༄༅། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བསྟོད་པ།
༼༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད།༽
འཕགས་པའི་དགོངས་པ་རྟེན་འབྱུང་མཐར་ཐུག་དོན། །
བཏགས་ཡོད་མིང་རྐྱང་ཙམ་གྱི་ཟབ་མོའི་གནད། །
གསལ་མཛད་གྲུབ་པ་མཆོག་གི་སར་གཤེགས་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
ཡོད་མེད་མཐའ་བྲལ་བཀྲལ་བར་གཞུང་གི་མཆོག །
དཔལ་ལྡན་རྩ་བ་ཤེས་རབ་ཅེས་བྱའི་དོན། །
འཕགས་པའི་དགོངས་པ་ཇི་བཞིན་འགྲེལ་མཛད་པ། །
གྲུབ་མཆོག་སངས་རྒྱས་བསྐྱངས་ལ་ཕྱག་འཚལ་ལོ། །
ངོ་བོས་གྲུབ་ན་ལྟོས་པས་ཅི་བྱ་ཞེས། །
ཐལ་འགྱུར་ཙམ་གྱིས་དངོས་འཛིན་བཟློག་མཛད་ནས། །
ཟབ་མོའི་གནས་ལ་བལྟ་བའི་མིག་སྦྱིན་པ། །
སངས་རྒྱས་བསྐྱངས་ཀྱི་ཞབས་ལ་གསོལ་བ་འདེབས། །
དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །
བཏགས་ཡོད་མིང་རྐྱང་རྟེན་འབྲེལ་ཟབ་མོའི་དོན། །
ཇི་བཞིན་རྟོགས་ནས་འགོག་པ་ཞི་བའི་དོན། །
གྱ་ནོམ་ངེས་འབྱུང་བདེ་བས་དབུགས་དབྱུང་ཤོག །
ཅེས་པ་འདི་ནི་གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་པཎ་གྲུབ་བཅུ་བདུན་ལས་གཞན་རྣམས་ཀྱི་བསྟོད་པ་མཆིས་མོད་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བསྟོད་པ་ཞིག་མི་འདུག་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཀྱི་གཙོ་བོ་དཔལ་ལྡན་རྩ་བ་ཤེས་རབ་ཀྱི་དགོངས་པ་འགྲེལ་བ་ལ་ཁོང་གི་འགྲེལ་པ་དེ་མེད་མི་རུང་བར་མཐོང་ཞིང༌། སློབ་དཔོན་ཆེན་མོ་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་འདི་ལྟ་བུའི་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་མི་ཉམས་རྒྱུན་གནས་སོགས་ཀྱི་དགོས་པ་དུ་མའང་མཐོང་ནས། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་ ༩ ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་སྦྱར་བའོ།། །།

ཡོང་ཁུངས། དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་བསྟོད་ཚོགས་ཕྱོགས་བསྒྲིགས། སྟོད་ཆ་ ༼ཀ༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༥ ནས་ ༣༦༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།