༄༅། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ཞེས་བྱ་བ་བཞུགས་སོ།།[1]
༼པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937) མཛད་པ།༽
བགྲང་ཡས་བསྐལ་པར་ཚོགས་ཟུང་ས་བོན་རྩལ། །རླབས་ཆེན་སྤྱོད་མཆོག་དྲོད་གཤེར་གྱིས་བསྐྱངས་པས། །སྐུ་གསུམ་འབྲས་བཟང་གཡུར་དུ་ལེགས་སྨིན་པ། །ཐུབ་དབང་ལྷ་ཡི་བླ་མར་གསོལ་བ་འདེབས། །རྟེན་འབྱུང་མཐའ་བྲལ་ཟབ་དོན་ཐུགས་ཆུད་པས། །དབང་ཕྱུག་བརྒྱད་མཐར་སོན་ཅིང་མདོ་སྔགས་གཞུང་། །འཆད་ལ་རྒྱལ་བ་གཉིས་པར་རབ་གྲགས་པ། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་གསོལ་བ་འདེབས། །
མཁས་བཙུན་བཟང་གྲུབ་གངས་རིར་གནས་བཅས་ཤིང་། །འཆད་རྩོད་རྩོམ་པའི་གད་བརྒྱངས་གསང་མཐོར་སྒྲོག །འཛིན་སྐྱོང་སྤེལ་བའི་རལ་ཁུར་མངོན་པར་བརྗིད། །ཨཱརྱ་དེ་ཝའི་ཞབས་ལ་གསོལ་བ་འདེབས། །ཐུབ་བསྟན་འཆི་མེད་སྐྱེད་ཚལ་ཡངས་པོའི་ངོགས། །ཚངས་སྤྱོད་བསླབ་གསུམ་སྦྲང་རྩིས་རྟག་ཏུ་མྱོས། །ལེགས་བཤད་མགྲིན་གླུ་འཁྲོལ་བའི་བྷྲ་མ་ར། །འཕགས་པ་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །དགུས་ལྷག་དགུ་བཅུའི་གྲངས་ལྡན་གཞུང་བརྒྱའི་བཅུད། །མགུལ་བའི་བུམ་བཟང་ཉེར་མཚོར་ཡོངས་གཏམས་པས། །མཁས་ཀུན་མགོ་བོར་ཞབས་སེན་ནོར་བུའི་འོད། །འགོད་མཁས་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །རྩོད་ངག་ཉིན་མོར་བྱེད་པའི་རྣམ་དཔྱོད་ཀྱིས། །ཕས་རྒོལ་འབྱུང་པོའི་བྱ་ཚོགས་མུན་པའི་ཁུང་། །སྐྱབས་སུ་རེ་ནས་སྨྲེ་སྔགས་ལ་སྦྱོར་བ། །ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །འཇིགས་མེད་བརྟུལ་ཞུགས་སྤོབས་པའི་རྩལ་རྫོགས་ཤིང་། །རིགས་པའི་ཐལ་མོ་གཅིག་གིས་གཞན་སྡེའི་ཚོགས། །སྙིང་དང་ལྕེ་རྩེ་ལྷན་ཅིག་འདར་བྱེད་པ། །ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཚུལ་འཆལ་ཉེས་སྤྱོད་ལྗན་ལྗིན་མི་གཙང་དྲི། །རྣམ་དག་ཁྲིམས་ཀྱི་ལྷ་ཆུའི་རྒྱུན་བཟང་པོས། །འཁྲུད་བྱེད་འདུལ་གཞུང་འབུམ་སྡེའི་ཉིང་ཁུའི་བཅུད། །སྦྱིན་མཛད་ཡོན་ཏན་འོད་ལ་ཞབས་ལ་གསོལ་བ་འདེབས། །མང་ཐོས་ཚུལ་ལྡན་རྒྱ་མཚོར་གནས་བཅས་ཤིང་། །བག་ཡོད་བསླབ་གསུམ་གདེངས་ཀ་རབ་ཏུ་བརྗིད། །རྣམ་གྲོལ་ནོར་བུའི་ཏོག་གིས་མངོན་མཛེས་པ། །ཀླུ་དབང་ཤཱཀྱ་འོད་ལ་གསོལ་བ་འདེབས། །མཁྱེན་གཏེར་དབང་པོའི་གཟི་བྱིན་ཉི་འོད་ཀྱིས། །རྟག་ཏུ་བསྐྱངས་པའི་བློ་གྲོས་པདྨའི་ཚལ། །བཞད་ཅིང་མདོ་སྔགས་གཞུང་དོན་དྲི་བསུང་མངར། །འཐུལ་འཛད་ཞི་བ་ལྷ་ལ་གསོལ་བ་འདེབས། །ཀླུ་སྒྲུབ་ཞལ་ལུང་བདུད་རྩིའི་བཅུད་བཟང་པོར། །ངོམས་མེད་སྤྱད་པས་མཐའ་བྲལ་དབུ་མའི་ལམ། །ཇི་བཞིན་རྟོགས་ནས་གཞན་ལ་འདོམས་མཁས་པ། །སློབ་དཔོན་སངས་རྒྱས་བསྐྱངས་ལ་གསོལ་བ་འདེབས། །མཁྱེན་རབ་མེ་ལོང་གཙང་མར་རྟེན་བྱུང་གཟུགས། །ཅི་ཡང་འཆར་བས་རི་མོའི་བ་གྲུས་ལས། །འོ་མའི་རྒྱུན་བབས་བདེན་སྣང་ཞེན་པའི་ཚོགས། །མཐར་བསྐྲད་ཟླ་བ་གྲགས་པར་གསོལ་བ་འདེབས། །ཐུབ་གསུང་དྲི་མེད་ཤིང་རྟ་ཆེ་གཉིས་ཀྱིས། །ཇི་ལྟར་བཀྲལ་བའི་ལམ་བཟང་ནོར་མཆོག་གིས། །ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་གྱུར་པ། །གནས་བརྟན་མར་མེ་མཛད་ལ་གསོལ་བ་འདེབས། །རྒྱལ་བསྟན་དུས་མཐར་འཛིན་ཅིང་སྤེལ་བ་ལ། །རྒྱལ་བ་ཉིད་དང་ཀུན་ནས་མཚུངས་གྱུར་པ། །རྒྱལ་བ་གཉིས་པར་དོན་ལྡན་མཚན་གསོལ་བ། །རྒྱལ་ཚབ་བློ་བཟང་གྲགས་པར་གསོལ་བ་འདེབས། །བློ་གྲོས་ལྷག་བསམ་བཟང་པོའི་རྣམ་དཔྱོད་ཀྱིས། །གྲགས་བསྟན་རིང་ལུགས་ནོར་འཛིན་ཁྱོན་ཡངས་གཞིར། །ཆེས་ཆེར་རྒྱས་མཛད་དབང་ཕྱུག་བརྒྱད་ལྡན་མགོན། །རྒྱལ་བའི་གདུང་འཚོབ་ཆེན་པོར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་དྭངས་བས་གསོལ་བཏབ་མཐུས། །སྐྱེ་ཞིང་སྐྱེ་བའི་འཕྲེང་བར་དྲིན་ཅན་རྗེས། །འབྲལ་མེད་རྗེས་བཟུང་བཀའ་བཞིན་སྒྲུབ་པ་སོགས། །བསམ་སྦྱོར་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །ཚངས་སྤྱོད་གོས་བཟུང་ལྷབ་ལྷུབ་ཀྱིས་མཛེས་ཤིང་། །བྱང་སེམས་རིན་ཆེན་གདུ་བུས་རྣམ་པར་སྤྲས། །ཡང་དག་ལྟ་བའི་ནོར་བུའི་ཅོད་པན་ཅན། །ཐེག་མཆོག་དགའ་མར་རྟག་ཏུ་སྤྱོད་བྱིན་རློབས། །རིགས་ལམ་བྱེ་བའི་ཕུལ་གྱུར་བཀའ་པོད་ལྔའི། །གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྦྱངས་པའི་ཤུགས། །ཕ་མཐར་སོན་ཏེ་བསྒོམ་དོན་ལ་སྦྱོར་བའི། །བརྩོན་པ་རྒྱུན་མི་ཆད་པར་བསྟན་བྱིན་རློབས། །དེ་ལྟར་ཐུན་མོང་རྒྱུད་སྦྱངས་སློབ་དཔོན་དྲུང་། །རྣམ་དག་དབང་ཐོབ་དམ་སྡོམ་ཚུལ་བཞིན་སྲུང་། །རིམ་གཉིས་ལམ་མཆོག་མཛོད་ལ་དབང་བསྒྱུར་ཏེ། །སྐུ་བཞི་མངོན་གྱུར་གཞན་དོན་མཐར་ཕྱིན་ཤོག །ཅེས་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ཞེས་བྱ་བ་འདི་ནི། ༸ཤཱཀྱའི་དགེ་སྦྱོང་དྷརྨ་སུརྱས་གུས་པས་མཚམས་སྦྱར་ཏེ་སུག་བྲིས་སུ་བགྱིས་པའོ།། །།སརྦ་མངྒ་ལཾ།།
[1] པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། པོད། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༤ན༣ བར།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།