ཞ༽ ཇོ་འབྲོམ་མཇལ་ཏེ་སྐྱིད་གྲོང་དུ་འགྲོ་དོན་མཛད་ཚུལ།
དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཟབ་མོ་ལྟ་བའི་བརྒྱུད་པ་ལ་གསོལ་བ་གདབ་པ་ལས[1]།
རྟེན་འབྲེལ་ཟབ་མོ་ཇི་བཞིན་གཟིགས་པ་ཡིས། །
ཤིང་རྟ་ཆེན་པོའི་སྲོལ་འཛིན་མར་མེ་མཛད། །
ལམ་བཟང་གསལ་མཛད་སྟོན་པ་རིན་པོ་ཆེ། །
འཛམ་གླིང་རྒྱན་གྱུར་གཉིས་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར་འཛམ་གླིང་རྒྱན་གྱུར་རྣམ་གཉིས་མཇལ་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་ཚུལ་ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས[2]། ཨུ་པ་སི་ཀ་ཞིག་ལ་བརྟེན་ནས་ནི། །བསྟན་ལ་ཕན་པར་སྒྲོལ་མས་ལུང་བསྟན་གང་། །འབྲོམ་སྟོན་རྒྱལ་བའི་འབྱུང་གནས་དབུར་བཞུགས་པའི། །འཁོར་སློབ་རྒྱ་མཚོའི་རྡུལ་སྙེད་གསུང་གིས་བསྐྱངས། །རྒྱལ་བ་འབྲོམ་གྱིས་དབུ་སྔས་ཚུན་སྦྲེལ་ནས། །ལོ་ངོ་བཅོ་ལྔའི་བར་དུ་ཞབས་བསྟེན་ཏེ། །གདམས་ངག་མཐའ་དག་བུམ་པ་གང་བྱོའི་དཔེས། །ཤཱཀྱའི་བསྟན་ལ་སྔོན་མེད་ཕྱག་རྗེས་བསྐྲུན། །ཞེས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[3]། དེ་ནས་ཇོ་བོ་རྗེ་ཉིད་བོད་དབུས་གཙང་གི་མཐིལ་དུ་ཕེབས་ནས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བར་བཞེད་ཅིང་དོན་དེ་ལྟར་དུ་ངེས་མོད་ཀྱང་། ཇོ་བོ་རྒྱ་གར་ནས་འབྱོན་དུས་བི་ཀ་མ་ལ་ཤཱི་ལའི་གནས་བརྟན་གྱིས་ནག་ཚོ་ལོ་ཙཱ་བ་ལ་འཕགས་ཡུལ་གྱི་བསྟན་པའི་བདག་པོ་ཇོ་བོ་རྗེ་འདི་བོད་དུ་རྒྱུན་རིང་བཞུགས་མི་ཆོག་པས། ལོ་གསུམ་གྱི་ཁོངས་སུ་ཚུར་བསྐྱལ་ཐུབ་པ་བགྱི་དགོས། དེ་ལྟར་མ་བྱས་ན་ལོ་ཙཱ་བ་ཁྱོད་ཀྱི་ཆོས་དམ་ཚིག་གི་འབྲེལ་པ་ཉམས་སོ་ཞེས་དམ་ཚིག་ལ་བཀར་ཏེ་ལོ་ཙཱ་བས་ཁས་ལེན་བྱེད་དགོས་བྱུང་བས། ལོ་ཙཱ་བས་རྒྱ་གར་དུ་ད་འབྱོན་དགོས་ཞེས་བསྐུལ། ཇོ་བོས་ཀྱང་འབྱོན་པ་ལྟར་བྱས་ཏེ་པུ་ཧྲེང་དུ་ཕེབས། ཇོ་བོ་ལ་སྔར་ནས་རྗེ་བཙུན་སྒྲོལ་མས་བོད་དུ་དགེ་བསྙེན་ཆེན་པོ་ཞིག་ལ་བརྟེན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འོང་ཞེས་ཡང་དང་ཡང་དུ་གསུངས་ཤིང་། དེ་སྐབས་ཀྱང་དགེ་བསྙེན་མྱུར་དུ་འོང་ཞེས་ཡང་ཡང་གསུང་བས་ཇོ་བོ་རྗེས་ཉིན་ལྟར་བྱ་ར་མཛད་ཅིང་། ངའི་ཨུ་པ་སི་ཀ་མ་བྱུང་ཏཱ་རེ་བརྫུན་ནི་ཅང་གསུང་ངམ་ཞེས་གསུང་བར་མཛད། ཅེས་གསུངས་པ་ལྟར། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[4]།
སྔོན་ཚེ་སྨོན་ལམ་བཏབ་པའི་སློབ་མ་མཆོག །
རྒྱལ་བའི་འབྱུང་གནས་རིང་ནས་འོངས་པའི་ཚེ། །
ཨུ་པ་སི་ཀ་དེ་རིང་སླེབ་བོ་ཞེས། །
ལྷ་མིག་མངོན་ཤེས་མངའ་ལ་གསོལ་བ་འདེབས། །
མ་ག་དྷ་ནས་སློབ་མ་གུས་པ་ཡི། །
སིལ་སྙན་དཀྲོལ་ཞིང་གསོལ་བ་བཏབ་པའི་སྐད། །
བོད་དུ་གསན་ནས་འབྲོམ་ལ་སྦྲན་པ་ཡི། །
རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་དམ་པ་སངས་རྒྱས་ཀྱི་སྒྲུབ་གནས་དབེན་གནས་དཀར་ལ་བསྟོད་ལ་གྲུབ་པའི་གླུ་དབྱངས་ལས[5]། རྒྱ་བོད་མཚམས་ཀྱི་ཡུལ་ལྗོངས་ཉམས་དགའ་བ། །རང་བྱུང་ཝ་ཏི་བཟང་པོ་བཞུགས་པའི་གནས། །སྐྱིད་གྲོང་ཡུལ་གྱི་ཤར་ཕྱོགས་ས་འཛིན་ཁྲོད། །ས་ཡི་ཐིག་ལེ་གཡང་ཆགས་ལ་ལྡེབས་ཡུལ། །སྔོན་དུས་གྲུབ་དབང་པདྨ་ཀ་ར་ཡིས། །མི་མིན་གདུག་པ་ཅན་རྣམས་དམ་ལ་བཏགས། །དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཉེར་དུ་གཏད། །དེ་ནས་གྲུབ་ཐོབ་དམ་པ་སངས་རྒྱས་སོགས། །མཁས་གྲུབ་དམ་པ་མང་པོས་སྒྲུབ་གནས་མཛད། །ཁྱད་པར་སྣང་བ་མཐའ་ཡས་མི་ཡི་གཟུགས། །ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤས། །ཕྱོགས་འདིར་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་གསུངས་སོ།།
ལྷག་པར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[6]། ཉིན་གཅིག་སྦྱིན་བདག་ཅིག་གིས་ཇོ་བོ་གདན་དྲངས་པའི་ཤུལ་དུ་འབྲོམ་རིན་པོ་ཆེ་ཕེབས་ཇོ་བོའི་གཟིམ་ཁང་དུ་ཕེབས་པ་ན། ཇོ་བོ་ད་ལྟ་སྦྱིན་བདག་ཞིག་གིས་གདན་དྲངས་སོང་བས་ད་ལྟ་ཕེབས་ཡོང་ཞེས་བརྗོད་པ་ན། འབྲོམ་རིན་པོ་ཆེས་ང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་བ་སྐད་ཅིག་མ་སྔ་ཕྱི་ལའང་སྔ་མ་བདམས་པས་སྒུག་མི་ཐུབ་གར་བཞུགས་ཀྱི་སར་འགྲོ་ཞེས་ཕེབས་པས་སྲང་བར་ཞིག་ཏུ་མཇལ། འབྲོམ་རིན་པོ་ཆེས་བརྐྱངས་ཕྱག་མཛད་དེ་ཇོ་བོའི་སྐུ་མདུན་དུ་ཕེབས་པ་ན་ཇོ་བོ་རྗེས་འབྲོམ་གྱི་དབུ་ཐོག་ཏུ་ཕྱག་བཞག་ནས་སཾ་སྐྲི་ཏའི་སྐད་དུ་ཤིས་བརྗོད་མང་དུ་མཛད། དེ་ཉིན་སྦྱིན་བདག་དེ་ལ་ངའི་ཨུ་པ་སི་ཀའི་སྐལ་བ་དགོས་ཞེས་བསྣམས་ནས་ཡོད་པ་དེ་གནང་། ཇོ་བོ་རྗེ་ནི་སྐུ་ཚེ་ཧྲིལ་པོ་ཤ་མི་བཞེས་པར་དཀར་སྔོར་མཛད་པ་ཡིན་པས་དེ་ཉིན་གྱི་སྟོན་སྐལ་དེ་ལ་ཟན་དང་མར་སྦྲགས་ནས་ཡོད་པ་འབྲོམ་གྱིས་ཟན་དེ་བཞེས་མར་དེ་མ་བཞེས་པར་མར་མེ་ཀོང་བུ་མཚན་ཐུབ་ཅིག་བཟོས་ནས་ཇོ་བོའི་དབུ་སྔས་སུ་ཕུལ། དེ་ནས་བཟུང་སྟེ་སྐུ་ཚེ་ཧྲིལ་པོ་ཇོ་བོའི་དབུས་སྔས་སུ་མར་མེ་མཚན་ཐུབ་རྒྱུན་མ་ཆད་པ་ཕུལ་བ་ཡིན་གསུང་། ཇོ་བོས་འབྲོམ་ཕེབས་པ་མཁྱེན་ནས་བུམ་པ་བསྒྲུབས་ཟིན་པས་མཇལ་བའི་ནུབ་མོ་དེ་རང་འབྲོམ་རིན་པོ་ཆེ་ལ་དབང་བསྐུར་སྲས་ཀྱི་ཐུ་བོར་བཟུང་ངོ་།།
དེ་ནས་པུ་ཧྲེང་ནས་རིམ་གྱིས་ཕེབས་ཏེ་མང་ཡུལ་སྐྱིད་གྲོང་དུ་ཕེབས། དེའི་ཚེ་ཇོ་བོ་རྗེ་ཉིད་ཀྱི་ཐུགས་བསྐྱེད་དང་བོད་ཀྱི་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱིས་ཇོ་བོ་རྗེ་སྐྱིད་གྲོང་ནས་བལ་པོ་རྫོང་བརྒྱུད་དེ་རྒྱ་གར་ལ་གདན་འདྲེན་རྩིས་བྱས་ཀྱང་བལ་པོ་རྫོང་དུ་དུས་འཁྲུག་ལངས་པས་དམག་ཟིང་ཆེན་པོས་ལམ་འགགས་ནས་སྐྱིད་གྲོང་དུ་ལོ་གཅིག་བཞུགས། འབྲོམ་རིན་པོ་ཆེས་ཐབས་མཁས་ཀྱིས་ཇོ་བོའི་སྙན་དུ་བོད་ན་སྐུ་གསུང་ཐུགས་རྟེན་མཐའ་ཡས་པ་ཡོད་ཚུལ་དང་། དགེ་འདུན་གྱི་སྡེ་མང་པོ་ཆགས་ཏེ་དགེ་འདུན་སྟོང་ཕྲག་མང་པོ་ཡོད་ཚུལ་སོགས་ཞུས་པ་ན་ཇོ་བོ་དགྱེས་ནས་བོད་ལ་ཞལ་གཟིགས་ཏེ་ཕྱག་ཐལ་མོ་སྦྱར་དགེ་འདུན་དེ་སྙེད་བཞུགས་ན་དགྲ་བཅོམ་པ་ཡང་ཡོད་ངེས། བྱང་ཆུབ་སེམས་དཔའ་ཡང་མང་པོ་ཡོད་དུ་ངེས་གསུངས་ནས་མཉེས་མཉེས་མཛད།
བོད་དུ་འབྱོན་པར་བཞེད་པ་ན་འབྲོམ་རིན་པོ་ཆེས་དབུས་ཕྱོགས་ཀྱི་དགེ་འདུན་གྱི་སྡེ་རྣམས་སུ་འཕྲིན་ཡིག་བརྫངས་ཏེ། དེའི་ཚེ་དབུས་ན་བསྟན་པའི་ཁུར་བཞེས་པའི་བཤེས་གཉེན་ཆེ་བ་རྔོག་ལེགས་པའི་ཤེས་རབ་དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་སོགས་མང་དུ་བཞུགས་ཡོད་ཀྱང་ཞུ་ཡིག་གི་གཉེར་ཁ་ཀ་བ་ཤཱཀྱ་དབང་ཕྱུག་ལ་གཏད་དེ་བོད་ཀྱི་བླ་ཆེན་མི་ཆེན་རྣམས་ཀྱིས་ཇོ་བོ་ཨ་ཏི་ཤ་གདན་འདྲེན་པར་སྟོན་དུས་ཚུན་ལ་འབྱོར་བ་ཅིས་ཀྱང་མཛོད་ཅེས་ཞུ་འཕྲིན་ཕུལ་བ་དགེ་བཤེས་ཀ་བས་བོད་ཀྱི་བླ་ཆེན་རྣམས་ལ་བརྡ་བྱས་ཏེ་ཐམས་ཅད་བློ་མཐུན་པར་མང་ཡུལ་སྐྱིད་གྲོང་ཕྱོགས་སུ་ཇོ་བོ་གདན་འདྲེན་དུ་འབྱོན་པའི་གྲབས་བྱས་པ་ན། ཁུ་སྟོན་གྱིས་སོགས་ཁོངས་སུ་འཇོག་པའི་མི་དེ་ང་མིན་ངས་སྔོན་ལ་ཕྱིན་ནས་ཇོ་བོ་གདན་འདྲེན་ཐུབ་པ་ཞིག་བྱེད་གསུངས་ནས་སྔོན་ལ་ཕེབས་པ་ན་གཞན་ཐམས་ཅད་ལ་ལྕག་བཏབ་པ་ལྟར་ཐམས་ཅད་འུར་ལངས་ཀྱིས་འཕྲལ་དུ་ཐོན་ཏེ་ཕེབས་བསུ་ལ་འཛོམས། ཇོ་བོ་རྗེས་སྐྱིད་གྲོང་དུ་ལོ་གཅིག་བཞུགས་རིང་དེ་ལ་གཙོ་བོར་རང་བྱུང་འཕགས་པའི་ལྷ་ཁང་དུ་སྐལ་བ་དང་ལྡན་པ་མང་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར།

༼མང་ཡུལ་སྐྱིད་གྲོང་འཕགས་པ་ལྷ་ཁང་།༽
རང་བྱུང་འཕགས་པའི་བྱང་རི་ནགས་ཁྲོད་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་ངོས་ལ་ཕེབས་ཏེ་གནས་དེར་སངས་རྒྱས་ཀྱི་བསྟན་པ་དར་བའི་རྟེན་འབྲེལ་བསྒྲིགས། ཇོ་བོས་གནས་དེར་བྱོན་ནས་བྱིན་གྱིས་བརླབས་སོ་ཞེས་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བར་བྱ་བའི་ཕྱིར་རྡོ་ལ་ཕྱག་མཛུབ་ཀྱིས་མ་ཎི་བྲིས་ཏེ་བཞག་པས་གནས་དེ་ལ་མ་ཎི་ལ་ཁ་ཞེས་མིང་ཆགས། གནས་དེ་ནི་དེང་སང་བཀྲ་ཤིས་བསམ་གཏན་གླིང་གི་སྒྲུབ་སྡེ་ཆགས་པའི་གནས་འདི་ཡིན་ཏེ། མ་ཎི་ཇོ་བོའི་ཕྱག་བྲིས་མ་དེ་ནི་དེང་སང་ཡང་བལྟར་ཡོད་དོ། །དེ་ལོ་ཇོ་བོས་དབྱར་གནས་མཛད་པའི་ས་དེ་ལ་གནས་ཞེས་མིང་དུ་ཆགས། དེར་ཇོ་བོས་སྐལ་བ་དང་ལྡན་པ་མང་པོ་ལ་ཆོས་སྟོན་པར་མཛད།

(བལ་བོད་ས་མཚམས་མཐོང་སྨོན་རྒྱ་གར་གླིང་ཞེས་པར་གནས་པའི་ཇོ་བོས་ཕྱག་མཛུབ་ཀྱིས་བྲིས་གནང་བའི་མཎི།)
ཡང་ཇོ་བོས་སྐལ་ལྡན་མང་པོ་ལ་ཆོས་འཁོར་རྒྱ་ཆེར་བསྐོར་བའི་གནས་ལ་ཆོས་འཁོར་ཞེས་མིང་ཆགས་ཏེ། དེང་སང་ཡང་གྲྭ་ཆོས་འཁོར་དང་ལ་ལྡེབས་ཆོས་འཁོར་ཞེས་མིང་དུ་ཆགས་ཤིང་། ཡུལ་དེ་དང་དེ་དག་ན་གནས་པའི་སྐྱེ་བོ་རྣམས་ཇོ་བོ་རྗེ་ལ་གསོལ་བ་འདེབས་པ་ལྷུར་བྱེད་དོ། །དེའི་ཚེ་ནག་ཚོ་ལོ་ཙཱ་བ་ཇོ་བོ་རྒྱ་གར་ལ་འཕྲལ་དུ་སྤྱན་འདྲེན་ནི་མ་ཐུབ། བི་ཀ་མ་ལ་ཤཱི་ལའི་གནས་བརྟན་གྱིས་དམ་ཚིག་ལ་བཀར་བ་དྲན་ནས་ཡིད་བློང་བློང་པོར་གྱུར་པ་ན་ཇོ་བོ་རྗེས་མཁྱེན་ནས། ལོ་ཙཱ་བ་དེ་ཙམ་གྱི་སེམས་ངལ་བྱ་མི་དགོས། སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད་གསུངས་པ་ན། ལོ་ཙཱ་བ་གཏིང་ཐག་པ་ནས་དགའ་ཞིང་མགུ་སྟེ། དེ་ལྟར་ན་ཇོ་བོ་བོད་ལ་འབྱོན་པར་ཞུ་ཞེས་གསོལ་བ་བཏབ། ཅེས་གསུངས་པ་ལྟར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[7]། ལྕགས་སྦྲུལ། ཕྱི་ལོ་ ༡༠༤༠ ནག་ཚོ་ལོ་ཙཱ་བའི་ལམ་ཡིག་ནང་། ཇོ་བོ་རྗེ་མངའ་རིས་པུ་ཧྲེངས་སུ་བཞུགས་སྐབས་འབྲོམ་སྟོན་པས་ཇོ་བོ་རྗེ་མཇལ་བར་གསུངས་ལ། ས་ཆེན་གྲགས་པ་རྒྱལ་མཚན་གྱིས་ལོ་འདིར་ཇོ་བོ་རྗེ་བལ་པོར་བཞུགས་པའི་སྐབས་ཡིན་པར་གསུངས་ཀྱང་། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[8]། དགུང་ལོ་རེ་གསུམ་བཞེས་པའི་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེའུ་ལ་པུ་རངས་སུ་བཞུགས་པའི་ཚེ། དགེ་བཤེས་སྟོན་པས་རང་ལོ་ཞེ་གཅིག་བཞེས་པའི་སྟེང་དུ་ཇོ་བོ་དང་པོར་ཞལ་མཇལ་ནས་དབུས་སུ་གདན་དྲངས། ཞེས་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[9]། ཤིང་སྤྲེལ། ཇོ་བོ་པུ་རངས་སུ་བཞུགས་པར་འབྲོམ་སྟོན་པ་མཇལ། ཞེས་མི་མཐུན་པ་སྣང་ངོ་།། །།

(ཇོ་རྔོག་འབྲོམ་གསུམ།)
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་འབུམ་ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༣
[2] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥
[3] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[4] རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༡ ནས་ ༨༥ བར།
[5] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༦༦
[6] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[7] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༨
[8] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༤
[9] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༥ ནས་ ༢༤༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།