ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བཀྲ་ཤིས་བསམ་གཏན་གླིང་གི་བཀའ་བསྟན་རིན་པོ་ཆེའི་དཀར་ཆག་ཐུབ་བསྟན་གསལ་བྱེད་ལས[2]། དེ་ལྟར་རྒྱལ་བ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་རྗེས་སུ་བསྡུ་བ་རིམ་པ་གསུམ་བྱུང་། དགྲ་བཅོམ་བདག་ཉིད་ཆེན་པོ་རྣམས་ཀྱིས་ཐུབ་པའི་བསྟན་པ་མ་ཉམས་པར་བཟུང་། དེ་ནས་རིམ་གྱིས་སེམས་ཅན་རྣམས་བསོད་ནམས་དམན་པས་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བ་སོགས་ཐུབ་པའི་བསྟན་པ་ཉམས་དམས་པར་གྱུར།
དེའི་ནང་ནས་ཀྱང་ཐེག་པ་ཆེན་པོ་ཤིན་ཏུ་ཉམས་ཚབས་ཆེ་ཞིང་། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་མང་པོས་ཀྱང་ཐེག་ཆེན་བཀའ་མིན་པར་སྨྲ་བ་སོགས་ཕྱི་ནང་ཀུན་ནས་ཐེག་པ་ཆེན་པོའི་ཚུལ་ལ་སྡང་བར་གྱུར་པས་ཐེག་ཆེན་གྱི་ལམ་སྲོལ་མིང་ཙམ་ཡང་ནུབ་ཏུ་ཉེ་བ་ན། ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ན་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་གྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་འཐོབ། །ཅེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་དང༌། ཡང་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་དེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་ལུང་བསྟན་པ་འཕགས་པ་ཐོགས་མེད་གཉིས་ཀྱིས་གཙོས་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ལམ་རྣམས་གསལ་བར་མཛད་ཅིང་། དེའི་ནང་ནས་ཀྱང་མགོན་པོ་ཀླུ་སྒྲུབ་ནི་གནས་བརྟན་སྒྲ་གཅན་ཟིན་གྱི་སློབ་མ་བྲམ་ཟེ་སྒྲ་གཅན་ཟིན་བཟང་པོ་ལས་བསྙེན་པར་རྫོགས་ཏེ་འདུལ་བའི་བཅས་མཚམས་རྣམས་ཤིན་ཏུ་དག་པར་མཛད་ཅིང་། བསླབ་པ་ལ་གཡེལ་བའི་དགེ་སློང་གི་གཟུགས་བརྙན་མང་པོ་གནས་དབྱུང་མཛད། བསླབ་པ་ཚུལ་བཞིན་དུ་སྲུང་བ་རྣམས་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་བསྐྱངས་ཏེ་ཐུབ་པའི་བསྟན་པ་ཆེས་ཆེར་འཕེལ་བར་མཛད། ཡུམ་རྒྱས་པ་ཀླུའི་ཡུལ་ནས་གདན་དྲངས་ཏེ་འཛམ་བུའི་གླིང་དུ་དར་བར་མཛད། བྲམ་ཟེ་ཆེན་པོ་ས་ར་ཧ་ལ་དཔལ་གསང་བ་འདུས་པ་དང་འཁོར་ལོ་སྡོམ་པ་ལ་སོགས་པའི་རྒྱུད་དང་གདམས་ངག་མང་དུ་གསན་ཞིང་། །གཙོ་བོར་རྗེ་བཙུན་འཇམ་པའི་དབྱངས་ལྷའི་བུའི་རྣམ་པར་བསྟན་པ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་ལ་མདོ་སྔགས་ཀྱི་ཆོས་རྒྱལ་བས་ཇི་ལྟར་གསུངས་པ་རྣམས་ཡོངས་སུ་རྫོགས་པར་གསན་ནས་འཕགས་ཡུལ་དུ་ཐེག་པ་ཆེན་པོ་ཉིན་མོ་ལྟར་གསལ་བར་མཛད་དེ། སྡེ་སྣོད་གསུམ་གྱི་བརྗོད་བྱའི་དོན་ཐམས་ཅད་གང་ཟག་ཐེག་པ་ཆེན་པོའི་རིགས་ཅན་གཅིག་གི་ཉམས་ལེན་གྱི་རིམ་པར་བསྡུས་པ་ལམ་གྱི་ལུས་ཡོངས་སུ་རྫོགས་པ་རིགས་པའི་ལམ་ནས་སྟོན་པ་རིན་ཆེན་ཕྲེང་བ་དང་། ལུང་གིས་བསྒྲུབ་པ་མདོ་སྡེ་ཀུན་ལས་བཏུས། ཤེར་ཕྱིན་གྱི་དོན་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་རིགས་པའི་ཚོགས་མཐའ་ཡས་པས་གཏན་ལ་འབེབས་པ་དབུ་མ་རྩ་བ་ཤེས་རབ་སོགས་རིགས་ཚོགས་རྣམས་དང་། བླ་མེད་རྡོ་རྗེ་ཐེག་པའི་ལམ་གྱི་གནད་མཐར་ཐུག་པ་དཔལ་གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་མདོ་བསྲེ། རྫོགས་རིམ་རིམ་ལྔ་ལ་སོགས་པ་མདོ་སྔགས་ཀྱི་བསྟན་བཅོས་མཐའ་ཡས་པ་མཛད་པས། སློབ་དཔོན་འདི་ནི་རྒྱལ་བའི་བསྟན་པ་ལ་རྒྱལ་བ་རང་ཉིད་དང་མཚུངས་པ་ལྟ་བུར་འཕགས་ཡུལ་གྱི་མཁས་གྲུབ་ཐམས་ཅད་མཐུན་པར་གླེང་ངོ༌། །
འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས་ནས་ཞལ་གཟིགས་པ་ན་ཐེག་པ་ཆེན་པོ་དར་བར་ཞུས་པས། བྱམས་མགོན་གྱིས་དགའ་ལྡན་དུ་འཁྲིད་ནས་ལྷའི་དྲོ་སྐད་ཅིག་གམ། མི་ལོ་བཅུ་གཉིས་ཀྱི་བར་དུ་ཐེག་པ་ཆེན་པོའི་ཆོས་ཚུལ་མཐའ་ཡས་པ་གསན་ནས། སླར་ཡང་འཛམ་བུའི་གླིང་དུ་བྱམས་ཆོས་སྡེ་ལྔའི་སྐྱེས་དང་བཅས་ཕེབས་ཏེ། བྱམས་མགོན་གྱི་གཞུང་ལ་བརྟེན་ནས་རྒྱལ་བའི་དགོངས་པ་བཀྲལ་ཏེ་ཐེག་པ་ཆེན་པོའི་བསྟན་པ་རྒྱ་ཆེར་སྤེལ་ཏེ། མདོ་སྡེ་རྒྱན་གྱི་དོན་འགྲེལ་བྱང་ས་ལ་སོགས་པ་ས་སྡེ་ལྔ་དང༌། སྡོམ་རྣམ་པ་གཉིས་ལ་སོགས་པ་རྒྱལ་བའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་རྗེས་སུ་འབྲངས་ནས་སློབ་དཔོན་དབྱིག་གཉེན་གྱིས་རབ་ཏུ་བྱེད་པ་སྡེ་བརྒྱད་ལ་སོགས་པ་རྒྱལ་བའི་གསུང་རབ་ཀྱི་དགོངས་འགྲེལ་མང་དུ་མཛད་དེ། བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པས་ཀུན་མཁྱེན་གཉིས་པ་ཞེས་འཕགས་ཡུལ་མཁས་པ་རྣམས་ལ་ཡོངས་སུ་གྲགས་སོ།།
བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱི་ལུགས་སྲོལ་ཡོངས་སུ་རྫོགས་པ་འཛིན་པ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་བྱང་ཆུབ་སེམས་དཔའི་ལམ་གྱི་ལུས་ཚང་བར་སྟོན་པ་དབུ་མ་བཞི་བརྒྱ་པ་དང༌། བླ་མེད་ཀྱི་ལམ་གྱི་གནད་མཐར་ཐུག་རྣམས་གསལ་བར་སྟོན་པ་རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མ་སོགས་བསྟན་བཅོས་མང་དུ་མཛད། ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཐུན་མོང་མིན་པ་གསལ་བར་བྱེད་པ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་རྨད་དུ་བྱུང་བ་མཛད་པ་ལ་འགྲེལ་པ་བུདྡྷ་པཱ་ལི་ཏར་གྲགས།
སློབ་དཔོན་དཔའ་བོས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་ཆེར་སྟོན་པ་སྐྱེས་རབས་སོ་བཞི་པ་དང་། བསྟོད་པ་བརྒྱ་ལྔ་བཅུ་པ་ལ་སོགས་པ་དང་། སྔགས་ལ་འཇུག་པའི་ལམ་གྱི་རིམ་པ་སྟོན་པ་རྒྱུད་དོན་བསྡུས་པ་ལྔ་བཅུ་པ་དང་། རྩ་ལྟུང་བཅུ་བཞི་པ་ལ་སོགས་པ་མདོ་སྔགས་ཀྱི་བསྟན་བཅོས་མཐའ་ཡས་པ་ཞིག་མཛད། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མེ་དང༌། དབུ་མ་སྣང་བ་དང་། རྟོག་གེ་འབར་བ་སོགས་བསྟན་བཅོས་མང་དུ་མཛད།
སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་བཟང་ཆེས་ཆེར་གསལ་བར་བྱ་ཕྱིར་ལམ་གྱི་ལུས་ཚང་བར་སྟོན་པའི་བསྟན་བཅོས་དབུ་མ་ལ་འཇུག་པ་དང་། བཞི་བརྒྱ་པའི་འགྲེལ་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་སོགས་མང་དུ་མཛད་ཅིང་། ལྷག་པར་རྩ་ཤེའི་འགྲེལ་པ་ཚིག་གསལ་དང་། གསང་བ་འདུས་པའི་རྒྱུད་འགྲེལ་སྒྲོལ་གསལ་གཉིས་མཛད་དེ། དེ་ལ་ནི་མཁའ་ལ་ཉི་ཟླ་རྣམ་གཉིས་དང་། ས་ལ་གསལ་བ་རྣམ་གཉིས་ཞེས་འགྲན་ཟླ་མེད་པའི་བསྟན་བཅོས་སུ་འཕགས་ཡུལ་མཁས་པ་རྣམས་ལ་གཏམ་དུ་གྲགས་སོ།།
རྒྱལ་སྲས་ཆེན་པོ་ཞི་བ་ལྷས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་ལ་བརྟེན་ནས་རྒྱལ་བའི་བཀའི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲངས་ཏེ་གསལ་བར་བྱེད་པ་བྱང་ཆུབ་སེམས་དཔའི་ལམ་གྱི་ལུས་ཡོངས་སུ་རྫོགས་པར་སྟོན་པའི་བསྟན་བཅོས་རྨད་དུ་བྱུང་བ་སྤྱོད་འཇུག་དང་བསླབ་བཏུས་གཉིས་མཛད། མདོ་བཏུས་ཤིག་ཀྱང་མཛད་ཅེས་འབྱུང་ངོ༌། །
ཐོགས་མེད་སྐུ་མཆེད་ཀྱི་རྗེས་སུ་འབྲངས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་བསྟན་བཅོས་བརྒྱ་རྩ་བརྒྱད་དང༌། དེ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་པ་གསུང་རབ་མ་ལུས་བལྟ་བའི་མིག་ལྟ་བུ་ཚད་མ་ཀུན་ལས་བཏུས་པ་མཛད། གཞན་ཡང་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་དོ། །
བདག་ཉིད་ཆེན་པོ་ཆོས་ཀྱི་གྲགས་པས་ཐེག་པ་གསུམ་གྱི་ལམ་ཐམས་ཅད་དྲི་མ་མེད་པའི་རིགས་པའི་ལམ་ནས་དྲངས་ཏེ་ཤིན་ཏུ་གསལ་བར་མཛད་པ་ཚད་མ་རྣམ་འགྲེལ་སོགས་ཚད་མ་སྡེ་བདུན་དུ་གྲགས་པ་མཛད་དོ།།
སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་ལུང་སྡེ་བཞིའི་དོན་བསྡུས་པ་འདུལ་བ་མདོ་རྩ་བ་དང༌། འདུལ་བའི་ལས་བརྒྱ་རྩའི་ཆོ་ག་མཛད་ཅིང་། གཞན་ཡང་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད། སློབ་དཔོན་ཤཱཀྱ་འོད་ཀྱིས་འདུལ་བ་སུམ་བརྒྱ་པ་དང་འོད་ལྡན་སོགས་བསྟན་བཅོས་མང་དུ་མཛད་དོ། །བདག་ཉིད་ཆེན་པོ་དེ་དག་ལ་ནི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ཅེས་མཁས་པ་རྣམས་ལ་ཡོངས་སུ་གྲགས་སོ། །
གཞན་ཡང་གྲུབ་ཆེན་དཔལ་མགོན་པོ་བདེ་བ་ཆེན་པོ་དང༌། ས་ར་ཧ་དང་། ལཱ་ཧི་པ་དང༌། དྲིལ་བུ་ཞབས་དང༌། ནག་པོ་སྤྱོད་པ་དང༌། ལཱ་ལི་ཏ་དང༌། དཱ་རི་ཀ་པ་དང༌། འཇམ་དཔལ་གྲགས་པ་དང༌། སངས་རྒྱས་ཡེ་ཤེས་ཞབས་དང་། མར་མེ་མཛད་བཟང་པོ་དང༌། མཚོ་སྐྱེས་རྡོ་རྗེ་དང༌། སྨོན་པའི་ཞབས་དང་། ཐ་ག་ན་དང༌། ཏེ་ལོ་དང་། ནཱ་རོ་དང་། ཨ་བྷ་ཡ་ཀ་ར་སོགས་གྲུབ་ཆེན་བགྲང་བ་ལས་འདས་པ་བྱོན་པ་རྣམས་དང༌། སློབ་དཔོན་ཐོ་བཙུན་གྲུབ་རྗེ་སྐུ་མཆེད་དང༌། ཆོས་ལྡན་རབ་འབྱོར་དང༌། དགའ་བའི་བཤེས་གཉེན་དང༌། དགྲ་བཅོམ་ཆོས་སྐྱབས་ལ་སོགས་པ་དང༌། མཁས་པ་ཆེན་པོ་ཙནྡྲ་གོ་མི་དང༌། རྒྱ་མཚོ་སྤྲིན་དང་། ཛིན་སུ་ཏྲ་དང༌། སངས་རྒྱས་གསང་བ་དང་། གྲོལ་སྡེ་རྣམ་གཉིས་དང༌། མཁན་ཆེན་ཞི་བ་འཚོ་དང་། སེངྒེ་བཟང་པོ་དང་། ཀ་མ་ལ་ཤཱི་ལ་སོགས་པཎྜི་ཏ་ཆེན་པོ་བགྲང་བ་ལས་འདས་པ་བྱོན་ཏེ། དེ་ཐམས་ཅད་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་མཐའ་ཡས་མུ་མེད་པ་ཞིག་མཛད་དེ། ཐམས་ཅད་ནི་བགྲང་བར་མི་ནུས་ཀྱི། དེ་དག་ལས་བོད་ཡུལ་དུ་གང་འགྱུར་བའི་མཛད་པ་པོ་རྣམས་ནི་བསྟན་བཅོས་རང་རང་གི་གཤམ་དུ་གསལ་བ་ལྟར་རོ། །
[2] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༤༧
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།