ལྔ། མཁྱེན་བརྩེའི་ཆོས་འབྱུང་དུ་གསལ་བའི་ལོ་པཎ།

ལྔ། མཁྱེན་བརྩེའི་ཆོས་འབྱུང་དུ་གསལ་བའི་ལོ་པཎ།

 

དེ་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་མཁྱེན་བརྩེའི་ཆོས་འབྱུང་ལས[1]། གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་ལོ་པཎ་རྣམས་ཀྱི་མཚན་རགས་རིམ་ཚིགས་བཅད་དུ་བསྡེབས་པ་མཧཱ་པཎྜི་ཏ་ཤཱི་ལ་རཏྣའི་གསུང་བཞུགས་སོ། །ལོ་པཎ་བྱོན་པའི་མཚན་ཐོ་ཞུ་ཆེན་གསུང་ལ་རྗེ་ཉིད་ཀྱིས་མཆན་བཏབ་པ། ཨོཾ་སྭསྟི། བོད་དུ་རྒྱལ་བའི་བསྟན་པ་སྔ་དར་དུས། །རྒྱ་བལ་ཁ་ཆེ་ནས་བྱོན་པཎྜི་ཏ། །ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར། །

(བལ་པོ་)མཉྫུ་ཤྲཱི་དང་མཁན་ཆེན་ཞི་བ་འཚོ། །པདྨ་འབྱུང་གནས་སྔགས་འཆང་ཆོས་ཀྱི་གྲགས། །དྲི་མེད་བཤེས་གཉེན་དང་ནི་སངས་རྒྱས་གསང་། །(བསམ་ཡས་རབ་གནས་མཁན་)ཤཱིནྟཾ་གརྦྷ་རྣམ་དག་སེངྒེ་དང་། །པདྨའི་ངང་ཚུལ་བྲམ་ཟེ་ཨཱ་ནནྡ། །ཀལྤ་མི་ཏྲ་ཛི་ན་མི་ཏྲ་དང་། །ལྷ་དབང་བྱང་ཆུབ་ཤཱི་ལེནྡྲ་བོ་དྷི། །དཱ་ན་ཤཱི་ལ་བོ་དྷི་མི་ཏྲ་དང་། །མུ་ནི་ཝརྨ་སརྦ་ཛྙཱ་དེ་བ། །(བིདྱཱ་ཀ་ར་པྲ་བྷཱ་)རིག་བྱེད་འོད་ཟེར་བྱ་བ་ལ་སོགས་དང་། །རྒྱ་ནག་སློབ་དཔོན་མཧཱ་དེ་བ་ཆེ། །མ་ཧཱ་ཡཱ་ན་བྱ་བ་ལ་སོགས་བྱོན།།

དེ་དེའི་སྙན་དུ་སྐད་གཉིས་སྨྲ་བའི་དབང་། །ཀུན་གྱི་སྔོན་མ་ཐོན་མི་སམྦྷོ་ཊ། །དྷརྨ་ཀོཥྛ་དང་ནི་རྡོ་རྗེ་དཔལ། །(བྲན་ཀ་)མཱུ་ལ་ཀོཥ་ཡེ་ཤེས་(གཉགས་)གཞོན་ནུ་དང་། །ངན་ལམ་རྒྱལ་བ་མཆོག་དབྱངས་(རྦ་)ཡེ་ཤེས་དབང་། །(སྦ་ཁྲི་གཞེར་)སཾ་ཤི་ཏ་དང་སྦྲང་རྒྱར་ལེགས་གཟིགས་མཚན། །སེང་གདོང་ལྷ་ལུང་གཟིགས་དང་(རྦ)གསལ་སྣང་དང་། །(སྣ་རྣམ་)རྡོ་རྗེ་བདུད་འཇོམས་(ལྕེ་)ཛྙཱ་ན་སིདྡྷིའི་མཚན། །(མཆིམས་)ཤཱཀྱ་པྲ་བྷཱ་ཛ་ཡ་(བྲང་ཏི)རཀྵི་ཏ། །(ཤུད་པུ)དཔལ་གྱི་སེངྒེ་མཉྫུ་ཤྲཱི་དཔལ། །ལྷ་དབང་སྲུང་དང་བྲན་ཀ་མུ་ཏི་ཀ །རྣམ་པར་སྣང་མཛད་སྲུང་དང་ཀླུ་དབང་སྲུངས། །རིན་ཆེན་མཆོག་དང་རིན་ཆེན་ལེགས་པར་གྲུབ། །དྷརྨཱ་ལོ་ཀ་དྲན་པ་ནམ་མཁའ་དང་། །རྣམ་པར་མི་རྟོག་ཤཱཀྱ་འོད་དང་རྩེ། །ཁྱི་འབྲུག་དང་ནི་ཁམས་པ་(ཉང་)གཽ་ཆ་ཛྙཱ། །དེ་བ་ཀོ་ཥ་རྒྱལ་མཉེན་(ཞང་)ཉ་བཟང་དང་། །འགོས་ལོ་ཆོས་འགྲུབ་སྟོང་གི་ཨཱ་ཙརྱ། །དྷརྨ་ཤཱི་ལ་(ཅོག་རོ)ཀླུ་ཡི་རྒྱལ་མཚན་དང་། །དཔལ་བརྩེགས་སྲུང་དང་རཏྣ་རཀྵི་ཏ། །ཡེ་ཤེས་སྡེ་དང་ཛ་ཡ་རཀྵི་ཏ། །འཇམ་དཔལ་གོ་ཆ་རཏྣེནྡྲ་ཤཱི་ལ། །བཟང་སྐྱོང་ལྷ་ཡི་ཟ་བ་དཔལ་གྱི་ལྷུན། །དཔལ་གྱི་འབྱོར་པ་ཡེ་ཤེས་སྙིང་པོ་ཅན། །རྒྱལ་བ་ཤེས་རབ་ཤཱཀྱ་བཤེས་གཉེན་དང་། །དགེ་བ་དཔལ་དང་ལེགས་སྡེ་ནམ་མཁའི་སྙིང་། །ཡིག་མཁན་དགོན་གླིང་རྨ་དང་གཞོན་ནུ་སྲུང་། །ནམ་མཁའ་སྐྱོང་སྟེ་སྐད་གཉིས་སྨྲ་རྣམས་ཀྱིས། །དམ་པའི་ཆོས་མང་བོད་ཀྱི་སྐད་དུ་བསྒྱུར།།

བསྟན་པ་ཕྱི་དར་དུས་ཀྱི་པཎྜི་ཏ། །བུདྡྷཱ་པཱ་ལ་དྷརྨ་པཱ་ལ་དང་། །པྲཛྙཱ་པཱ་ལ་དང་ནི་ལེགས་པར་བཤད། །ཤྲངྡྷཱ་ཀ་ར་ཝརྨ་པདྨ་སྲས། །མུཀྟི་མི་ཏྲ་སངས་རྒྱས་དཔལ་ཞི་བ། །ཤེས་རབ་གོ་ཆ་དཔལ་ལྡན་(ཇོ་བོ་)ཨ་ཏི་ཤ །(དེའི་དབོན་)དཱ་ན་ཤཱི་ལ་དྲན་པ་ཡེ་ཤེས་གྲགས། །ཕྲ་ལ་རིང་བ་སུ་ན་ཡ་ཤྲཱི་དང་། །(ཁ་ཆེ་)ཛྙཱ་ན་ཤྲཱི་དང་ཙཱནྡྲ་རཱ་ཧུ་ལ། །(འབུམ་ཕྲག་གསུམ་པ་)དྷཱི་ར་པཱ་ལ་ཨ་ཏུ་ལྱ་ད་ཤ །བློ་བཟང་གྲགས་པ་ཨ་མ་ར་ཙནྡྲ། །ཐིག་ལེ་བུམ་པ་གཞོན་ནུ་བུམ་པ་དང་། །གསེར་གྱི་གོ་ཆ་དམ་པ་རྒྱ་གར་བ། །ཛ་ཡཱ་ནནྡ་ག་ཡ་དྷ་རའི་ཞབས། །དོན་ཡོད་རྡོ་རྗེ་ཁ་ཆེ་ཟླ་བ་མགོན། །སྟོང་ཉིད་ཏིང་འཛིན་རྡོ་རྗེ་ཡེ་རྡོར་བ། །ཤེས་རབ་གསང་བ་མཧཱ་ཛ་ན་དང་། །སྟོབས་ཀྱི་ཟླ་བ་མནྟྲ་ཀ་ལཀྵུ། །ཀརྨ་བཛྲ་དང་ནི་ཛ་མཱ་རི། །དཔའ་བོ་རྡོ་རྗེ་སྒྲ་གཅན་འཛིན་སྦས་པ། །རྣམ་སྣང་རྡོ་རྗེ་མཉྫུ་གྷོ་ཥ་དང་། །སཱུརྱ་ཀཱིརྟི་པྲ་ཛྙཱ་ཤྲཱི་ཛྙཱ་ན། །གངྒཱ་དྷཱ་ར་དང་ནི་ནོར་སྦས་དང་། །ཀུན་བཟང་དཔལ་དང་ནིཥྐ་ལངྐ་ལྷ། །འགྲོ་བཤེས་དགའ་དང་བུདྡྷཱ་ཤྲཱི་ཛྙཱ་ན། །ཤཱཀྱ་ཤྲཱི་རབ་འབྱོར་ཟླ་བ་བཟང་། །སུ་ག་ཏ་ཤྲཱི་དཱ་ན་ཤཱི་ལ་དང་། །ཛ་ཡ་དཏྟ་དང་ནི་སཾ་གྷ་ཤྲཱི། །བློ་བཟང་སྙིང་པོ་ཀཱ་ལ་ཙནྡྲ་དང་། །ཛི་ན་གུཔྟ་མཧཱ་བོདྷི་པས། །ཛམ་བྷ་ཤྲཱི་འཇིག་རྟེན་གསུམ་ཀུན་པ། །ལོངས་སྤྱོད་རྡོ་རྗེ་དང་ནི་རཏྣ་ཤྲཱི། །(བལ་པོ་)མཧཱ་སེ་ན་བཛྲ་ཀཱིརྟི་དང་། །ཀ་ཡ་ཤྲཱི་དང་བལ་པོ་གྲགས་པ་དཔལ། །ཀུ་མཱ་ར་དང་ཐམས་ཅད་མཁྱེན་པའི་དཔལ། །སཱ་དྷུ་ཀཱིརྟི་བི་ན་ཡ་ཤྲཱི་དང་། །ཤཱི་ལ་ཤྲཱི་དང་གངྒཱ་ལ་ཤྲཱི་དང་། །བི་མ་ལ་ཤྲཱི་དརྤཎ་ཨཱ་ཙརྱ། །རྒྱལ་བའི་ལྷ་དང་ལཀྵྨཱི་ཀ་ར། །ཨཱ་ནནྡ་ཤྲཱི་རཱ་ཧུ་ལ་ཤྲཱི་དང་། །ཟངས་གླིང་པ་དང་ཀཱིརྟི་པཎྜི་ཏ། །ཤ་རི་སཱུ་ཏྲ་ནགས་ཀྱི་རིན་ཆེན་དང་། །བུདྡྷཱ་གུཔྟ་ཞེས་བྱ་ལ་སོགས་སོ།།

དུས་དེར་སྔ་ཕྱིར་བྱོན་པའི་ལོ་ཙཱ་བ། །ཆེན་པོ་ལྷ་ཡི་བླ་མ་ཡེ་ཤེས་འོད། །རིན་ཆེན་བཟང་པོ་གྲགས་འབྱོར་ཤེས་རབ་དང་། །(འབྲོ་)སེང་དཀར་ཤཱཀྱ་འོད་དང་(ལྷ་)ཞི་བ་འོད། །(རྔོག)ལེགས་པའི་ཤེས་རབ་(རྒྱ་)བརྩོན་འགྲུས་སེངྒེ་དང་། །ཚུལ་ཁྲིམས་རྒྱལ་བ་ཁུ་ཡི་དངོས་གྲུབ་འབར། །(འབྲོམ་)རྒྱལ་བའི་འབྱུང་གནས་ཤཱཀྱ་བློ་གྲོས་མཚན། །(མར་ཐུང་)ཆོས་ཀྱི་ཤེས་རབ་དད་པ་ཤེས་རབ་དང་། །(རྨ་)དགེ་བའི་བློ་གྲོས་(ག་རོད་)ཚུལ་ཁྲིམས་འབྱུང་གནས་མཚན། །(ཁྱུང་པོ་)ཆོས་ཀྱི་བརྩོན་འགྲུས་སྟག་ལོ་གཞོན་བརྩོན་པ། །འགར་བ་ཆོས་བཟང་ཤེའུ་རྡོ་རྗེ་ལྷ། །རབ་ཞི་བཤེས་གཉེན་(རྔོག)བློ་ལྡན་ཤེས་རབ་ཅན། །(པུ་ཧྲང་)ལེགས་པའི་ཤེས་རབ་འཕགས་པ་ཤེས་རབ་དང་། །ཤཱཀྱ་ཡེ་ཤེས་(འབྲོག་མི་)དགའ་བའི་རྡོ་རྗེ་གཟུས། །གྱི་ལྗང་དབུ་དཀར་ཆོས་ཀྱི་ཡོན་ཏན་དང་། །ཆོས་ཀྱི་རིན་ཆེན་(མར་པ་)ཆོས་ཀྱི་བློ་གྲོས་མཚན། །གཉན་ལོ་དར་མ་གྲགས་དང་འགོས་ལྷས་བཙས། །གྱི་ཇོ་ཟླ་བའི་འོད་ཟེར་(ཀློག་སྐྱ་)ཤེས་རབ་བརྩེགས། །(མལ་གྱོ་)བློ་གྲོས་གྲགས་དང་(སེ་ཙ་)བསོད་ནམས་རྒྱལ་མཚན་པ། །རོང་པ་ཆོས་བཟང་(ཡོལ་ལྕགས་)རྡོ་རྗེ་དབང་ཕྱུག་དང་། །(མར་འོད་)བྱང་ཆུབ་ཤེས་རབ་ཙ་མི་སངས་རྒྱས་གྲགས། །ཁེའུ་གད་འཁོར་ལོ་གྲགས་དང་(སྤང་ཞོ་)གསལ་བ་གྲགས། །དིང་རི་ཆོས་གྲགས་སྒྱུས་ཀྱི་སྨོན་ལམ་གྲགས། །པ་ཚབ་ཉི་གྲགས་བ་རི་རིན་ཆེན་གྲགས། །ཤེས་རབ་གྲགས་དང་རྭ་ཆེན་རྡོ་རྗེ་གྲགས། །ཀྲེ་བོ་ཤེར་དཔལ་བཀྲ་ཤིས་རྒྱལ་མཚན་པ། །བ་རེག་ཐོས་དགའ་རྨ་བན་ཆོས་འབར་དང་། །མཚུར་སྟོན་དབྱིག་གི་རྒྱལ་མཚན་མཚུར་དབང་ངེ་། །(དཔྱལ་)ཀུན་དགའ་རྡོ་རྗེ་དང་ནི་(དཔྱལ་)ཀུན་དགའ་གྲགས། །མར་དོ་ཆོས་དབང་ཆོས་ཀྱི་སྙིང་པོ་དང་། །(ཀརྨ་)ཆོས་ཀྱི་ཡེ་ཤེས་(ཕྱུགས་མཚམས་)ལུང་རིགས་རྒྱ་མཚོ་དང་། །ཚུལ་ཁྲིམས་ཡོན་ཏན་ཁེའུ་གད་ཡོན་ཏན་དཔལ། །བསོད་ནམས་བཟང་པོ་སུམ་པ་དཔལ་མཆོག་གི །རྡོ་རྗེ་དང་ནི་ཉི་མ་རྡོ་རྗེ་དང་། །(ཁུ) དགེ་བསྙེན་ནེ་ཙོ་ཀློག་སྐྱ་གཞོན་ནུ་འབར། །ལྷ་སྟོན་ཡེ་ཤེས་རྒྱལ་མཚན་བྱང་ཆུབ་འབྱུང་། །(གླན་)ཆོས་ཀྱི་བློ་གྲོས་(ཅོག་གྲུ་)ཏིང་ངེ་འཛིན་བཟང་པོ། །ཤེས་རབ་ཡེ་ཤེས་རིག་པ་གཞོན་ནུ་དང་། །ཚུལ་ཁྲིམས་བརྩེགས་པ་དང་ནི་ལྷ་བཙུན་པ། །ལྷ་བཙལ་གུ་ནི་རཱ་ཛ་(རྔོག་)སངས་རྒྱས་བསྐྱངས། །རྒྱལ་གྱི་ལོ་ཙཱ་རྡོ་རྗེ་(སྦལ་)རྒྱལ་པོ་དང་། །དེ་བ་རིན་ཆེན་(ལྷ་)ཆོས་ཀྱི་རིན་ཆེན་དང་། །(སྐྱུར་)ཚུལ་ཁྲིམས་འོད་ཟེར་དགེ་སློང་བྱ་ཡི་གདོང་། །ད་བྱིད་ལོ་ཙཱ་དང་ནི་ཕུལ་བུ་འོད། །(པ་ཚབ་)ཚུལ་རྒྱལ་ཤེས་རབ་ལེགས་དང་(ནག་ཚོ་)དྷརྨ་གྲགས། །མར་པ་བློ་གྲོས་བཟང་པོ་སེ་ལོ་ཙཱ། །ཟླ་བ་གྲགས་པ་གཉལ་མི་ཡེ་ཤེས་ཆོས། །ཆོས་ཀྱི་བླ་མ་དགེ་སློང་ཤེས་རབ་བསྐྱངས། །ནག་ཚོ་ཤེར་རྒྱན་འ་ཞྭ་རྒྱ་གར་བརྩེགས། །གཉན་སྟོན་བསོད་ནམས་བ་རི་ཆོས་གྲགས་དང་། །ཨོང་པོ་ལོ་ཙཱ་གཞོན་ནུ་ཤེས་རབ་དང་། །འགར་པ་ཤེར་འབྱུང་འཇམ་དཔལ་གཞོན་ནུ་དང་། །ཤེས་རབ་འོད་ཟེར་དང་ནི་(ལྕེ་)དགའ་བ་དཔལ། །ཡེ་ཤེས་འབྱུང་གནས་ཤཱཀྱ་བརྩོན་འགྲུས་པ། །རྭ་པ་ཆོས་རབ་(ལོ་བཙུན་ཆུང་)རྡོ་རྗེ་རྒྱལ་མཚན་དང་། །ཞྭ་མ་དགེ་བསྙེན་སེང་རྒྱལ་ལྕེ་བཀྲ་ཤིས། །ཆག་ལོ་དགྲ་བཅོམ་དཔྱལ་པ་ཆོས་ཀྱི་བཟང་། །(གནུབས་)བྱམས་པའི་དཔལ་དང་ས་སྐྱ་པཎྜི་ཏ། །(ཆག་)ཆོས་རྗེ་དཔལ་དང་ཤེས་རབ་འོད་(དཔྱལ་)དང་ཞང་། །གྲུབ་པ་དཔལ་དང་(གློ་བོ་)ཤེས་རབ་རིན་པོ་ཆེ། །(ལྷོ་བྲག་)འུ་རུ་དར་མ་སེང་གེ་མི་མཉམ་བཟང་། །ཤོང་སྟོན་རྡོ་རྗེ་རྒྱལ་མཚན་(ཤོང་)བློ་གྲོས་བརྟན། །ཨཽ་ཌི་ཡཱ་ན་རིན་ཆེན་དཔལ་དང་ཁམས། །བློ་གྲོས་རྒྱལ་པོ་ལྡན་མ་ཚུལ་སེང་དང་། །ར་ས་གཞོན་བརྩོན་ཤུ་གེ་གྲགས་རྒྱལ་མཚན། །(ཐར་ལོ་)ཉི་མ་རྒྱལ་མཚན་དཔང་ལོ་བློ་གྲོས་བརྟན། །སྒྲ་ཚད་སྨྲ་བ་(དབུས་པ་)རིན་རྒྱལ་བློ་གསལ་དང་། །ལེགས་པའི་བློ་གྲོས་ཡར་ཀླུང་གྲགས་རྒྱལ་མཚན། །(བུ་སྟོན་)རིན་ཆེན་གྲུབ་དང་(ཐུགས་སྲས་)རིན་ཆེན་རྣམ་རྒྱལ་བ། །(ཇོ་ནང་)བློ་གྲོས་དཔལ་དང་ཀུན་སྤངས་གྲགས་པའི་མཚན། །(ལོ་ཆེན་)བྱང་ཆུབ་རྩེ་མོ་བོ་དོང་གྲགས་རྒྱལ་མཚན། །སྣར་ཐང་སཾ་གྷ་ཤྲཱི་དང་སྐྱབས་མཆོག་དཔལ། །(ཆོས་འཁོར་སྒང་པ་)ཤེས་རབ་རིན་ཆེན་འགོས་ལོ་གཞོན་ནུ་དཔལ། །(ཆག་ལོ་)རིན་ཆེན་ཆོས་རྒྱལ་བསོད་ནམས་རྒྱ་མཚོ་དང་། །ཆོས་སྐྱོང་བཟང་པོ་ཏཱ་ར་ནཱ་ཐ་དང་། །ངག་དབང་ཕུན་ཚོགས་ལ་སོགས་སྐད་གཉིས་སྨྲ། །མང་པོས་བཀའ་དང་བསྟན་བཅོས་འདི་སྙེད་ཅིག །བསྒྱུར་དང་བཤད་པས་གཏན་ལ་དབབ་པར་མཛད། །ཅེས་སོ། །སརྦ་མངྒ་ལཾ།། །།

 

དཔྱད་གཞིའི་ཡིག་ཆ།

[1] མཁྱེན་བརྩེའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༡༢༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡༤ ནས་ ༣༡༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *