཅུ་གང་གུར་གུམ་དང་། །ཛཱ་ཏི་སུག་སྨེལ་ཤིང་ཚྭ་དང་། །ཀ་ར་སྦྱར་བའི་སྨན་མར་གཏང་། །ཟས་ནི་གསར་འཇམ་གཏང་བར་བྱ། །བྱད་སེར་སྐྱ་ལ་རྦབ་པ་དང་། །རྩ་གྲིམས་ཆུ་མདོག་གུར་གུམ་འདྲ། །འབྲས་བུ་གསུམ་གྱི་ཐང་གཤལ་གཏང་། །རྩེའུ་ཆུང་གདབ་ལ་སྨན་ཡང་གཏང་། །ཚྭ་དང་རུལ་སུངས་བསྲུང་བར་བྱ། །
བད་ཀན་སྨུག་པོ་མཁྲིས་པར་བསྡོངས། །གློ་ཡི་རྩ་དང་མཁྲིས་རྩ་གཏར། །ཀཎྚ་ཀཱ་རི་ཏིག་ཏ་དང་། །བལ་བུ་ལོ་མ་ཁུ་རུ་ཚྭ། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །བལ་བུའི་བགྲུངས་ཐང་ཤིན་ཏུ་བསྔགས། །གློ་ཡི་སྐྲན་གྱི་བཅོས་པ་ལ། །ཁ་རུ་ཚྭ་དང་རྒྱམ་ཚྭ་དང་། །ཛཱ་ཏི་སུག་སྨེལ་ཨ་རུ་ར། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །གློ་ཡི་སུརྱ་དག་ལ་ནི། །གུ་གུལ་བཤལ་དང་རྩ་བཤལ་ཏེ། །ཡང་ནས་ཡང་དུ་གཏང་བར་བྱ། །མུ་ཟི་སྟར་བུ་ར་མཉེ་བ། །ཉེ་ཤིང་སུག་སྨེལ་བསེ་རུ་དང་། །སྦྲང་རྩི་དག་གི་ལྡེ་གུས་ནི། །སུརྱ་དང་ནི་གློ་རྣག་སེལ། །ཡང་ན་མུ་ཟི་དག་དང་ནི། །ཐུག་པོའི་རྭ་དང་བསེ་རུ་དང་། །གྭ་དོར་དག་དང་ཀ་རར་སྦྱར། །རྩེའུ་ཆུང་ལ་སོགས་རྩ་རྣམས་གཏར། །སྦྲང་ཆང་གྲོ་ཆང་གཏང་བར་བྱ། །ལྟག་པ་ཁ་གསུམ་དག་ཏུ་བསྲེག །ལག་པ་མི་ཐེག་སོག་པ་ཡི། །གཡང་རྩ་དག་ནི་བསྲེག་པར་བྱ། །གློ་ནད་གཟེར་བྱེད་བཅོས་པ་ནི། །ཨ་རུ་ར་དང་པུ་ཙེ་ཤེལ། །བ་ལེ་ཀ་དང་ཏིག་ཏ་དང་། །རྒུན་འབུམ་དན་ད་དུར་བྱིད་རྣམས། །ཆང་གིས་ཕུལ་ལ་བཤལ་དུ་གཏང་། །ཚ་བ་བྲི་ནས་བྱ་རོག་མིག །བསྲེག་པ་དག་ཀྱང་ཤིན་ཏུ་བསྔགས། །ཚ་གྲང་གཉིས་ཀྱི་སྐྱ་རྦབ་ལ། །མ་ནུ་དག་གི་བཤལ་དག་གཏང་། །ཨ་རུ་ར་ཡི་བོག་ཐང་གཏང་། །སྤང་རྩི་དོ་བོ་ཤིང་ཚྭ་དང་། །སྤང་རྒྱན་དཀར་དང་ཛཱ་ཏི་དང་། །ཀ་ར་དག་དང་སྦྱར་ལ་གཏང་། །ནེ་གུ་ཆུང་གི་འཇམ་རྩི་གཏང་། །རྩེའུ་ཆུང་ཨ་སོ་གདབ་པར་བྱ། །སྐྲངས་པ་ཞི་ནས་འོར་གསང་བསྲེག །ཟ་བྱེད་དག་གི་བཅོས་ཐབས་ནི། །ག་པུར་དག་ནི་བཞི་པ་སྟེ། །ཛཱ་ཏི་ཅུ་གང་ལི་ཤི་དང་། །ག་པུར་དག་ནི་གཏང་བར་བྱ། །རྩེའུ་ཆུང་གདབ་ཅིང་བསིལ་ཆོས་བྱ། །
