མ༽ ལོ་ཙཱ་བ་རྒྱ་བརྩོན་སེང་རྒྱ་གར་དུ་མངགས་ཚུལ།
དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ལ་བསྟོད་པ་བྱིན་རླབས་ཀྱི་རྒྱ་མཚོ་རོལ་པའི་བཀོད་པ་ལས[1]།
རབ་སྙན་གྲགས་པ་རྒྱ་མཚོའི་མཐར་སོན་པ། །
བྱང་སེམས་ས་སྐྱོང་དབང་པོས་ལེགས་ཐོས་ནས། །
དཀའ་སྤྱད་དུ་མས་བོད་འདིར་ལེགས་དྲངས་ཏེ། །
གདུལ་བྱ་དུ་མ་ཡོངས་སུ་སྨིན་པར་མཛད། །
ཅེས་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[2]། བླ་མ་མཆོག་དང་སྤྱན་རས་གཟིགས་དབང་དང་། །སྒྲོལ་མ་ལ་སོགས་ཡི་དམ་དུ་མ་ཡིས། །བྱང་དུ་ཕྱིན་ན་བསྟན་པ་དར་རོ་ཞེས། །འདོམས་མཛད་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །འོད་ཀྱི་མིང་ཅན་ཆོས་ཀྱི་རྒྱལ་པོ་ཡིས། །ཁ་བ་ཅན་དུ་ལེགས་པར་སྤྱན་དྲངས་ཏེ། །མཐའ་ཡས་གདུལ་བྱ་སྨིན་ཅིང་གྲོལ་བར་མཛད། །སྟོན་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ནཱ་རོ་ཌོམྦི་ཨ་ཝ་དྷཱུ་ཏཱི་པ། །རྣལ་འབྱོར་པ་ཡིས་སྣང་བ་ཕྱིན་གྱུར་ཏོ། །སྐུ་སྲོག་དོར་ཡང་བྱང་དུ་འགྲོ་འོ་ཞེས། །དམ་བཅས་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །གངས་ཅན་གནས་འདིར་ལུང་བསྟན་མང་པོ་མཛད། །སྔོན་མེད་བྱང་ཆུབ་སྤྱོད་རླབས་ཚད་མེད་འཁྲུངས། །མཐའ་ཡས་སངས་རྒྱས་རྣམས་ལ་དམ་ཆོས་ནོད། །རླབས་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[3]། དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་སྐུ་མདུན་དུ་བོས་ཏེ་དགེ་བཤེས་པ། ཇོ་བོ་སྤྱན་འདྲེན་དུ་རྒྱ་གར་དུ་འབྱོན་དགོས་པར་འདུག་ཅེས་བྱ་དགའ་ཆེན་པོ་གནང་སྟེ་གསེར་ཕོན་ཆེ་བ་དང་། གཡོག་ཇི་ཙམ་དགོས་པ་གཏོང་། རྒྱ་གར་དུ་བྱོན་ནས་ཇོ་བོ་རྗེ་ལ་འདི་སྐད་ཞུས་ཤིག །སྔོན་དུས་ཆོས་རྒྱལ་གོང་མ་རྣམས་ཀྱིས་དཀའ་བ་ཆེན་པོས་རྒྱལ་བའི་བསྟན་པ་བཙུགས་ཀྱང་གླང་དར་མས་བསྣུབས། དེ་ནས་ངེད་ཀྱི་ཡབ་མེས་ཆོས་རྒྱལ་རྣམས་ཀྱིས་དཀའ་བ་ཆེན་པོས་རྒྱལ་བའི་བསྟན་པ་བཙུགས་ཀྱང་མདོ་སྔགས་གཉིས་པོ་ཕན་ཚུན་ཚ་གྲང་ལྟར་སོང་བ་ལས་བསྟན་པ་ཡོངས་རྫོགས་ཉམས་ལེན་དུ་འཁྱེར་ཤེས་པ་ཤིན་ཏུ་དཀོན་པར་སྣང་ཞིང་། རྩིང་སྤྱོད་ཅན་མང་པོས་བསྟན་པ་ལ་གནོད་པ་ཆེན་པོ་བྱས། ངེད་ཀྱི་ཁུ་བོ་ཡེ་ཤེས་འོད་ཀྱིས་ཚུལ་དེ་མ་བཟོད་ནས་ཇོ་བོ་རྗེ་ཁྱེད་གདན་འདྲེན་ཕྱིར་གསེར་འཚོལ་དུ་བྱོན་པས་ཁུ་བོ་གར་ལོག་གི་རྒྱལ་པོས་མེད་པར་བྱས་པའི་གཏམ་དེ་རྣམས་མགོན་པོ་ཨ་ཏི་ཤའི་སྙན་དུ་ཐོངས།
