རྒྱལ་ས་ཞི་བ་ལྷའི་གསུང་གི་དཀར་ཆག གཉིས་པ། དབུ་མའི་སྐོར།

གཉིས་པ། དབུ་མའི་སྐོར།

 

༧༽ དབུ་མ་ ༼ལ༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱ་ཨ་བ་ཏཱ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། སློབ་དཔོན་ཤཱནྟི་དེ་བས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཁ་ཆེའི་དཔེ་ལས་ཞུས་ཏེ་གཏན་ལ་ཕབ་པ་ལས། (བར་འགྱུར།) སླད་ཀྱིས་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌།

ཤཱཀྱ་བློ་གྲོས་ཀྱིས་ཡུལ་དབུས་ཀྱི་དཔེ་འགྲེལ་པ་དང་མཐུན་པར་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། ། (ཕྱི་འགྱུར།) ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་སུ་མ་ཏི་ཀཱིརྟི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་དག་པར་བཅོས་ཤིང་བསྒྱུར་ཏེ་ལེགས་པར་གཏན་ལ་ཕབ་པའོ། །འདི་ལ་གཞུང་ཚད་ཤླཽ་ཀ་སྟོང་དུ་གྲགས་པ། བམ་པོ་གཉིས་སུ་བྱས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་། (菩提行經(龍樹)T32, No1662) བསྒྱུར་ནས་བཞུགས་སོ།།

བསྟན་བཅོས་འདིའི་བོད་སྐད་ཀྱི་མཚན་བྱང་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་འགྱུར་མི་འདྲ་བ་གཉིས་བྱུང་ཞིང་། དེ་ཡང་སྤྱོད་འཇུག་གི་འགྲེལ་པ་ལ་རྒྱ་འགྲེལ་བཅུ་གཉིས་དང་། བོད་འགྲེལ་ཞེ་དྲུག་བཅས་འཕགས་བོད་མཁས་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་རྣམ་གྲངས་ལྔ་བཅུ་ང་བརྒྱད་བཞུགས་པ་ལས། དང་པོ་རྒྱ་འགྲེལ་ནི། ༡ དགེ་སློང་མཁས་པ་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་ཤེས་རབ་ཀྱི་ལེའུའི་རྒྱ་ཆེར་བཤད་པ་དང་། ༢ སློབ་དཔོན་མཁས་པ་ཆེན་པོ་ཀྲི་ཥྞ་པས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པའི་དཀའ་འགྲེལ། ༣ སློབ་དཔོན་དགེ་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེགས་པར་སྦྱར་བ། ༤ སློབ་དཔོན་མཁས་པ་ཆེན་པོ་ཀྲི་ཥྞ་པས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྟོགས་པར་དཀའ་བའི་གནས་གཏན་ལ་དབབ་པ། ༥ དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་གི་མཁས་པ་ཆེན་པོ་དགེ་སློང་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ༦ པཎྜི་ཏ་མི་མཉམ་ཁོལ་པོ་དང་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་སྤྱོད་འཇུག་གི་ཤེས་རབ་ལེའུའི་དཀའ་འགྲེལ། ༧ བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པའི་ཤེས་རབ་ལེའུ་དང༌། བསྔོ་བའི་ལེའུའི་དཀའ་འགྲེལ་མཛད་བྱང་འགྱུར་བྱང་མེད་པ། ༨ དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསོལ་བ་བཏབ་སྟེ་གསེར་གླིང་གི་བླ་མ་ཆོས་སྐྱོང་གིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དོན་སུམ་ཅུ་རྩ་དྲུག་ཏུ་བསྡུས་པ། ༩ དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་གསོལ་བ་བཏབ་ནས་གསེར་གླིང་བླ་མ་ཆོས་སྐྱོང་གིས་བསྡུས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཙོ་བོའི་དོན་བཅུ་གཅིག་ཏུ་བསྡུས་པ། ༡༠ རྒྱ་གར་ཤར་ཕྱོགས་ཛ་ག་ཏ་ལ་བི་ཧ་རའི་པཎྜི་ཏ་ཆེན་པོ་བི་བྷཱུ་ཏི་ཙནྡྲས་མཛད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དགོངས་པའི་འགྲེལ་པ་ཁྱད་པར་གསལ་བྱེད། ༡༡ ཇོ་བོ་རྗེས་མཛད་པའི་སྤྱོད་འཇུག་འཁོར་ལོ་ལྟ་བུ་ལམ་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ་དང་། ༡༢ ཇོ་བོས་མཛད་པའི་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་འཇུག་པའི་བཤད་པ་བཅས་རྒྱ་འགྲེལ་བཅུ་གཉིས་ལས་སྤྱོད་འཇུག་ལེའུ་ཆ་ཚང་བའི་འགྲེལ་པ་ནི་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པ་དེ་ཡིན་ལ། དེའི་ནང་དུའང་བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་གསལ་ཡོད། འདི་ལྟར་ན་བྱང་ཆུབ་སྟེ། སངས་རྒྱས་ཀྱི་སྤྱོད་པ་ལ་འཇུག་པ་ཞེས་གོ་དགོས་པ་ལྟར། བོད་ཀྱི་སྔ་ཕྱིའི་མཁས་པ་དག་གིས་སྤྱོད་འཇུག་གི་འགྲེལ་པ་མཛད་སྐབས་སུ་ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་འགྲེལ་པར་གཞི་བཅོལ་ནས་འགྲེལ་པ་མཛད་པ་གཙོ་ཆེ་བར་གྲགས་ཀྱང་། གོང་གསལ་བསྟན་འགྱུར་གྱི་དཀར་ཆག་ལྟར་བསྟན་བཅོས་ཀྱི་མཚན་བྱང་དག་ལས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ཞེས་པ་གཙོ་ཆེ་བས་དཔྱད་བྱར་སྣང་ངོ་།།

