ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་དཔྱད་པ།
སྒོ་མང་བྱམས་པ་ཆོས་ལྡན།
བླ་མ་རྡོ་རྗེ་གདན་པས་གྲུབ་ཐོབ་བརྒྱད་ཅུ་བསྟོད་པ་ལས།
འཇམ་དཔལ་སྐུ་ཡི་སྤྲུལ་པར་འཁྲུངས། །ཀླུ་སྒྲུབ་དགོངས་པ་ཐུགས་སུ་ཆུད། །
ཟླ་བ་གྲགས་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པ་དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་དཔྱད་པ་ལ། དངོས་སློབ་མ་ཡིན་པར་འདོད་པའི་ལུགས་དང་། དངོས་སློབ་ཡིན་པར་འདོད་པའི་ལུགས་གཉིས་ལས།
དང་པོ་ནི། དིང་རབ་ཀྱི་ལོ་རྒྱུས་སྨྲ་བ་དང་བྱུང་རབ་སྨྲ་བ་ཕལ་ཆེ་བས་དངོས་སློབ་མ་ཡིན་པར་འདོད་དེ་ཀླུ་སྒྲུབ་ནི་དུས་རབ་དང་པོ་ནང་ལ་བྱོན་པ་དང་།ཟླ་གྲགས་ནི་དུས་རབ་བདུན་པ་ནང་ལ་བྱོན་པས་སོ་ཞེས་ཟེར། བསྟན་བཅོས་ཀྱི་དབང་དུ་བྱས་ན་ཡང་ཀུན་མཁྱེན་གོ་བོ་བསོད་ནམས་སེངྒེའི་དབུ་མ་ལྟ་བ་ངན་སེལ་ལས། དང་པོ་ནི། ཀླུ་སྒྲུབ་སོགས་ཏེ། འགྲེལ་པར། གལ་ཏེ་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ་ཞེས་གསུངས་སོ། །འདིས་ནི་ཇོ་བོ་རྗེས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན་ཅེས་གསུངས་པ་ལ་བརྟེན་ནས་ཀླུ་སྒྲུབ་མི་ཡུལ་དུ་ལོ་དྲུག་བརྒྱ་བཞུགས་པའི་དུས་ཀྱི་དངོས་སློབ་ཟླ་གྲགས་ཡིན་པ་བཀག་སྟེ། ཀླུ་སྒྲུབ་ལོ་ལྔ་བརྒྱ་སོང་ནས་འཕགས་པ་ཐོགས་མེད་བྱོན། དེ་ཉིད་ལོ་བརྒྱ་དང་ལྔ་བཅུར་བཞུགས་པའི་སྐུ་ཚེའི་མཇུག་གི་སློབ་མ་དབྱིག་གཉེན་ཡིན་ལ་དེའི་སློབ་མ་ཡང་ཕྱོགས་ཀྱི་གླང་པོ་ཡིན་ཅིང་། དེ་དག་ཀྱང་སློབ་དཔོན་འདིའི་དུས་སུ་བསྟན་བཅོས་མཛད་ནས་གཞན་དུ་བྱོན་ཟིན་པར་གསུངས་པའི་ཕྱིར་རོ། །ཅེས་དང་། དབུ་མ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་ལས། མགོན་པོ་ཀླུ་མྱ་ངན་ལས་འདས་ནས་ནྭ་ལན་ཌ་པ་རྣམས་ཀྱིས་འཇིག་རྟེན་དུ་ཉི་མ་ནུབ་བོ་ཞེས་ངུས་པས་མཁའ་འགྲོ་མང་པོས་ནམ་མཁའ་ལ་མགྲིན་གཅིག་ཏུ། ད་ནི་འདི་ནས་ལོ་ནི་ལྔ་བརྒྱ་ན། །ས་ནི་ཞེས་པའི་གྲོང་ཆེར་ཆེན་པོ་རུ། །ཉི་མ་ནུབ་ཀྱང་ཟླ་བས་མུན་སེལ་བ། །རྣམ་དག་རིགས་ལས་འཁྲུངས་པའི་པཎྜི་ཏ། །ཟླ་བ་གྲགས་པ་ཞེས་བྱའི་མཁས་པ་འབྱུང་། ཞེས་ལུང་བསྟན་པའི་སློབ་དཔོན་དེ་ནི་སློབ་དཔོན་འཕགས་པ་ལྷའི་སློབ་མའོ་ཞེས་འཆད་ལ། ཅེས་དང་། ཆོས་རྗེ་ས་པཎ་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལས་ཀྱང་མ་ཡིན་པར་བཤད་དོ། །གོང་དུ་བཤད་པའི་མཁས་པ་དེ་དག་གིས་དྲངས་ཟིན་པའི་འཇུག་པ་རང་འགྲེལ་དང་དབུ་མ་ཚིག་གསལ་ལ་ཁུངས་གཏུག་ནས་ཟླ་གྲགས་དངོས་སློབ་མ་ཡིན་པར་བཞེད། དབུ་མ་ཚིག་གསལ་གྱི་ལུང་དེ་གང་ཡིན་ཞེ་ན། ཚིག་གསལ་གྲངས་༼༥༠༣༽ ལས། བདེ་བ་ཅན་དུ་རྒྱལ་བའི་སྲས་པོ་ཀླུ་སྒྲུབ་གཤེགས་པར་གྱུར་པ་དེས་མཛད་པའི། །གཞུང་རྣམས་དང་ནི་སློབ་མའི་ཚོགས་དེ་དག་ཀྱང་དུས་མང་ཞིག་ན་ཉམས་པར་གྱུར། །ཞེས་དབུ་མ་ཚིག་གསལ་བརྩམས་པའི་སྐབས་སུ་མགོན་པོ་ཀླུ་སྒྲུབ་གཤེགས་ཟིན་པ་ལུང་དེས་བསྟན་པ་དང་། འཇུག་པ་རང་འགྲེལ་གྲངས་༼༣༧༩༽ ལས། གལ་ཏེ་གནས་བརྟན་ཞེས་པ་ནས་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། ཞེས་སོགས་ཀྱི་ལུང་དེའི་སྐབས་སུ་འཇུག་པ་རང་འགྲེལ་བརྩམས་པའི་དུས་ན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་དང་། ཆོས་སྐྱོང་བཅས་བྱོན་ཟིན་པ་དེ་ལས་ཀྱང་ཟླ་བ་ཀླུའི་དངོས་སློབ་མ་ཡིན་པར་ཤེས་སོ་ཞེས་ཟེར་རོ།།
གཉིས་པ་ནི། མཉམ་མེད་ཇོ་བོ་ཆེན་པོའི་དབུ་མ་བདེན་གཉིས་ལས། སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཞིང་། ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་དང་། ལམ་སྒྲོན་རང་འགྲེལ་དུ་གྲགས་པ་ལས། ཡང་ན་སོགས་ཞེས་པ་ནི་སློབ་དཔོན་འཕགས་པའི་དངོས་ཀྱི་སློབ་མ་རྗེ་བཙུན་ཨརྱ་དེ་ཝཱ་དང་། སློབ་དཔོན་ཟླ་གྲགས་དང་། སློབ་དཔོན་བྷ་བྱ་སྣང་བྲལ་དང་། སློབ་དཔོན་ཞི་བ་ལྷ་ལ་སོགས་པའི་བསྟན་བཅོས་ཏེ། ཅེས་དང་། ཡང་དེ་ཉིད་ལས། འཕགས་པ་ཀླུ་སྒྲུབ་ཞལ་གྱི་བདུད་རྩི་དེས། །ཨརྱ་དེ་ཝཱ་ཟླ་གྲགས་བྷ་བྱས་དང་། ཞི་བ་ལྷ་དང་བྱང་ཆུབ་བཟང་པོའི་བར། །ཚིམས་པར་གྱུར་པ་བདག་ལའང་ཅུང་ཞིག་འཐོར། །ཞེས་དང་། ཡང་དེ་ཉིད་ལས། སློབ་དཔོན་ཟླ་གྲགས་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་གིས་བདེན་པའི་བྱིན་གྱི་རླབས་མངའ་བས