ངའི་ཁུ་བོ་སྙིང་རྗེ་ཅན་དེ་འོ་ཨེ་བརྒྱལ། ངས་ཀྱང་ཁུ་བོ་དེ་བཞག་ནས་འོང་ཕོད་པ་སྒོའི་གསེང་ནས་ཕར་བལྟས་པས་སྐུ་ལུས་རྣམས་ནི་དར་གྱིས་བཅིངས། གསུང་གི་གདངས་ནི་ཤོར། སྔར་གྱི་དེ་ལས་རྣམ་པ་ཐམས་ཅད་འགྱུར། སྐུ་ལུས་བུང་བ་ཙམ་ཞིག་ཏུ་སོང་། དེའི་ཁུང་ནའང་བོད་ཀྱི་སེམས་ཅན་དང་སངས་རྒྱས་ཀྱི་བསྟན་པ་དང་ཇོ་བོ་འབའ་ཞིག་ཐུགས་ལ་སེམས། ངེད་བོད་མཐའ་འཁོབ་ཀྱི་སེམས་ཅན་མ་རིག་པ་རྣམས་ཀྱི་སྙིང་སྟོབས་དེ་འདྲ་ན་ཁྱེད་འགྲོ་བའི་སྐྱབས་གནས་ཐུགས་རྗེ་ཅན་རྣམས་ཇི་ཙུག་ལ་སོང་། ཞེས་ཞུས་ཤིག་ཅེས་མངགས་གསེར་སྲང་བདུན་བརྒྱ་བསྐུར་ཏེ་ནག་ཚོ་ལོ་ཙཱ་བ་དཔོན་གཡོག་རྣམས་རྒྱ་གར་དུ་ཇོ་བོ་སྤྱན་འདྲེན་དུ་བརྫངས་སོ། །ཞེས་གསུངས་པ་ལྟར་ཚ་བོ་བྱང་ཆུབ་འོད་ཀྱིས་རྒྱལ་པོ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་བོད་དུ་བསྟན་པར་བསྲེ་བསླད་ཡོད་པ་རྣམས་དག་པར་བྱེད་པའི་ཆེད་ཇོ་བོ་བོད་དུ་གདན་འདྲེན་ཞུ་བ་ལ་བསྐྱར་དུ་གྲ་སྒྲིག་མཛད། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དཔོན་གཡོག་ལྔ་དང་བཅས་རྒྱ་གར་དུ་བརྫངས། ལོ་ཙཱ་བ་ཡང་དཀའ་སྤྱད་དྲག་པོའི་ཐོག་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ཝི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་སླེབས། དེར་བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་ཡང་བཞུགས་ཡོད་པས་ཁོང་གིས་ཇོ་བོ་བོད་དུ་གདན་ཞུ་ནུས་པའི་ཐབས་ཤེས་མང་དུ་མཛད། ཉིན་གཅིག་བོད་ཀྱི་ལོ་ཙཱ་བ་གཉིས་ཀྱིས་ཨ་ཏི་ཤ་ལ་བོད་ཀྱི་བསྟན་པའི་གནས་ཚུལ་དང་། ཡེ་ཤེས་འོད་ཀྱིས་དཀའ་བ་སྤྱད་ཚུལ་དང་། དེའི་སྐུ་གཤེགས་ཚུལ་རྣམས་རིམ་པར་མཆི་མ་ཤོར་བཞིན་དུ་ཞིབ་ཏུ་ཞུས་ཏེ་བོད་དུ་གདན་དྲངས་པར་མཛད་དོ།།
གཞན་ཡང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དུས་ནམ་ཞིག་འཕགས་ཡུལ་དུ་བྱོན་མིན་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། མེ་གླང་། ཕྱི་ལོ་ ༡༠༣༧ མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་མཁས་དབང་འགའ་ཞིག་གིས་ལོ་འདིར་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྗེ་བོད་དུ་གདན་འདྲེན་པར་ཕེབས་པར་གསུངས་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[5]ཀྱང་། མེ་གླང་ཕྱི་ལོ་ ༡༠༣༧ ནག་ཚོ་ལོ་ཙཱ་བ་ཇོ་བོ་སྤྱན་འདྲེན་དུ་བྱོན། ཞེས་གཅིག་མཚུངས་སུ་བྱུང་ཞིང་། ནག་ཚོ་ལོ་ཙཱ་བས་མཛད་པའི་ཇོ་བོའི་བསྟོད་པ་དང་། ལམ་ཡིག་ལས། ལོ་འདིར་ཇོ་བོ་རྗེ་རྒྱ་གར་ནས་བོད་ཕྱོགས་སུ་ཕེབས་འགོ་ཚུགས་པར་གསུངས་པ་འདི་རང་ལུགས་ཡང་དག་པ་ཡིན། ཞེས་ཀྱང་བྱུང་། འོན་ཀྱང་བོད་སྤྱི་མཐུན་གྱི་བསོད་ནམས་དམན་པའམ་དུས་མ་སྨིན་པའི་དབང་གིས་འབད་བརྩོན་མང་དུ་མཛད་ཀྱང་རྒྱ་བརྩོན་སེང་གིས་ཇོ་བོ་བོད་དུ་གདན་འདྲེན་མ་ཐུབ་ཅིང་། ལོ་ཙཱ་བས་ཇོ་བོ་ལ་བོད་དུ་ཕེབས་དགོས་པའི་ཆེད་ནན་ཆེར་ཞུས་ཀྱང་ཇོ་བོའི་ཞལ་ནས། བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡོད། ཡང་ན་གསེར་འདོད་ནས་འགྲོ་བ་ཡིན་ཏེ་ང་ལ་གསེར་གྱི་དགོས་པ་མེད། ཡང་ན་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བ་ཡིན་ཏེ་དེ་ཡང་ང་ལ་མེད། ང་མི་འགྲོ། ཞེས་གསུངས་ན་གསེར་ལིང་བ་ཕུལ་བ་དེ་ཚུར་གཏད་ནས་བོད་དུ་ཕེབས་པའི་ཞལ་བཞེས་མ་གནང་། འོན་ཀྱང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[6]། ཤིང་ཁྱི་ཕྱི་ལོ་ ༡༠༣༤ ལོར་ཇོ་བོ་རྗེ་རྒྱ་གར་གྱི་སོ་མ་པུ་རིའི་ལྷ་ཁང་དུ་ནག་ཚོ་ལོ་ཙཱ་བར་རྟོག་གེ་འབར་བ་གསུངས་ཤིང་། སྐབས་དེར་ད་ནས་ལོ་ཉི་ཤུ་ན་སྐུ་ལུས་བོད་དུ་འཇོག་རྒྱུ་ཡིན་ཞེས་གསུངས། ཞེས་དང་། ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[7]། ཤིང་ཁྱི། ཇོ་བོས་རྟོག་གེ་འབར་བ་གསུངས་དུས་ད་ལྟ་ནི་ལོ་ཉི་ཤུ་ན་བོད་དུ་གདུང་འཇོག་གསུངས། ཞེས་གཅིག་གྱུར་དུ་བྱུང་ངོ་།།
དེ་བཞིན་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[8]།
གདུལ་བྱ་བོད་དུ་ཡོད་པར་དགོངས་ནས་ནི། །
ཁ་བ་ཅན་གྱི་ལྗོངས་སུ་བྱོན་ནས་ཀྱང༌། །
སྡེ་པ་མི་ཆེན་རྣམས་ཀྱི་བླ་མ་མཛད། །
མཆོད་ཅིང་བཀུར་འོས་ཁྱེད་ལ་གསོལ་བ་འདེབས། །
མཁས་མཆོག་ཁྱེད་སྐུ་བོད་དུ་མ་བྱོན་ན། །
སངས་རྒྱས་བསྟན་པ་ཡོད་པར་གྱུར་ཀྱང་ནི། །
ཟབ་མོའི་དོན་ལ་ཕལ་ཆེར་རྨོངས་གྱུར་པས། །
ལེགས་པར་སྟོན་མཛད་ཁྱེད་ལ་གསོལ་བ་འདེབས། །
བསྟན་བཅོས་བསྒྱུར་དང་བསྒྱུར་ཟིན་འཆོས་པ་དང༌། །
དེ་ཉིད་འཆད་དང་རང་གི་རྩོམ་པ་སོགས། །
ཡང་དག་ལམ་ལ་ལེགས་པར་འཁྲིད་པ་ཡིས། །
བསྟན་པ་རྒྱས་མཛད་ཁྱེད་ལ་གསོལ་བ་འདེབས། །
ཞེས་གསོལ་འདེབས་མཛད་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀུན་མཁྱེན་རོང་སྟོན་ཆེན་པོའི་གསུང་འབུམ། ༼ཁ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༢༠༣
[2] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།
[3] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༨
[5] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༧
[6] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༧
[7] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༦
[8] རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༡ ནས་ ༨༥ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༧ ནས་ ༢༠༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།