གློ་ཟགས་དག་ལ་གློ་བ་གཏང་། །རྒྱལ་བློན་བཅུ་པ་གཏང་བར་བྱ། །ཀྱི་ལྕེ་བ་ཡི་གཅིག་ཐང་གཏང་། །ཚྭ་དག་མཆོག་ཏུ་སྤང་བར་བྱ། །ཁྲག་སྨུག་དག་གི་བཅོས་ཐབས་ནི། །བ་ལེ་ཀ་དང་བ་ཤ་ཀ །སྐྱུ་རུ་ར་ཡི་ཐང་གཏང་ངོ་། །ཅུ་གང་ངག་དང་གུར་གུམ་དང་། །སུག་སྨེལ་ཛཱ་ཏི་ལྕགས་ཕྱེ་དང་། །རྩེའུ་ཆུང་གློ་རྩ་གཏར་བར་བྱ། །བཅོས་ཤིང་གཟེར་ན་སྤང་བར་བྱ། །འབྲས་བུ་གསུམ་གྱི་ཐང་བཤལ་ནི། །རྣག་སྨུག་དག་ལ་ཤིན་ཏུ་བསྔགས། །འབྲི་མོག་མར་དང་བསེ་རུ་དང་། །མུ་ཟི་བྲག་ཞུན་པི་པི་ལིང་། །སྦྲང་རྩི་དག་དང་སྦྱར་ལ་གཏང་། །གློ་གསང་མཆེར་གསང་བསྲེགས་པ་དང་། །ནེ་གུ་ཆུང་གི་འཇམ་རྩི་གཏང་། །གློ་ནི་ཞུ་བ་དག་ལ་ནི། །ཚྭ་བཅད་རྒྱལ་བློན་དརྱ་ཀན། །གཏང་བ་མཆོག་ཏུ་བསྔགས་པ་ཡིན། །ཚྭ་དང་སྐྱུར་ནི་བསྡམ་པར་བྱ། །སྦོ་ན་པི་པི་ལིང་དག་གཏང་། །དར་པ་ཆུ་འདུག་མང་ན་གནོད། །གློ་བ་ཟགས་པ་བཅོས་པ་ནི། །རྒྱལ་བློན་དརྱ་ཀན་ནི་གཏང་། །བསེ་རུ་རྩབས་ཤིང་དོམ་མཁྲིས་དང་། །མཚལ་དང་སྦྱར་བའི་ཕྱེ་མ་གཏང་། །མཚལ་དང་བསེ་རུ་ཚྭ་ལ་དང་། །མུ་ཟི་ཀ་ར་དྲུག་འགྱུར་སྦྱར། །མུ་ཟི་དོམ་མཁྲིས་སྤེན་ཐལ་དང་། །མཚལ་དང་ཀ་ར་མཆོག་ཏུ་འོ། །གློ་མཆིན་ཕོ་བར་བབས་པ་ནི། །རྒྱམ་ཚྭ་པི་པི་ལིང་དང་ནི། །བྲག་ཞུན་དག་དང་སྦྱར་བ་ཡི། །སྦྲང་རྩིའི་ལྡེ་གུ་གཏང་བར་བྱ། །འབྲས་བུ་གསུམ་གྱི་བཤལ་ཡང་གཏང་། །མཆིན་ལུད་རུ་ཐུང་གཏར་བ་དང་། །ཕོ་བར་ལུད་ན་སྣོད་རྩ་གཏར། །སོ་མ་རཱ་ཛ་ལས་གློ་ནད་བཅོས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།
འཕྲོས་གསུམ་པར་གཟིགས་པར་འཚལ།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་དང་པོ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༤ ནས་ ༡༩༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།