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཐུགས་སུ་ཆུད་པ་འཛམ་བུའི་གླིང་དུ་ལོ་བཞི་བརྒྱར་བཞུགས་ནས་གཞན་དོན་འབའ་ཞིག་མཛད་པ་ཡིན་ནོ། །ཞེས་དང་། རྒྱ་གར་གྱི་སློབ་དཔོན་སྙན་གྲགས་བཟང་པོས། གསང་འདུས་རྒྱ་ཆེར་འགྲེལ་ལས། སྒྲོན་མ་གསལ་བའི་རྗེས་འབྲང་ནས། །ཀླུ་སྒྲུབ་མན་ངག་བཤད་པ་འདི། །གསང་བ་ཐམས་ཅད་པ་ཡི་འགྲེལ། །སློབ་དཔོན་ཀླུ་སྒྲུབ་འཕགས་པ་ལྷ། །ཀླུའི་བྱང་ཆུབ་ཤཱཀྱ་བཤེས། །ཟླ་བ་གྲགས་པ་ལ་སོགས་པའི། །མན་ངག་རིམ་པ་ལ་བརྟེན་ནས། །བདག་གིས་བྲིས་པའི་དགེ་བ་ཡིས། །འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་དང་། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གྲངས་༼༡༢༨༽ ལས། སྐུ་ཚེའི་སྨད་ཀྱི་སློབ་མའི་གཙོ་བོ་བསྟན་འཛིན་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ནི་སློབ་དཔོན་ཟླ་བ་གྲགས་པ་སྟེ། སློབ་མའི་ཐ་མ་ཟླ་གྲགས་ལ། །ཆོས་ཀྱི་ཐ་མ་སྐྱེ་མེད་བསྟན། །ཅེས་འཕགས་པ་ཀླུ་སྒྲུབ་བདེ་བ་ཅན་དུ་གཤེགས་ཁར་གསུངས་ཞེས་སྔོན་གྱི་ཆོས་འབྱུང་དག་ལས་འབྱུང་བ་ལྟར་རོ། །ཞེས་དང་། ཡང་དེ་ཉིད་གྲངས་༼༡༢༩༽ ལས། འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པར་གསན། ཅེས་དང་། རིམ་ལྔ་གསལ་སྒྲོན་གྲངས་༼༤༧༽ ལས། ཟླ་བ་གྲགས་པ་ནི་རྗེ་འགོས་ལ་སོགས་པ་བླ་མ་སྔ་མ་རྣམས་ནི་འཕགས་པའི་སློབ་མར་མཛད་དོ། །བོད་ཀྱི་དབུ་མ་པ་ཁ་ཅིག་ཚིག་གསལ་གྱི་མཇུག་ཏུ་འཕགས་པས་མཛད་པའི་གཞུང་དང་སློབ་མ་རྣམས་དུས་མང་ཞིག་ན་ཉམས་པས། དིང་སང་གཞུང་ལུགས་གསལ་པོ་མེད་ཅེས་གསུངས་པས་ཟླ་བ་གྲགས་པས་འཕགས་པ་མ་ཟིན་ནོ་ཞེས་སྨྲའོ། །
རྒྱུ་མཚན་དེ་ནི་མ་ངེས་ཏེ། ཟླ་བ་གྲགས་པས་རིག་འཛིན་བརྙེས་ནས་ཡུན་རིང་དུ་བཞུགས་པར་རྡོ་རྗེ་གདན་པའི་གསུང་ལས་བྱུང་བ་པ་ཚབ་ལོ་ཙྪ་བའི་གཏམ་རྒྱུད་ལས་འབྱུང་བ་ལྟར་ཡིན་པས། དེའི་སྐུ་ཚེའི་སྨད་ལ་ཀླུ་སྒྲུབ་ཀྱི་གཞུང་བཟང་པོ་རྣམས་ཉམས་པ་དང་། དེས་ཀླུ་སྒྲུབ་ལ་ཟིན་པ་གཉིས་མི་འགལ་བའི་ཕྱིར་རོ། །དེས་ན་བོད་ཀྱི་མཁས་པ་དག་དཔལ་ལྡན་ཨ་ཏི་ཤས་ཀླུ་སྒྲུབ་སློབ་མ་ཟླ་གྲགས་སུ་བཤད་པ་ལྟར་འཕགས་པའི་སློབ་མ་ཡིན་ནོ་གསུང་བ་ལྟར་ཁས་བླང་ངོ་། །སྒྲོན་གསལ་ལས་ཀྱང་། སངས་རྒྱས་ཀུན་གྱིས་རིམ་གཉིས་གནད་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། །ཅེས་འདུས་པའི་དོན་རྣམས་ཀླུ་སྒྲུབ་ལས་རྙེད་པར་གསུངས་ཤིང་། སྐལ་ལྡན་གྲགས་པས་ཀྱང་། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ལས་རྙེད་པ་ཞེས་བྱ་བ་སྨོས་ཏེ། དེས་ནི་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་དངོས་སུ་སློབ་མ་ཉིད་དུ་སོ་སོར་བསྟན་གྱི་བརྒྱུད་པས་ནི་མ་ཡིན་ནོ། །ཅེས་དང་། རྒྱུད་སྡེ་སྤྱི་རྣམ་གྲངས་༼༤༩༩༽ ལས། ཟླ་བ་གྲགས་པ་ནི་བོད་ཀྱི་དབུ་མ་པ་ཁ་ཅིག་གིས་འཕགས་པའི་དངོས་སློབ་མ་ཡིན་པར་འདོད་ཀྱང་། འདུས་པའི་བླ་མ་དག་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་བཞེད་ཅིང་། ལུང་རིགས་ཀྱི་སྒྲུབ་བྱེད་ཀྱང་མང་ལ། མར་ལུགས་པ་དག་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་བརྙེས་པར་བཞེད་ཅིང་། དགུང་ལོ་བཞི་བརྒྱ་བཞུགས་པ་སོགས་ཀྱིས་རྣམ་ཐར་མང་པོ་བླ་མ་རྡོ་རྗེ་གདན་པའི་གསུང་ལས་བྱུང་བ་པ་ཚབ་ལོ་ཙྪ་བས་བསྒྱུར་བ་ན་ཡོད་དོ། །ཅེས་དང་། སྟོང་ཐུན་བསྐལ་བཟང་མིག་འབྱེད་གྲངས་༼༦༧༽ ལས། འོ་ན་ཟླ་བ་གྲགས་པ་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ནམ་མ་ཡིན་ཇི་ལྟ་བུ་ཞེས་ཟེར་ན། བོད་ཀྱི་དབུ་མ་པ་སྔ་མ་ཁ་ཅིག་ལ་གྲགས་པའི་གཏམ་རྒྱུད་ལས་དངོས་སློབ་མ་ཡིན་པའི་ལུགས་སུ་བརྗོད་པ་ཡོད་ལ། དེའི་རྗེས་སུ་འབྲང་བ་དག་དེ་ལྟར་འདོད་མོད་ཀྱི། རྗེ་རིན་པོ་ཆེ་སྲས་ལ་སོགས་པ་འདུས་པའི་བླ་མ་དག་འཕགས་པའི་དངོས་ཀྱི་སློབ་མར་བཞེད་པ་ཤིན་ཏུ་ལེགས་ཏེ། ཅེས་དང་། དབུ་མ་ཆེན་མོ་གྲངས་༼༢༤༣༽ ལས། དེས་ན་ཟླ་གྲགས་ཀྱང་སྐུ་ཚེ་སྨད་ཀྱི་སློབ་མ་ཡིན་ཏེ། ཇོ་བོ་ཆེན་པོས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག། ཀླུ་སྒྲུབ་རྗེས་སུ་ཨརྱ་དེ་བ་མི་རབས་གཅིག་ལ་བཞུགས་པར་བཤད་པ་མི་འཐད་པར་ཐལ། སློབ་དཔོན་དང་དེ་གཉིས་མཉམ་དུ་གཤེགས་པར་སློབ་དཔོན་བྱང་ཆུབ་བཟང་པོས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། ཟླ་གྲགས་སློབ་དཔོན་གྱི་དངོས་སློབ་མ་ཡིན་པར་ཐལ། འཇུག་པ་རང་འགྲེལ་བརྩམས་དུས་སློབ་དཔོན་དབྱིག་གཉེན་དང་ཆོས་སྐྱོང་དང་ཕྱོགས་གླང་སོགས་སྔར་ནས་མྱ་ངན་ལས་འདས་པར་བཤད་པའི་ཕྱིར་ན་མ་ཁྱབ་སྟེ། སློབ་དཔོན་གྱི་ཆོས་སྒྲ་གསུམ་པ་དང་། ཐོགས་མེད་སྐུ་མཆེད་དང་ཕྱོགས་གླང་སོགས་དུས་རགས་པ་མཉམ་ལ་ཕྱོགས་གླང་གི་སྤེལ་བསྟོད་ལན་དཔའ་བོས་བརྩམས་པ་དང་ཟླ་བའི་ཞབས་ལོ་སུམ་བརྒྱ་བཞུགས་པར་རྡོ་རྗེ་གདན་པའི་གསུང་སྒྲོས་ལས་བྱུང་བའི་ཕྱིར་རོ། །ཞེས་སོགས་གཞུང་ཆེན་མོ་དེ་དག་གིས་ལུང་རིགས་དུ་མའི་སྒོ་ནས་སྒྲུབ་པར་མཛད་དོ། །
སྔ་རབས་པའི་མཁས་པ་ཁ་ཅིག་གིས་དབུ་མ་ཚིག་གསལ་དང་འཇུག་པ་རང་འགྲེལ་གྱི་ལུང་དེ་ལ་གཞི་གཅོལ་ནས་ཟླ་བ་སློབ་དཔོན་གྱི་དངོས་སློབ་མ་ཡིན་པར་འདོད་ཀྱང་ལུང་དེ་གཉིས་ཀྱི་དོན་རིམ་བཞིན་རྗེ་བླ་མའི་རིམ་ལྔ་གསལ་སྒྲོན་དང་། ཀུན་མཁྱེན་བླ་མའི་དབུ་མ་ཆེན་མོ་གཉིས་ཀྱི་སྐབས་སུ་ལེགས་པར་བཀྲལ་ཡོད་པས་ན་རང་ཅག་རྗེས་འཇུག་པ་རྣམས་ཡིད་དགའ་བར་བྱོས་ཤིག། ཞར་ལ་ལམ་སྒྲོན་དཀའ་འགྲེལ་དེ་ཉིད་རང་འགྲེལ་ཡིན་མིན་ཐད་ཅུང་ཟད་དཔྱད་ན། ལམ་སྒྲོན་ལྟ་བ་ལ་མེད་དུ་མི་རུང་བའི་རྒྱ་གཞུང་ལུང་རིགས་ཀྱི་སྒྲུབ་བྱེད་དང་ལྡན་པ་ཞིག་ཡིན་པ་ནི་སྨོས་ཅི་དགོས། འོན་ཀྱང་དོགས་གནས་འགའ་ཞིག་ཡོད་པ་ནི་ག་ལས་འཇིགས་མེད་དེ་ཉིད་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས་སྟེ། དེ་ཉིད་ལས། དེ་ལ་དབུ་མའི་རྩ་བ་ཤེས་རབ་ལ་འགྲེལ་བ་བརྒྱད་ཡོད་དེ་སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང་། ཅེས་དང་། ཡང་དབུ་མ་དཀར་པོ་རྣམ་པར་འཆར་བ་དེ་ཤེས་རབ་སྒྲོན་མེའི་འགྲེལ་བ་ཡིན་པར་གསུངས་སྟེ། དེ་ཉིད་ལས། དེ་ལ་ཤེས་རབ་སྒྲོན་མ་ལ་ཊྭི་ཀ་ཆེན་པོ་གཉིས་ཡོད་དེ། ཨ་ཙརྱ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང་། ཨ་ཙརྱ་དེ་བ་ཤརྨས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། །ཅེས་དང་། ཡང་དབུ་མ་ཕུང་པོ་ལྔ་པ་དེ་ཉིད་ཟླ་གྲགས་ཀྱིས་མཛད་པར་གསུངས་ཏེ། དེ་ཉིད་ལས། སློབ་དཔོན་ཟླ་གྲགས་ཀྱིས་དབུ་མ་ལ་འཇུག་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་། དབུ་མ་ཕུང་པོ་ལྔ་པ་དང་། ཚིག་དོན་གསལ་བ་ལ་སོགས་པ་མཛད་དོ། །ཞེས་གསུངས་ན་དེ་དག་རིམ་བཞིན་མི་འཐད་པའི་ཕྱིར། དང་པོ་གྲུབ་སྟེ། ལེགས་བཤད་སྙིང་པོ་གྲངས་༼༡༠༤༽ ལས། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་དང་། སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་དང་ཟླ་བ་གྲགས་པའི་འགྲེལ་པར་འགྲེལ་བ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་གསུངས་པའི་ཕྱིར། མདོར་ན་ལུང་དང་རིགས་པ་གཉིས་ཀྱི་སྒོ་ནས་རང་འགྲེལ་མ་ཡིན་པར་སྒྲུབ་ཤིང་ཕྱི་མ་རིགས་པ་དེ་ནི་ཤིན་ཏུ་དབང་བཙན་པ་ཡིན་ནོ། །
གཉིས་པ་གྲུབ་སྟེ། ལེགས་བཤད་སྙིང་པོ་གྲངས་༼༡༠༤༽ ལས། ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་འགྲེལ་བ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །ཞེས་གསུངས་པའི་ཕྱིར། ལེགས་ལྡན་རང་ཉིད་དཀར་པོ་རྣམ་འཆར་གྱི་རྗེས་སུ་འབྲང་ནས་བཤད་ཡོད་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་གསུངས་པ་ལས་དཀར་པོ་རྣམ་འཆར་དེ་ཉིད་ཤེས་རབ་སྒྲོན་མེའི་འགྲེལ་བ་ཡིན་པ་མ་གསུངས་པ་དེས་ན་མི་འཐད་པས་སོ། །
གསུམ་པ་གྲུབ་སྟེ། ལེགས་བཤད་གསེར་གྱི་ཕྲེང་བ་གྲངས་༼༥༧༡༽ ལས། ཕུང་པོ་ལྔའི་རབ་བྱེད་ཅེས་པ་དེར་ནི་ཆོས་གསུམ་ལ་ཕལ་ཆེར་བྱེ་སྨྲའི་འདོད་པ་བཀོད་པའི་བཤད་པ་བྱས་ཤིང་། དཔལ་ལྡན་ཟླ་གྲགས་ནི་དོན་སྨྲ་གཉིས་ཀྱི་རྣམ་བཞག་རྣམས་ཀུན་རྫོབ་ཀྱི་རྣམ་བཞག་ཙམ་དུ་གྲུབ་པར་འདོད་པ་ལ་ཡང་དགག་པ་མཛད་པས་འདི་དེས་མཛད་པ་མིན་པ་ལ་མངོན་པ་འོག་མའི་རྒྱུས་ཡོད་གཅིག་གིས་ཁ་གཡར་དུ་སྣང་ངོ་། །ཞེས་གསུངས་པའི་ཕྱིར། དེ་ཧ་ཅང་གསལ་བས་སླར་ཡང་བསྐྱར་ཟློས་བྱས་པ་ལ་དོན་མེད་དོ། །
སླར་སྨྲས་པ།
གྲུབ་མཐའ་ཀུན་གྱི་ཡང་རྩེ་ཐལ་འགྱུར་བའི། །སློབ་དཔོན་ཆེན་པོ་དཔལ་ལྡན་མཐིང་མིག་གྱིས། །
རྣམ་ཐར་བྱུང་རབས་ཅུང་ཟད་དཔྱད་པའི་མཐུས། །སྐྱེ་བ་ཀུན་ཏུ་ཟླ་བའི་རྗེས་བཟུང་ཤོག།
སརྦ་མངྒ་ལཾ། །
གུང་རུ་ལྷ་རམས་པ་བྱམས་པ་ཆོས་ལྡན་པས་རང་ཤག་ཏུ་བྲིས་པའོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།