རྒྱ་གར་དུ་བཏང་བའི་བྱིས་པ་ཉེར་གཅིག

རྒྱ་གར་དུ་བཏང་བའི་བྱིས་པ་ཉེར་གཅིག

དྲང་འགྲོ།

Image

ཇོ་བོ་རྗེ།

ཇོ་བོ་རྗེའི་དངོས་སློབ་འབྲོམ་སྟོན་པས་མཛད་པའི་ཇོ་བོའི་རྗེའི་རྣམ་ཐར་ལས། དེ་ལྟར་བླ་མ་ཐམས་ཅད་མཁྱེན་པ་དེ། །མེ་ཕོ་རྟ་ཡི་ལོ་ལ་སྐུ་འཁྲུངས་ནས། །ལོ་བདུན་བར་དུ་རྒྱལ་པོའི་ཁབ་ཏུ་བཞུགས། །བཅུ་དགུའི་བར་དུ་ཨ་ཝ་དྷུ་ཏི་སྐྱོངས། །བཞི་བཅུའི་བར་དུ་བླ་མ་དཔག་མེད་བསྟེན། །དྲུག་ཅུའི་བར་དུ་རྒྱ་གར་ཆོས་ཀྱིས་བསྐྱངས། །ཆུ་ཕོ་རྟ་ལ་ཁ་བ་ཅན་དུ་བྱོན། །

ཞེས་འབྱུང་བ་ལྟར་ཇོ་བོ་རྗེ་ནི་སྤྱི་ལོ་ 982 ལོར་འཁྲུངས་ཤིང་། 1054 ལོར་འདས་པ་ཡིན། དགུང་ལོ་བདུན་ཅུ་དོན་གཉིས་བཞུགས་ཡོད།

ལྷ་བླ་མ་ཡེ་ཤེས་འོད།

གུ་གེ་བ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་ལྟར་ན། ལྷ་བླ་མ་ཡེ་ཤེས་འོད་ནི་སྤྱི་ལོ་ 947 འཁྲུངས་ཤིང་། 1019 ལོར་འདས།  དགུང་ལོ་བདུན་ཅུ་དོན་གཉིས་བཞུགས། ལྷ་བླ་མ་ཡེ་ཤེས་འོད་འདི་ཇོ་བོ་རྗེ་ལས་དགུང་ལོ་སོ་ལྔས་ཆེ་བར་འདུག རྣམ་ཐར་འདིའི་ནང་དུ་ལྷ་བླ་མ་གར་ལོག་དམག་གིས་བཟུང་བའི་སྐོར་གཏན་ནས་བྲིས་མི་འདུག་པར་མ་ཟད། སྐུ་ཚེའི་གཞུག་རིལ་པོ་མཐོ་གླིང་དུ་བཞུགས་ཞེས་པ་དང་། སྐུ་ན་ཤིན་ཏུ་བགྲེས་པའི་ཚེ་ན་ཡང་། མཐོ་གླིང་ལ་ཕྱག་འཁར་བསྣམས་ནས་སྐོར་བ་མང་དུ་མཛད་ཅིང་། ཞེས་པ་སོགས། མཐོ་གླིང་དུ་སྐུ་འདས་ཚུལ་བྲིས་འདུག ལོ་ཆེན་གྱི་སློབ་མ་ཁྱི་ཐང་བས་ཀྱང་མཐོ་གླིང་དུ་སྐུ་འདས་ཚུལ་བྲིས་འདུག ལོ་ཆེན་གྱི་སློབ་མ་འདི་རྒྱལ་པོའི་སྐུ་དུས་ཀྱི་མི་ཡིན་པས། ཆ་རྒྱུས་ཡོད་ངེས།