གཉིས་པ་བོད་འགྲེལ་ནི། ༡ རྔོག་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ་དང་། ༢ ཕྱྭ་པ་ཆོས་ཀྱི་སེངྒེས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ། ༣ གཙང་ནག་པས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ། ༤ ཉང་བྲན་ཆོས་ཀྱི་སེངྒེས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ། ༥ ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ། ༦ རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ། ༧ བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་སྤྱོད་འཇུག་གི་འགྲེལ་ཆེན་ཟླ་བའི་འོད་ཟེར། ༨ མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ། ༩ བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ་ས་བཅད་དང་བཅས་པ། ༡༠ རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་སྤྱོད་འཇུག་གི་ཤེས་རབ་ལེའུའི་ཟིན་བྲིས། ༡༡ སྣར་ཐང་མཁན་པོ་གྲུབ་པ་ཤེས་རབ་ཀྱིས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ། ༡༢ རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ༡༣ སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་སྤྱོད་འཇུག་གི་བསྡུས་དོན་མཁས་པའི་མགུལ་རྒྱན། ༡༤ སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ། ༡༥ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་སྤྱོད་འཇུག་ཤེར་འགྲེལ་ནོར་བུ་ཀེ་ཏ་ཀ ། ༡༦ ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་བཟང་གིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་སྣང་བ། ༡༧ དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་སྤྱོད་འཇུག་གི་འགྲེལ་པ། ༡༨ འབྲུག་པ་པདྨ་དཀར་པོས་མཛད་པའི་སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མེ། ༡༩ རྣམ་དགའ་བ་གདོང་གི་མཁན་པོ་ཆོས་དཔལ་བཟང་པོས་མཛད་པའི་སྤྱོད་འཇུག་རྣམ་བཤད། ༢༠ ལྷ་འབྲི་སྒ་བས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ། ༢༡ དབེན་དགའ་བས་མཛད་པའི་སྤྱོད་འཇུག་གི་རྣམ་བཤད། ༢༢ ཕག་མགོ་བ་ཡེ་ཤེས་བརྩོན་འགྲུས་ཀྱིས་མཛད་པའི་སྤྱོད་འཇུག་གི་མཆན་འགྲེལ། ༢༣ ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སྤྱོད་འཇུག་གི་རྣམ་བཤད་གཞུང་དོན་གསལ་བྱེད་དགའ་བ་རྒྱ་མཚོ། ༢༤ འཇམ་དབྱངས་བློ་གྲོས་ཀྱིས་མཛད་པའི་སྤྱོད་འཇུག་གི་རྣམ་བཤད་གཞུང་དོན། ༢༥ ཧལ་ཧ་བློ་བཟང་དཔལ་ལྡན་གྱིས་མཛད་པའི་སྤྱོད་འཇུག་གི་ཚིག་དོན་སྐལ་བཟང་འཇུག་ངོགས། ༢༦ རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་སྤྱོད་འཇུག་གི་ཊཱིཀཱ་རིན་པོ་ཆེའི་ཕྲེང་བ། ༢༧ དཀྱིལ་ཟུར་སློབ་དཔོན་བློ་བཟང་སྦྱིན་པས་མཛད་པའི་སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ཀྱི་སྙིང་པོ། ༢༨ རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་མཛད་པའི་སྤྱོད་འཇུག་གི་འབྲུ་འགྲེལ་རྒྱལ་སྲས་ལམ་བཟང་གསལ་བའི་སྒྲོན་མེ། ༢༩ ཕ་བོང་ཁ་བ་བདེ་ཆེན་སྙིང་པོས་མཛད་པའི་སྤྱོད་འཇུག་བཀའ་མཆན་ཐོར་བུ། ༣༠ ཐུབ་བསྟན་ཆོས་ཀྱི་གྲགས་པས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་འགྲེལ་བཤད། ༣༡ བདེ་ཆེན་ལྷོ་བྲག་བློ་བཟང་ཆོས་འཕེལ་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་གསལ་བར་བྱེད་པའི་སྤྱོད་པ་སྤྱི་ལ་སློབ་ཚུལ་དང་། བསམ་གཏན་གྱི་ངོ་བོ་ཞི་གནས་ལ་སློབ་ཚུལ་དང་། ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་སློབ་ཚུལ། ༣༢ བདེ་ཆེན་སྤྲུལ་སྐུ་ཆོས་འཕེལ་རྒྱ་མཚོས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་བཅད་དུ་བསྒྲིགས་པ་ཐེག་ཆེན་གཞུང་ལམ་དང་། ༣༣ བདེ་ཆེན་སྤྲུལ་སྐུ་ཆོས་འཕེལ་རྒྱ་མཚོས་མཛད་པའི་སྤྱོད་འཇུག་ཤེས་རབ་ལེའུའི་ཚིག་དོན་ཅུང་ཟད་བཤད་པ་ཐེག་ཆེན་ལམ་བཟང་། ༣༤ ཞབས་དྲུང་ཆོས་རྗེ་ངག་དབང་ཚེ་རིང་གིས་མཛད་པའི་སྤྱོད་འཇུག་གི་དོན་བརྗེད་བྱང་དུ་བྱས་པ་སྐལ་བ་བཟང་པོ། ༣༥ རྫོགས་ཆེན་མཁན་པོ་ཀུན་བཟང་དཔལ་ལྡན་གྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཚིག་འགྲེལ། ༣༦ མཛད་པ་པོ་མི་གསལ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒྲུང་འགྲེལ་ལས་འབྲས་གསལ་བའི་མེ་ལོང་། ༣༧ མཛད་པ་པོ་མི་གསལ་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཏམ་རྒྱུད། ༣༨ རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་ཀྱིས་མཛད་པའི་སྤྱོད་འཇུག་ཆེན་མོའི་འགྲེལ་པ་ཚིག་ཉུང་དོན་གསལ་སྨན་གྱི་སྡོང་པོ། ༣༩ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒོམ་རིམ་རབ་གསལ་ཉི་མ། ༤༠ ཁལ་ཁའམ་བྲག་རི་དམ་ཚིག་རྡོ་རྗེ་གྲགས་པ་དཔལ་གྱིས་མཛད་པའི་སྤྱོད་འཇུག་གི་འདོན་ཐབས་བྱིན་རླབས་ཆུ་རྒྱུན། ༤༡ ལྷ་རྩེ་ཡེ་ཤེས་ཆོས་འཕེལ་གྱིས་མཛད་པའི་སྤྱོད་འགྲེལ་རྒྱལ་སྲས་མ། ༤༢ བླ་བྲང་རྗེ་ཤེས་རབ་རྒྱ་མཚོས་མཛད་པའི་སྤྱོད་འཇུག་གི་བཤད་པའི་ཟིན་ཐོ་ཞལ་ལུང་བདུད་རྩིའི་ཟེགས་མ། ༤༣ ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས་མཛད་པའི་སྤྱོད་འཇུག་ཆེན་མོའི་ས་བཅད་འཕྲོ་ཅན། ༤༤ རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དགུ་པའི་འགྲེལ་པ་ཟབ་དོན་ལྟ་བའི་མིག་གཅིག ། ༤༥ ཕ་བོང་ཁ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་མཆན་ཐོར་བུ་དང་བཅས་པ། དེའི་བཤད་ཁྲིད་ཀྱི་ས་བཅད། ༤༦ ཕ་བོང་ཁ་རྗེ་བཙུན་བྱམས་པ་བསྟན་འཛིན་འཕྲིན་ལས་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ཟབ་ཁྲིད་སྐབས་ཀྱི་བསྙེལ་ཟིན་བཅས་ཞེ་དྲུག་བཞུགས་ལ། ད་དུང་མ་རྙེད་པའང་མང་དུ་ཡོད་པར་ངེས་སོ།།

༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[1]། ཐོག་མའི་ཆོས་འབྲེལ་དུ་ཉིད་ཀྱིས་མཛད་པའི་བྱང་ཆུབ་སེམས་བསྟོད་ཀྱི་བཤད་ལུང་གསན་ཅིང་། དེའི་ཚེ་རྗེ་བླ་མས་སྤྱན་ཆབ་འགོག་མེད་དུ་བསིལ་བ་དང་། རྡོར་གདན་དུ་སྤྱོད་འཇུག་འཆད་ཁྲིད་གསན་བཞེས་སྐབས་བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་དམིགས་བསལ་འཁྲུངས་ཏེ་ཐུན་མོང་གདུལ་བྱའི་སྣང་ངོར་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པ་འདི་ནས་བྱུང་བར་རྗེ་བླ་མ་ཉིད་ཀྱིས་གསུངས་སོ། །ཞེས་བྱུང་བ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་ལུང་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་གསན་བཞེས་མཛད་པར་གསལ་ལ། དེ་བཞིན་འཁྲུལ་ཞིག་རིན་པོ་ཆེའི་དྲུང་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཁྲིད་གསན་བཞེས་པར་གསལ་ལོ།།

གཞན་ཡང་བུ་སྟོན་ཆོས་ (1290-1364) འབྱུང་ལས[2]། སྤྱོད་འཇུག་གི་སྐོར་ལ། བྱང་ཆུབ་སེམས་དཔའི་སྤྱོད་འཇུག །ཞི་བ་ལྷས་མཛད་པ་རྔོག་འགྱུར། འདི་དཀར་ཆག་ཆེན་མོ་གསུམ་གར་ཤླཽ་ཀ་དྲུག་བརྒྱ་བམ་པོ་གཉིས་ཞེས་བྱུང་མོད་ཀྱི་ཤླཽ་ཀ་སྟོང་དུ་གྲགས་སོ། །སྤྱོད་འཇུག་ལེའུ་དགུ་པ་བློ་གྲོས་མི་ཟད་པས་མཛད་ཟེར་བ་དེ་དང་འདི་མི་གཅིག་ཅེས་སྨྲ་བ་མང་ཡང་སྡིག་བཤགས་ཀྱི་ལེའུ་ལོགས་སུ་བྱས་མ་བྱས་ཀྱི་ཁྱད་པར་དང་། འགྱུར་སྔ་ཕྱིའི་ཁྱད་མ་གཏོགས་པ་གཅིག་པར་ཁོ་བོ་སྨྲའོ། །ཞེས་གསལ་ལ། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[3]། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བམ་བཞི་པཎྜི་ཏ་དེ་ཝ་ཤཱནྟས་འགྱུར། ཞེས་ཀྱང་བྱུང་ངོ་།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ལ༽ ཚན་གྲངས་ ༡ ལེའུ་ ༡༠ བམ་པོ། ༢ ལྡེབ་ ༡ན༡ ནས་ ༤༠ན༧ བར་ཡིག་ཕྲེང་ ༥༤༢ ཚིག་རྐང་ ༧-༣༣༥༢། ༩-༡༥༩། ༡༡-༣༣། ༡༥-༡༧། ༡༧-༤། ༡༩-༢། ཚེག་ཁྱིམ་ ༢༦༦༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྤྱོད་འཇུག །པོད་རྟགས། ༼ལ༽ ཚན་གྲངས་ ༡ ལེའུ་ ༡༠ བམ་པོ། ༢ ལྡེབ་ ༡ན༡ ནས་ ༤༥ན༧ བར་ཡིག་ཕྲེང་ ༦༩༨ ཚིག་རྐང་ ༧-༣༣༥༢། ༩-༡༥༩། ༡༡-༣༣། ༡༥-༡༧། ༡༧-༤། ༡༩-༢། ཚེག་ཁྱིམ་ ༢༦༧༧༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ལ༽ ཚན་གྲངས་ ༡ ལེའུ་ ༡༠ བམ་པོ། ༢ ལྡེབ་ ༡ན༡ ནས་ ༣༨བ༧ བར་ཡིག་ཕྲེང་ ༥༡༤ ཚིག་རྐང་ ༧-༣༣༥༢། ༩-༡༥༩། ༡༡-༣༣། ༡༥-༡༧། ༡༧-༤། ༡༩-༢། ཚེག་ཁྱིམ་ ༢༦༧༧༧ ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ལ༽ ཚན་གྲངས་ ༡ ལེའུ་ ༡༠ བམ་པོ། ༢ ལྡེབ་ ༡ན༡ ནས་ ༣༩ན༡ བར་ཡིག་ཕྲེང་ ༥༢༢ ཚིག་རྐང་ ༧-༣༣༥༢། ༩-༡༥༩། ༡༡-༣༣། ༡༥-༡༧། ༡༧-༤། ༡༩-༢། ཚེག་ཁྱིམ་ ༢༦༧༨༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༦༡ པའི་ཤོག་གྲངས་ ༩༥༡ ནས་ ༡༠༣༨ བར་བཞུགས་པ་བཅས་སོ།།

༨༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཡ་ཀཱ་རི་ཀཱ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་ཚིག་ལེའུར་བྱས་པ། མཁན་པོ་ཞི་བ་ལྷས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པར་མ་ཟད། རྒྱའི་སྐད་དུའང་། (大乘集菩薩學論(法稱)T32, No1636) བསྒྱུར་ནས་བཞུགས་སོ།།

༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[4]། དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཁམས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་དེའི་ཞལ་སྔ་ནས་ལས་ཟབ་རྒྱས་ཀྱི་དམ་པའི་ཆོས་གསན་བཞེས་མཛད་ཅིང་། དེ་ཡང་ཐོག་མར་གསན་བཞེས་ཇི་ལྟར་མཛད་པའི་ཚུལ་ནི། ཐོག་མར་ཞལ་མཇལ་འཕྲོས་མོལ་ལས་དམ་པ་ཉིད་ལ་འཇུག་པ་རང་འགྲེལ་དང་བསླབ་བཏུས་ཀྱི་ཁྲིད་རྒྱུན་བཞུགས་འདུག་པ་གསན་མ་ཐག །རྗེ་བླ་མའི་ཐུགས་སུ་གཞུང་ཆེན་མོ་འདི་དག་གི་བཤད་རྒྱུན་ཧ་ཅང་ཉམ་དམས་སུ་གྱུར་ཡོད་པས་འཆད་སྤེལ་ཐུབ་ན་ཅི་མ་རུང་དགོངས་པའི་ཐུགས་ཀྱི་འདུན་པ་དྲག་པོ་འཁྲུངས་ཏེ་དམ་པ་གང་གི་དྲུང་དུ་འཇུག་པ་རང་འགྲེལ་དང་། བསླབ་བཏུས་ཀྱི་བཤད་ལུང་གསན་བཞེས་མཛད་པ་དང་། རིམ་གྱིས་དམ་པ་འདི་ཉིད་ཀྱི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་བདུད་རྩི་དུ་མ་ཞིག་ནོད་པར་མཛད་དོ།།

གསན་བཞེས་གང་མཛད་པའི་ཐོ་ཡིག་རིམ་པར་འགོད་པ་ལ། བྱང་ཆུབ་སེམས་དཔའི་བསླབ་པ་ཀུན་ལས་བཏུས་པའི་ཁྲིད་ལུང་དང་། དཔལ་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་བཤད་ལུང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་འཇུག་པ་རྩ་འགྲེལ་གྱི་བཤད་ལུང་། དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་མཆན་འགྲེལ་དང་། རྣམ་ངེས་མཆན་འགྲེལ། རིགས་ཐིགས་མཆན་འགྲེལ་བཅས་ཀྱི་བཤད་ལུང་བཅས་མདོ་སྲིབ་མཁན་པོ་ངག་དབང་ཀུན་དགའ་དབང་ཕྱུག་ཅེས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོའི་ཞལ་སྔ་ནས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་གསལ་བ་ལྟར་རོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣ན༢ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧༡༠༨ ཚེག་ཁྱིམ་ ༨༡༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣ན༨ བར་ཡིག་ཕྲེང་ ༢༧ ཚིག་རྐང་ ༧༡༠༨ ཚེག་ཁྱིམ་ ༨༡༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཁི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༤ན༣ བར་ཡིག་ཕྲེང་ ༢༦ ཚིག་རྐང་ ༧༡༠༨ ཚེག་ཁྱིམ་ ༨༡༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣ན༢ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧༡༠༨ ཚེག་ཁྱིམ་ ༨༡༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པའི་ཤོག་གྲངས་ ༡༠༠༥ ནས་ ༡༠༠༨ བར་བཞུགས་པ་བཅས་སོ།།

༩༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་དུ། ཤཀྵི་ས་མུཙྪ་ཡཿ བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པ། གཞུང་གི་མཛད་བྱང་ལས[5]། བསླབ་པ་ཀུན་ལས་བཏུས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འདུལ་བ་མདོ་སྡེ་དུ་མ་ལས་བཏུས་པ། ཞེས་བྱུང་ལ། སློབ་དཔོན་ཞི་བའི་ལྷས་མཛད་པ། བམ་པོ་བཅུ་བཞི་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱི་ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀ་ལ་ཤ་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་སྲི་མདའི་དགོན་པར་ཞུ་གཏུགས་ལེགས་པར་བྱས་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཤིང་། རྒྱའི་སྐད་དུའང་། (大乘集菩薩學論(法稱)T32, No1636) བསྒྱུར་ནས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢ ལེའུ་ ༡༨ བམ་པོ། ༡༤ ལྡེབ་ ༣ན༢ ནས་ ༡༩༤བ༥ བར་ཡིག་ཕྲེང་ ༢༦༨༥ ཚེག་ཁྱིམ་ ༡༥༧༢༠༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༢ ལེའུ་ ༡༨ བམ་པོ། ༡༤ ལྡེབ་ ༣ན༨ ནས་ ༢༢༥བ༣ བར་ཡིག་ཕྲེང་ ༣༥༥༦ ཚེག་ཁྱིམ་ ༡༥༦༥༨༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༢ ལེའུ་ ༡༨ བམ་པོ། ༡༤ ལྡེབ་ ༤ན༣ ནས་ ༢༢༠ན༣ བར་ཡིག་ཕྲེང་ ༣༠༢༥ ཚེག་ཁྱིམ་ ༡༥༦༥༧༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༢ ལེའུ་ ༡༨ བམ་པོ། ༡༤ ལྡེབ་ ༣ན༢ ནས་ ༡༩༦བ༥ བར་ཡིག་ཕྲེང་ ༢༧༡༣ ཚེག་ཁྱིམ་ ༡༥༧༢༠༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པའི་ཤོག་གྲངས་ ༡༠༠༩ ནས་  ༡༤༧༦ བར་བཞུགས་པ་བཅས་སོ།།

༡༠༽ དབུ་མ་ ༼ཁི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག །ཞེས་དང་། མཇུག་བྱང་ལས[6]། བསླབ་པ་ཀུན་ལས་བཏུས་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག །སློབ་དཔོན་ཞི་བའི་ལྷས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[7]། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བར་གསལ་ལོ། །གསེར་བྲིས་བསྟན་འགྱུར་དཀར་ཆག་ལས[8]། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག །སློབ་དཔོན་ཞི་བ་ལྷས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་དུ་ལོ་པ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར། ལྡེབ་ ༡༩༢བ། ༡༩༣བ། བར་བཞུགས་པར་གསལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་། (大乘集菩薩學論護身品第六之二(法稱)T32, No1636) བསྒྱུར་ནས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༣ ལྡེབ་ ༡༩༤བ༥ ནས་ ༡༩༥བ༢ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༦༢༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསླབ་པ་ཀུན་བཏུས། པོད་རྟགས། ༼ཀི༽ ཚན་གྲངས་ ༣ ལྡེབ་ ༢༢༥བ༣ ནས་ ༢༢༦བ༡ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༦༢༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀི༽ ཚན་གྲངས་ ༣ ལྡེབ་ ༢༢༠ན༣ ནས་ ༢༢༡ན༢ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༦༢༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དབུ་མ། པོད་རྟགས། ༼ཁི༽ ཚན་གྲངས་ ༣ ལྡེབ་ ༡༩༦བ༥ ནས་ ༡༩༧བ༢ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༦༢༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པའི་ཤོག་གྲངས་ ༡༥༢༠ ནས་  ༡༥༢༢ བར་བཞུགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༨༤

[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༤

[3] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༥༡

[4] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༠༧

[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༤༧༦

[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ ༦༤ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༥༢༢

[7] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༡༣༨

[8] གསེར་བྲིས་བསྟན་འགྱུར་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༠༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༡ ནས་ ༧༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *