ཚ༽ འཕགས་པ་ལྷའི་གསུང་གི་དོགས་དཔྱོད།
༡༽ སྒྲོན་གསལ་འགྲེལ་བཤད་ཀྱི་དོགས་དཔྱོད།
དེ་ཡང་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[1]། སྒྲོན་གསལ་གྱི་འགྲེལ་བཤད་མཛད་ཟེར་ཏེ། དུས་མཚུངས་སམ་མི་མཚུངས་བརྟག་པར་བྱའོ། །ཞེས་གསུངས་ལ། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས་[2]ཀྱང་། སྒྲོན་མ་གསལ་བ་ཞེས་བྱ་བའི་ལེའུ་དང་པོའི་འགྲེལ་བཤད། སློབ་དཔོན་ཨཱརྱ་དེ་ཝས་མཛད་ཟེར་བ་འདི་བོད་མ་འདྲ་བར་འདུག་ནའང་སྔར་གྱི་རྣམས་ཀྱིས་བྲིས་འདུག་པས་བྲིས་སོ། །
ཞེས་གསལ་ལ། ཡང་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་གསང་འདུས་ཆོས་འབྱུང་ལས[3]། ཨཱརྱ་དེ་བས་མཛད་ཟེར་བའི་སྒྲོན་གསལ་གྱི་འགྲེལ་བཤད་ནི། བོད་གཅིག་གིས་བྱས་པར་སྣང་སྟེ། རྡོག་ཨཱརྱ་དེ་བ་ཡིན་ནམ་བརྟག་པར་བྱའོ། །ཞེས་གསུངས་པ་ལྟར། གཞུང་དངོས་ཀྱི་དབུར་རྒྱ་གར་སྐད་དུ། པྲ་དཱིཔྟ་ན་ནཱ་མ་ཊཱི་ཀཱ་ཞེས་འཁོད་ཀྱང་། འགྱུར་བྱང་སོགས་གང་ཡང་མི་གསལ་བས་དཔྱད་དགོས་པར་སྣང་ངོ་།།
༢༽ ཁ་གཡར་རིགས་ཀྱི་དོགས་དཔྱོད།
གཞན་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་སྒྲོན་གསལ་ལས[4]། འཕགས་པ་ལྷས་མཛད་པ་ལ། རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མ་[5]ནི་གྲགས་ཤིན་ཏུ་ཆེ་ལ། བདག་བྱིན་གྱིས་བརླབ་པའི་རིམ་པ་ནི་སློབ་དཔོན་ཨ་བྷྱཱས་ཁུངས་སུ་དྲངས་སོ། །སེམས་ཀྱི་སྒྲིབ་སྦྱོང་ནི་སེམས་དབེན་སྟོན་པ་ཡིན་གསུང་ཡང་སེམས་གཙོ་བོར་སྟོན་པའི་སྔགས་ཀྱི་གཞུང་ཡིན་ཡང་གསང་འདུས་ཀྱི་སྒོས་ཀྱི་གཞུང་མིན་ནོ། །འདིར་ཡང་ཨ་བྷྱཱ་ཀ་རས་ཁུངས་སུ་མཛད་དོ། །མངོན་པར་བྱང་ཆུབ་པའི་རིམ་པ་སློབ་དཔོན་འདིས་མཛད་ཟེར་བ་ལ། བོད་ཀྱི་མཁས་པ་དག་ཐེ་ཚོམ་གྱི་གཞིར་སྣང་གསུངས་པ་ལྟར་སྤྱོད་བསྡུས་དང་མི་མཐུན་པ་ཆེན་པོ་སྣང་བས་ཁ་གཡར་རོ།།
ཡང་སློབ་དཔོན་འདིས་མཛད་ཟེར་བའི་ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ་དང༌། རོ་བསྲེག་གི་ཆོ་ག་གཉིས་ལའང་བོད་ཀྱི་མཁས་པ་དག་བརྟག་པའི་གནས་སོ་ཞེས་བཞེད་དོ། །དེའི་སྔ་མ་ནི་སྒྲོན་གསལ་གྱི། ཇི་སྲིད་ཡ་ར་ལ་ཧའི་བར། །ཞེས་སོགས་ཚིགས་བཅད་གཉིས་འགྲེལ་ཞིང༌། སྤྱོད་བསྡུས་ཀྱི་གཞུང་ཁུངས་སུ་དྲངས་པ་དང༌། རྡོ་རྗེ་རྩེ་མོ་དང་རྡོ་རྗེ་འཕྲེང་བ་དང་དགོངས་པ་ལུང་སྟོན་རྣམས་རྩ་རྒྱུད་དུ་བཤད་དེ། སློབ་དཔོན་ཀུ་ལ་དྷ་རས་མཛད་པའི་སྒྲོན་གསལ་གྱི་འགྲེལ་བཤད་དུ་ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ་ལོགས་སུ་བཀོལ་བར་སྣང་བས། འཕགས་པ་ལྷས་མཛད་པའི་དོན་མེད་ལ། ཕྱི་མ་ཡང་རྫུན་མར་མངོན་ནོ། །ཞེས་གསུངས་སོ།།
གཞན་ཡང་རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་ (1357-1419) གྱི་གསན་ཡིག་ལས[6]། སྤྱོད་བསྡུས། བདག་བྱིན་རླབས། མངོན་པར་བྱང་ཆུབ་པའི་རིམ་པ། རོ་སྲེག་གི་ཆོ་ག་རྣམས་ཤྲདྡྷ་དང་ལོ་ཆེན་གྱི་འགྱུར། སེམས་ཀྱི་སྒྲིབ་སྦྱོང་ཛྙཱ་ནཱ་ཀ་ར་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར། ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ་འགྱུར་བྱང་མེད་པ་རྣམས་ཨཱརྱ་དེ་བས་མཛད། ཅེས་གསལ་བ་ལྟར་དེ་དག་གི་གསན་རྒྱུན་ཡོད་པར་གསུངས་ལ། ཡང་གསན་ཡིག་དེ་ཉིད་ལས[7]། མར་ལུགས་ཀྱི་བརྒྱུད་པ་ཐ་མར་བསྟན་པ་ལས་རྒྱུད་ནས་མདོར་བྱས། མདོ་བསྲེ། རྣམ་གཞག་རིམ་པ། བདག་བྱིན་བརླབས། སེམས་ཀྱི་སྒྲིབ་སྦྱོང༌། མངོན་པར་བྱང་ཆུབ་པའི་རིམ་པ། རིམ་ལྔ། སྤྱོད་བསྡུས། བྱང་ཆུབ་སེམས་འགྲེལ། ནཱ་རོ་པས་མཛད་པའི་རྒྱུད་ཕྱི་མའི་འགྲེལ་པ་གསན་བྱ་བ་སྣང་སྟེ། བརྒྱུད་པ་དེ་ལ། ཨཱརྱ་དེ་བ། ཀླུ་བྱང༌། ནཱ་རོ་པ་གསུམ་མི་སྣང་བས། དེ་གསུམ་གྱིས་མཛད་པའི་ལུང་གི་བརྒྱུད་པ་མ་དག་གམ་སྙམ་མོ། །ཞེས་ཀྱང་བྱུང་ངོ་།།
དེ་བཞིན་ངོར་ཆེན་ཀུན་དགའ་བཟང་པོའི་ (1382-1456) ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ནོད་པའི་ཚུལ་གསལ་བར་བཤད་པ་ཐོབ་ཡིག་རྒྱ་མཚོ་ལས[8]། ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ། འཕགས་པ་ལྷས་མཛད་པ། ལོ་ཆེན་གྱི་འགྱུར་རྣམས་སོ། །ཞེས་གསུངས་པ་ལྟར་སློབ་དཔོན་འཕགས་པ་ལྷས་མཛད་པར་གསུངས་སོ།།
༣༽ མངོན་པར་བྱང་ཆུབ་པའི་རིམ་པ་སོགས་ཀྱི་དོགས་དཔྱོད།
དེ་ཡང་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་གསང་འདུས་ཆོས་འབྱུང་ལས[9]། སློབ་དཔོན་དེས་ཕ་ཪོལ་ཏུ་ཕྱིན་པའི་བསྟན་བཅོས་དབུ་མ་བཞི་བརྒྱ་པ། དབུ་མ་ལག་པའི་ཚད། འཁྲུལ་པ་བཟློག་པ་རིགས་པས་གྲུབ་པ། གྲུབ་པའི་མཐའི་རྣམ་དབྱེ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང་། སྔགས་ཕྱོགས་ལ་རིམ་ལྔའི་དོན་འགྲེལ། སྤྱོད་པ་བསྡུས་པའི་སྒྲོན་མ་དང་། སེམས་དབེན་སྟོན་པ་སེམས་ཀྱི་སྒྲིབ་སྦྱོང་། སྒྱུ་ལུས་སྟོན་པ་ངག་བྱིན་རླབས་ཀྱི་རབ་དབྱེ་མཛད་དོ། །འོད་གསལ་དང་ཟུང་འཇུག་སྟོན་པ་མངོན་པར་བྱང་ཆུབ་པའི་རིམ་པ་མཛད་ཟེར་ཏེ། འདི་ནས་བསྟན་བཅོས་དྲི་མ་མེད་པ་རྣམས་སུ་དྲངས་པ་ཡང་མི་སྣང་ཞིང་། ཚིག་དོན་ལའང་ཐེ་ཚོམ་གྱི་གཞི་བག་རེ་སྣང་ངོ་། །རོ་སྲེག་གི་ཆོ་ག་དང་། ཡ་ར་ལ་ཝ་ཚུལ་བཞིར་བཤད་པ་མཛད་ཟེར། བརྟག་པའི་གནས་སོ། །ཞེས་གསུངས་སོ།།
དེ་བཞིན་སློབ་དཔོན་འཕགས་པ་ལྷས་མཛད་པར་གྲགས་པའི་མངོན་པར་བྱང་ཆུབ་པའི་རིམ་པའི་མཛད་བྱང་ལས[10]། འཕགས་པ་ཀླུ་སྒྲུབ་མན་ངག་ལ་བརྟེན་ནས། །བདག་གིས་མཆོག་ཏུ་གསང་བ་འདི་བཤད་པས། །ཀུན་གྱི་ཀུན་རྫོབ་བདེན་པ་དག་གྱུར་ནས། །མཐར་ཐུག་དོན་རྟོགས་བྱང་ཆུབ་མི་དམིགས་བསྔོ། །མངོན་པར་བྱང་ཆུབ་པའི་རིམ་པ་འབྲས་བུ་དང་བཅས་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ། །ཞེས་ཤིན་ཏུ་གསལ་བར་འཁོད་པས་དཔྱད་དགོས་སོ།།
༤༽ བླ་ན་མེད་པའི་བསྟོད་པའི་དོགས་དཔྱོད།
ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་པའི་མཐའི་རྣམ་པར་བཞག་པ་འཁྲུལ་སྤོང་གདོང་ལྔའི་སྒྲ་དབྱངས་ཀུན་མཁྱེན་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ལས[11]། སློབ་དཔོན་འཕགས་པ་ལྷས་ཀྱང་བླ་ན་མེད་པར་བསྟོད་པ་ལས།
གང་གི་ཚུལ་རོལ་ཕ་རོལ་སྤངས། །ཤེས་བྱའི་རང་གི་ངོ་བོ་མཆོག །
ཡེ་ཤེས་རྫུ་འཕྲུལ་སྟོབས་ཀྱིས་གསལ། །
ཞེས་སོགས་ལུང་འདྲེན་མཛད་འདུག་པ་ལྟར། བཀྲ་ཤིས་འཁྱིལ་ཤིང་པར་དུའང་གཅིག་མཚུངས་སུ་འཁོད་འདུག་ཀྱང་། བསྟན་འགྱུར་བསྟོད་ཚོགས་སུ་བླ་ན་མེད་པའི་བསྟོད་པ་ཞེས་འཁོད་པའི་གསུང་གཅིག་ལས་མི་སྣང་ལ། དེ་ཡང་བསྟན་འགྱུར་བསྟོད་ཚོགས་ཀྱི་ཆོས་ཚན་ཨང་ ༢༣ པར་གསལ་བའི་བླ་ན་མེད་པའི་བསྟོད་པ་ནི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་ཅིང་། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱི་འགྱུར་ཡིན་པ་ལས། སློབ་དཔོན་འཕགས་པ་ལྷས་མཛད་པའི་བླ་ན་མེད་པར་བསྟོད་པ་ཞེས་པ་སྡེ་བསྟན་དུ་མི་སྣང་ལ། གོང་གསལ་གྱི་ཚིགས་སུ་བཅད་པ་འདི་ཉིད་ཀྱང་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བླ་ན་མེད་པའི་བསྟོད་པའི་ནང་དུ་གསལ་བས། སློབ་དཔོན་འཕགས་པ་ལྷས་དང་། སློབ་དཔོན་འཕགས་པ་ཀླུས་ཞེས་ཆེ་བསྟོད་འཕགས་པ་ཞེས་སྦྱར་བ་མཚུངས་པས་མཛད་པ་པོ་ལྷ་དང་ཀླུ་གཉིས་ལ་འཁྲུལ་གཞི་བྱུང་བ་ཡིན་འདུག་པས་དཔྱད་པར་འཚལ་ལོ།།
༥༽ སྐྱེ་མེད་རིན་པོ་ཆེའི་མཛོད་ཀྱི་དོགས་དཔྱོད།
འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1890) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[12]། སིངྒ་གླིང་གི་རྒྱལ་པོའི་སྲས་སློབ་དཔོན་ཆེན་པོ་ཨཱརྱ་དེ་བས་སློབ་དཔོན་ཀླུ་སྒྲུབ་བསྟེན་ཅིང་དངོས་གྲུབ་མང་པོ་ཐོབ། འཕགས་ཞབས་ཀྱིས་བསྟན་པ་གཏད་ཅིང་བཤད་ཉན་དང་གཙུག་ལག་ཁང་བཞེངས་ཤིང་། ཐེག་ཆེན་གྱི་ཆོས་གཞི་བཙུགས་པ་སོགས་ཀྱིས་བསྟན་པ་ཡུན་རིང་བསྐྱངས། རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་རབ་བྱེད་བཅུ་དྲུག་ཡོད་པ། དབུ་མ་ལག་པའི་ཚད་རྩ་འགྲེལ། སྐྱེ་མེད་རིན་པོ་ཆེའི་མཛོད། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་སོགས་མཛད།
མུ་སྟེགས་ཀྱི་སྟོན་པ་མངལ་སྐྱེས་སུས་ཀྱང་མི་ཐུབ་པའི་དངོས་གྲུབ་དབང་ཕྱུག་ཆེན་པོས་བྱིན་པ་མ་ཁོལ་དང་ཕ་ཁོལ་དང་། མ་ཏི་ཙི་ཏྲ་སོགས་མིང་གི་རྣམ་གྲངས་དུ་མ་དང་ལྡན་པ་དེ་བཏུལ་ནས་སངས་རྒྱས་ཀྱི་བསྟན་པའི་སྒོར་འཇུག་པར་མཛད་པས་ཕྱིས་སློབ་དཔོན་དཔའ་བོ་ཞེས་པ་ཐུབ་པའི་སྐྱེས་རབས་སོ་བཞི་པ་སོགས་མཛད་དེ་བསྟན་པ་ལ་ཕན་པ་ཆེན་པོ་མཛད་པ་དེ་བྱུང་། ཞེས་གསལ་ནའང་། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་པ་སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གསུང་ཡིན་པ་ལས། སློབ་དཔོན་འཕགས་པ་ལྷའི་གསུང་མིན་ཏེ། དེ་ཡང་སྡེ་བསྟན་དཀར་ཆག་ལས[13]། དབུ་མ། ༼ཙ༽ པའི་ཆོས་ཚན་ཨང་། ༼༦༽ སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ། འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ་དང༌། ལོ་ཙཱ་བ་སཱུརྱ་ཀཱིརྟིས་ལྷ་ས་ར་མོ་ཆེར་འགྱུར། ཞེས་གསལ་བས་འདི་ཡང་མཛད་པ་པོ་འཕགས་པ་ཡབ་སྲས་གཉིས་ལ་འཁྲུལ་གཞི་བྱུང་བ་ཞིག་ཡིན་འདུག་གོ།
༦༽ བྲམ་ཟེ་ཨཱརྱ་དེ་བའི་གཞུང་ཆུང་།
དེ་ཡང་བྲམ་ཟེ་ཨཱརྱ་དེ་ཝས་མཛད་པའི་གཞུང་ཆུང་ནི་གཅོད་ཀྱི་གཞུང་ཞིག་ཡིན་པས། གཅོད་གཞུང་ཐོག་མར་སློབ་དཔོན་གང་གིས་མཛད་དམ་ཞེ་ན། རིང་རྒྱུད་ཀྱི་གསོལ་འདེབས་མ་གཅིག་གིས་མཛད་པར་བན་སྒར་འཇམ་དཔལ་བཟང་པོས་ (དུས་རབས་15པ།) ཁ་བསྐང་བ་ལས[14]།
བྱ་རྒོད་ཕུང་པོའི་རི་བོ་ན། །བཅོམ་ལྡན་ཤཱཀ་ཐུབ་བྱིན་རླབས་ཅན། །
སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་སེང་བྱིན་རླབས་ཅན། །
རྒྱ་གར་འཇག་མའི་སྤྱིལ་པོ་ན། །ཨཱརྱ་དེ་བ་བྱིན་རླབས་ཅན། །
ལ་སྟོད་དིང་རིའི་གླང་འཁོར་ན། །དམ་པ་སངས་རྒྱས་བྱིན་རླབས་ཅན། །
ཞེས་གསལ་བ་ལྟར་སྟོན་པ་མཉམ་མེད་ཤཱཀྱ་ཐུབ་པ་དང་། རྗེ་བཙུན་འཇམ་དབྱངས། སློབ་དཔོན་ཨཱརྱ་དེ་ཝ། ཕ་དམ་པ་སངས་རྒྱས་བཅས་རིམ་པར་བརྒྱུད་པར་གསུངས་པ་ལས། རྒྱལ་རིགས་དང་བྲམ་ཟེའི་རིགས་གང་ཡིན་གྱི་གསལ་ཁ་མི་འབྱུང་ཡང་། གཅོད་ཀྱི་སྐོང་བ་རྣམས་བཞུགས་པའི་དབུ་ཕྱོགས་ལས་[15]ཀྱང་།
རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན། །ལུང་བསྟན་མུ་སྟེགས་རྒོལ་བ་འཇོམས། །
ཨཱརྱ་དེ་ཝའི་ཐུགས་དམ་བསྐངས། །
ཞེས་གསུངས་པ་ལྟར་མཛད་པ་རྣམ་ཐར་དང་བསྟུན་ནའང་ཡོངས་གྲགས་རྒྱལ་རིགས་སུ་སྐུ་འཁྲུངས་པའི་སློབ་དཔོན་དེ་ཝ་ལས་གཞན་ལ་གོ་ས་མེད་ལ། ལྷག་པར་ཞི་བྱེད་སྔ་ཕྱི་བར་གསུམ་གྱི་ཁྲིད་ཡིག་རྣམས་ཕྱོགས་གཅིག་ཏུ་བསྡེབས་པ་བདུད་རྩིའི་ཉིང་ཁུ་ལས་[16]ཀྱང་། ཐོག་མར་བཀའ་བབ་དང་པོའི་ཁྲིད་ཡིག་ལ་བླ་མ་བརྒྱུད་པའི་རིམ་པ་དང་། དེ་ལས་བྱུང་བའི་གདམས་པའོ། །དང་པོ་ནི། ཐུབ་དབང་། ཕྱག་རྡོར། སྒྲོལ་མ། ཀླུ་སྒྲུབ། བརྫུས་སྐྱེས་ཨཱརྱ་དེ་ཝ། དམ་པ་སངས་རྒྱས། ཞེས་དང་། ཡང་བཀའ་བབ་དང་པོའི་བརྒྱུད་འདེབས་ལས[17]། གནས་ཕྱོགས་དཔལ་གྱི་རི་བོ་རུ། །འགྲོ་མགོན་འཕགས་པ་ཀླུ་སྒྲུབ་ལ་གསོལ་བ་འདེབས། །གནས་པདྨ་སྟོང་ལྡན་གཞལ་ཡས་སུ། །རྫུས་སྐྱེས་ཨཱརྱ་དེ་ཝ་བ་ལ་གསོལ་བ་འདེབས། །ཞེས་སོགས་གསལ་བ་ལྟར་བརྫུས་སྐྱེས་ཨཱརྱ་དེ་ཝ་སྟེ། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་འཕགས་པ་ལྷ་ཡིན་པར་གསལ་ལོ།།
འོན་ཀྱང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ (1308-1363) གདམས་ངག་མཛོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་ལས[18]། དང་པོ། སློབ་དཔོན་གང་གིས་མཛད་པ་ནི། ལྷག་པའི་ལྷ་འཇམ་དཔལ་སྨྲ་བའི་སེངྒེས་བྱིན་གྱིས་བརླབས་ཤིང་། འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་ཐོགས་མེད་གཉིས་ཀྱི་གཞུང་ལུགས་ཐུགས་སུ་ཆུད་པས་ལུང་རིགས་ལ་མཁས་པ། ཏིང་ངེ་འཛིན་མཆོག་མངའ་བ་སྟེ་བསྟན་བཅོས་བརྩམས་པའི་ཡོན་ཏན་གསུམ་དང་ལྡན་པ་བྲམ་ཟེ་ཨཱརྱ་དེ་ཝ་ཞེས་བྱ་བ་དེས་མཛད་དོ། །ཞེས་བྲམ་ཟེ་ཨཱརྱ་དེ་ཝས་མཛད་པར་གསུངས་པ་དང་། དེ་ཉིད་ཀླུ་སྒྲུབ་ཀྱི་རྗེས་འབྲང་པ་ཞིག་ཡིན་པར་གསལ་ལ། གཅོད་ཅེས་པའི་གོ་དོན་དང་། དབུ་མའི་གཞུང་ཆུང་མཛད་པ་པོ་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1890) ཤེས་བྱ་ཀུན་ཁྱབ་ལས་[19]ཀྱང་།
བདུད་ཀྱི་གཅོད་ཡུལ་ཤེར་ཕྱིན་ཟབ་མོའི་སྤྱོད། །
ལམ་སྲོལ་འདི་ལ་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་སྟེ། དེ་ལ་གཅོད་ཅེས་པའི་དོན་ནི། བྲམ་ཟེ་ཨཱརྱ་དེ་བས་མཛད་པར་གྲགས་པའི་གཅོད་ཀྱི་དོན་ཡང་སྣར་ཐང་དང་པེ་ཅིན་བསྟན་འགྱུར་ལས[20]།
སེམས་ཉིད་རྩ་བ་གཅོད་པ་དང་། །ཉོན་མོངས་དུག་ལྔ་གཅོད་པ་དང་། །
ལྟ་མཐའ་སྒོམ་པའི་འགྱུ་བྱེད་གཅོད། །སྤྱོད་པའི་ཉམ་ང་རེ་དོགས་དང་། །
ཤེས་པའི་སྙེམས་བྱེད་གཅོད་པའི་ཕྱིར། །ངེས་པའི་ཚིག་ཏུ་གཅོད་ཅེས་བྱ། །
ཞེས་གསུངས་པ་རྣམས་ཤེས་བྱ་ཀུན་ཁྱབ་ཏུ་[21]ལུང་དྲངས་པ་དང་ཚིག་རིས་ཅུང་ཟད་མི་མཐུན་པ་ཙམ་ལས། ཚིགས་སུ་བཅད་པ་རྣམས་སྣར་ཐང་དང་པེ་ཅིན་བསྟན་འགྱུར་གཉིས་སུ་སྣང་མོད། འོན་ཀྱང་མཇུག་བྱང་དུ། འཕགས་པ་ཨཱརྱ་དེ་བས་མཛད་པ་རྫོགས་སོ། །ཞེས་འཕགས་པས་མཛད་པར་གསལ་བ་ལས། བྲམ་ཟེ་ཨཱརྱ་དེ་བས་མཛད་ཚུལ་མི་གསལ་ཡང་། བཀའ་བབ་བར་པ་ལས[22]།
ལྷོ་ཕྱོགས་དཔལ་གྱི་རི་བོ་རུ། །བྲམ་ཟེ་ཨཱརྱ་དེ་ཝ་ལ། །
ཞེས་གསུངས་པ་ལྟར་ཤེས་བྱ་ཀུན་ཁྱབ་སོགས་སུ་དབུ་མའི་གཞུང་ཆུང་འདི་ཉིད་བྲམ་ཟེ་ཨཱརྱ་དེ་ཝས་མཛད་པར་གསུངས་པས། འོ་ན་ཨཱརྱ་དེ་ཝ་འདི་ཉིད་རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་སློབ་དཔོན་ཨཱརྱ་དེ་ཝ་དང་གཅིག་དང་ཐ་དད་གང་ཡིན་དང་། གཞུང་ཆུང་འདི་ཉིད་ཀྱི་མཛད་པ་པོ་སུ་ཡིན་ཞེ་ན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གཞུང་ཆུང་འདི་ཉིད་ཀྱི་མཛད་པོའི་མཚན་ལ་ཨཱརྱ་དེ་བ་དང་། རིགས་བྲམ་ཟེ་ཡིན་པར་གསུངས་ནའང་། ཡོངས་གྲགས་ལྟར་ན་མགོན་པོ་ཀླུ་སྒྲུབ་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་སློབ་དཔོན་ཨཱརྱ་དེ་ཝ་སྟེ་འཕགས་པ་ལྷ་ནི་རྒྱལ་རིགས་ཡིན་པ་ལས་བྲམ་ཟེའི་རིགས་མིན་ལ། རྣམ་ཐར་ཁག་ཏུའང་གཅོད་གཞུང་མཛད་པའི་སྐོར་མི་གསལ་བར་མ་ཟད། གཅོད་གཞུང་ཐོག་མར་དར་བའི་དུས་སྐབས་དང་མི་འགྲིག་པས་དཔྱད་དགོས་ཤིང་། སློབ་དཔོན་ཨཱརྱ་དེ་ཝ་བྲམ་ཟེའི་རིགས་སུ་བཞེད་མཁན་འགའ་ཞིག་སྣང་ལ། གཅོད་གཞུང་གི་མཚན་དངོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིགས་སུ་བཅད་པ་ཆེན་པོ་ཞེས་བྱུང་ལ། བྲམ་ཟེ་ཨཱརྱ་དེ་ཝ་ཞེས་པ་སློབ་དཔོན་ཨཱརྱ་དེ་ཝ་ལས་ལོགས་སུ་ཡོད་པའི་རྣམ་ཐར་དང་། གསུང་བཟང་སོགས་ཀྱི་སྐོར་དེབ་ཐེར་གཞན་དུ་མི་གསལ་ལོ།།
གཞན་ཡང་མཁས་གྲུབ་ཀརྨ་ཆགས་མེད་ (16131-1678) ཀྱིས་མཛད་པའི་ཉེར་མཁོ་ཕྱོགས་བསྒྲིགས་ལས[23]། འོ་ན་གཅོད་བྱས་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཨཱརྱ་དེ་ཝའི་གཅོད་ཀྱི་རྒྱ་གཞུང་ལས། སྟེང་གི་ལྷ་རྣམས་དམ་ལ་ཐོགས། །འོག་གི་ཀླུ་རྣམས་ཟིལ་གྱིས་ནོན། །ཀླུ་ལ་ལས་ནི་གང་བཅོལ་འགྲུབ། །ལྷ་རྣམས་རང་སར་གྲོགས་དན་བྱེད། །ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་འཚོ། །ཐོགས་བཅས་བདུད་ལ་ཆོད་པ་ཡིས། །སྣང་བ་དགྲར་ནི་སྡང་མི་འགྱུར། །ཐོགས་མེད་བདུད་ལ་ཆོད་པ་ཡིས། །གནོད་བྱེད་ཕོ་མོ་དམ་ལ་ཐོགས། །དེ་ལ་སོགས་པའི་ཕན་ཡོན་ནི། །དཔག་ཏུ་མེད་པ་འབྱུང་བར་འགྱུར། །ཞེས་ཨཱརྱ་དེ་ཝའི་གཅོད་ཀྱི་རྒྱ་གཞུང་ཞེས་བྱུང་བ་ལྟར། གཅོད་ཀྱི་རྒྱ་གཞུང་ནི། སྡེ་དགེ་དང་ཅོ་ནེ་བསྟན་འགྱུར་གཉིས་སུ་མི་གསལ་ཡང་། སྣར་ཐང་བསྟན་འགྱུར་དང་། པེ་ཅིན་བསྟན་འགྱུར་གཉིས་སུ་བཞུགས་པ་ལས། དཔར་མ་གཉིས་ཀའི་མཚན་བྱང་དུ། གཅོད་ཀྱི་རྒྱ་གཞུང་ཨཱརྱ་དེ་བས་མཛད་པའོ། །ཞེས་དང་། མཛད་བྱང་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ་ཞེས་བྱ་བ། འཕགས་པ་ཨཱརྱ་དེ་བས་མཛད་པ་རྫོགས་སོ། །ཞེས་གཅིག་མཚུངས་སུ་གསལ་བས་ན། བྲམ་ཟེ་ཨཱརྱ་དེ་བའི་གཞུང་ཆུང་དང་། གཅོད་ཀྱི་རྒྱ་གཞུང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ་བཅས་ནི་མཚན་གྱི་རྣམ་གྲངས་ཡིན་པ་ལྟ་བུར་གསལ་ལོ།།