ལོ་ཆེན་རིན་ཆེན་བཟང་པོ།

གུ་གེ་བ་ཁྱི་ཐང་དཔལ་ཡེ་ཤེས་སོགས་ཀྱིས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་ལྟར་ན།  ལོ་ཙཱ་བ་རིན་ཆེན་བཟང་པོ་ནི་སྤྱི་ལོ་ 958 ལོར་འཁྲུངས་ཤིང་། 1055 ལོར་འདས།  དགུང་ལོ་དགུ་བཅུ་གོ་བདུན་བཞུགས།  ལོ་ཆེན་འདི་ཇོ་བོ་རྗེ་ལས་དགུང་ལོ་ཉེར་བཞིས་ཆེ་བ་འདུག་ལ།  ལྷ་བླ་མ་ཡེ་ཤེས་ལས་དགུང་ལོ་བཅུ་གཅིག་གིས་ཆེ་བ་འདུག གུ་གེ་ཁྱི་ཐང་པ་འདི་ནི་ལོ་ཆེན་གྱི་སློབ་མ་ཀ་ཆེན་བཞི་ཞེས་གྲགས་པའི་ནང་གི་གཅིག་ཡིན། འདིས་མཛད་པའི་ལོ་ཆེན་གྱི་རྣམ་ཐར་དུ། ལོ་ཆེན་དགུང་ལོ་བཅུ་བདུན་ལོན་པའི་ཚེ། མཁའ་འགྲོ་མས་བྱང་ཕྱོགས་ཁ་ཆེའི་ཡུལ་དང་རྒྱ་གར་ཤར་ནུབ་ན་སོང་། ཞེས་ལུང་བསྟན་པ་ལྟར་ཕེབས་ནས་ལོ་བཅུ་ལྷག་ཙམ་འགོར་བར་བཤད།

ཡར་ལུང་ཇོ་བོའི་ཆོས་འབྱུང་། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པ་པཎྜི་ཏ་ལ་ཐུག་པར་དགོངས་ནས། འབངས་ཀྱི་ནང་ནས་བློ་གྲོས་རབ་ཀྱི་མི་བདུན་ལ། བློ་གྲོས་རྣོ་བའི་གཡོག་པོ་གཉིས་རེ་དང་བཅས་མི་ཉེར་གཅིག་རྒྱ་གར་དུ་སློབ་གཉེར་ལ་བཏང་། དེའི་ནང་ནས་ལོ་ཆེན་རིན་ཆེན་བཟང་པོ་དང་། རྔོག་ལོ་ལེགས་པའི་ཤེས་རབ་གཉིས་ཀྱིས་ཆོས་ཀྱི་དེ་ཉིད་རྟོགས་ཤིང་མཁས་པར་གྱུར་པས་བསྟན་པ་ལ་ཕན་འབྲས་བྱུང་། གཞན་དག་ནི་ཚད་པས་གྲོངས་ཚུལ་བྲིས་འདུག ལོ་ཆེན་དང་རྔོག་ལོ་གཉིས་ཕྱིར་བོད་དུ་སླེབས་སྐབས། བྱང་ཆུབ་འོད་ཀྱིས་རྒྱ་གར་ན་བོད་ལ་ཕན་ཐོགས་ངེས་པའི་མཁས་པ་སུ་འདུག་ཅེས་དྲིས་པ་ལ།  དེ་གཉིས་ཀྱིས་ཇོ་བོ་རྗེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ངོ་སྤྲོད་མཛད་པས། རྒྱལ་པོ་ཤིན་ཏུ་མཉེས་ནས་གདན་དྲངས་མཁན་བཏང་མོད། གདན་འདྲོངས་མ་ཐུབ་ཅེས་བྲིས་འདུག གདན་འདྲོངས་མ་ཐུབ་ཅེས་པ་ཡང་ཐེངས་དང་པོར་གདན་འདྲེན་སྐབས་ཡིན་གྱི་གཏན་ནས་གདན་དྲངས་མ་ནུས་པ་ནི་མིན།

ལོ་ཆེན་དང་ཇོ་བོ་རྗེ་གཉིས་ཀྱི་དགུང་ལོ་ཆེ་ཆུང་བསྡུར་ན། ལོ་ཆེན་བྱིས་དུས་སུ་རྒྱ་གར་ཕེབས་པ་ཡིན་ན། སྐབས་དེ་དུས་ཇོ་བོ་རྗེ་ལ་རྒྱ་གར་དུ་མཁས་པའི་མཚན་སྙན་མེད་པ་མ་ཟད་ཇོ་བོ་རྗེ་ཡང་བྱིས་པ་ཆུང་ཆུང་ཞིག་ཡིན་ངེས། དེབ་སྔོན་ནང་དུ་ཇོ་བོ་རྗེ་བོད་ལ་ཕེབས་དུས་ལོ་ཆེན་གྱིས་མཇལ་འཕྲད་ཞུ་སྟངས་དང་བགྲོ་གླེང་གནང་བའི་གཏམ་ལ་དཔྱད་ན་ཡང་། རྒྱལ་པོ་ལ་ཇོ་བོ་ངོ་སྤྲོད་མཛད་མཁན་ལོ་ཆེན་མིན་པ་གསལ་པོ་རེད།

འདི་ནས་དཔྱད་དགོས་པ་ཞིག་ལ། བོད་ཀྱི་མཁས་པ་ཕལ་མོ་ཆེས་ལོ་ཆེན་རིན་ཆེན་བཟང་པོ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཉི་ཤུ་ཡར་མར་ཅན་གྱི་བྱིས་པ་ཉེར་གཅིག་བདམས་ནས་རྒྱ་གར་དུ་ཆོས་སློབ་པར་བཏང་བའི་གྲས་ཀྱི་མི་གཅིག་ཡིན་པའི་བཤད་སྲོལ་དེ་རེད། ལོ་ཆེན་གྱི་རྣམ་ཐར་ནང་ལོ་ཆེན་ནི་མཁའ་འགྲོ་མས་ལུང་བསྟན་པ་ལྟར་རང་ཉིད་ཆེད་དུ་ཁ་ཆེ་དང་རྒྱ་གར་དུ་ཕེབས་པ་ལས། ལྷ་བླ་མས་བཏང་བའི་སྐོར་ཟུར་ཙམ་མི་འདུག་ལ། ཁོང་ལ་ཕེབས་རོགས་ཀྱང་ཁོང་གི་ཇོ་ཇོ་ཞིག་དང་དགེ་བསྙེན་ལམ་འགྲུལ་བ་ཞིག་ལས་མི་འདུག

ཁྱི་ཐང་པས་མཛད་པའི་ཇོ་བོ་རྗེའི་རྣམ་ཐར་ལས། དེ་ནས་བླ་མ་བྱང་ཆུབ་སེམས་དཔའི་ཞལ་ནས། བླ་མ་ལོ་ཙཱ་བ་ཆེན་པོ་ལགས། ཁ་ཆེ་ན་ཡོད་པའི་དཔེ་ཆ་རྣམས་ལེན་པ་དང་། ལྷ་བཟོ་བ་མཁས་པ་རྣམས་འདོན་པ་ལ་འབྱོན་ཚལ་ཞུས་པས། ཕེབས་པར་ཞལ་གྱིས་བཞེས་པ་ལ། བླ་བྱང་ཆུབ་སེམས་དཔའ་ཡིས་བླ་མ་ལ་རྫོང་བ་ལ་རྟ་དང་གླང་པོ་ཕུལ་རུང་རྒྱ་གར་ན་འཕྲང་དོག་པས་མི་ཐར། གསེར་དང་དངུལ་ཕུལ་ན་ས་ཐག་རིངས་པས་མི་ཐེག རིག་པ་ཅན་གྱི་ཁྱེའུ་ལྔའི་ཉེ་གནས་དང་། རུས་སྣ་བརྒྱད་བཅས་པས་རྫོངས་སུ་ཕུལ་ལོ།།

ལོ་ཆེན་སོགས་བྱིས་པ་ཉེར་གཅིག་བདམས་ནས་རྒྱ་གར་དུ་ཆོས་སློབ་པར་བཏང་ཚུལ་དེ་འདི་དང་ཁྱད་མ་ཕྱེ་ནས་བཤད་པ་མིན་ནམ་སྙམ། ལོ་རྒྱུས་རྙིང་པ་མང་པོ་ཞིག་ནང་། ལོ་ཆེན་སོགས་བྱིས་པ་ཉེར་གཅིག་རྒྱ་གར་དུ་སློབ་གཉེར་བཏང་བའི་ལོ་རྒྱུས་མི་འདུག

2022/7/13 ཉིན་བརྗེད་ཐོའི་ཚུལ་དུ་དྲང་འགྲོས།

Leave a Reply

Your email address will not be published. Required fields are marked *