དེ་བཞིན་གཅོད་ཀྱི་བརྒྱུད་པ་ནི། གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་ (1872-1952) གྱིས་མཛད་པའི་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་བསྡུས་དོན་དཔལ་མགོན་བླ་མའི་ཞལ་ལུང་ལས[24]། དང་པོ་བརྒྱུད་པའི་ལོ་རྒྱུས་ཀྱི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲུབ་ཆེན་དམ་པ་སངས་རྒྱས་ནས་བྱུང་བ་ཡིན་ཏེ། གྲུབ་ཆེན་དེ་ཉིད་ཀྱིས་སློབ་དཔོན་ཨིནྡྲ་བྷི་ཏི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བསྟེན་ནས་དེ་དག་གི་གདམས་པ་མངའ་ཞིང་། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་དང་། མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་གཟིགས་ཏེ་བྱིན་གྱིས་བརླབས་པ་དང་། རལ་གྲི་དང་མིག་སྨན་བཅུད་ལེན་སོགས་ཐུན་མོང་གི་གྲུབ་པ་བརྒྱད་བརྙེས་པས་དགུང་ལོ་བརྒྱ་དང་བདུན་ཅུ་བཞུགས། དེ་ཉིད་བོད་དུ་ལན་ལྔ་ཕེབས་པ་ཡིན་ལ། གསུམ་པའི་དུས་སུ་བལ་པོ་ནས་གཙང་དུ་བྱོན་ནས། སྐྱོ་ཤཱཀྱ་ཡེ་ཤེས་དང་། ཡར་ཀླུངས་སྨ་ར་སེར་པོ་སོགས་རྗེས་སུ་བཟུང་ནས་མདོ་ལུགས་རང་རྐང་གི་གཅོད་ཨཱརྱ་དེ་བའི་གཞུང་ཆུང་ལྔ་བཅུ་པའི་དོན་གདམས་ངག་བྲུལ་ཚོ་དྲུག་པ་[25]ཞེས་བྱ་བ་གནང་། སྐྱོ་ཤཱཀྱ་ཡེ་ཤེས་ཀྱིས་རང་དབོན་སྐྱོ་སྟོན་བསོད་ནམས་བླ་མ་ལ་གནང་། ཞེས་གསལ་བ་ལྟར་ཨཱརྱ་དེ་བའི་གཞུང་ཆུང་ལྔ་བཅུ་པ་མཛད་པར་གསུངས་ཀྱང་། རྒྱལ་རིགས་ཨཱརྱ་དེ་ཝ་དང་། བྲམ་ཟེ་ཨཱརྱ་དེ་ཝ་གང་གི་གསུང་ཡིན་གསལ་ཁ་མི་སྣང་ངོ་།།
ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[26]། འཕགས་པ་ཐོགས་མེད་ཀྱིས་ཤཱཀྱ་ཐུབ་པ་ལ་དངོས་སུ་གསན་པ་བྱམས་པ་ཡིན་པར་དགོངས་ནས་བྱམས་པ་བསྒྲུབས་པས་ཞལ་གཟིགས་ཏེ་ཤེར་ཕྱིན་གྱི་གདམས་པ་དངོས་སུ་གསན་ནས་གཅུང་དབྱིག་གཉེན་ལ་གནང་། དེས་དམ་པའི་ཞང་པོ་ཨཱརྱ་དེ་བ་ལ། དེས་དམ་པ་ལ་གདམས་སོ། །ཞེས་ཕ་དམ་པའི་ཞང་པོ་ཨཱརྱ་དེ་བ་ཞུ་བ་ཞིག་ཡོད་པ་དང་། དེས་ཕ་དམ་པ་ལ་ཡུམ་གྱི་དོན་བསྟན་བཅོས་མངོན་རྟོགས་རྒྱན་གྱི་མན་ངག་གནང་བར་གསུངས་སོ།།
གཞན་ཡང་ལྡན་མ་སྟོང་དཔོན་རིན་པོ་ཆེས་མཛད་པའི་གཅོད་དགག་ལས[27]། ཕ་བརྒྱུད་ནི། རབ་འབྱོར་གྱིས་ཞུས། སྟོན་པས་གསུང་། ཀུན་དགའ་བོས་བསྡུས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། མ་བརྒྱུད། ཡུམ་ཆེན་མོ། སྒྲོལ་མ། སུ་ཁ་སིདྷི། དམ་པ། མ་གཅིག་ལའོ། །དེ་གཉིས་ལ་ཐབས་དང་ཤེས་རབ་ཀྱི་བརྒྱུད་པ་ཟེར། ར་ག་ཨ་སེ་ན་རེ། མདོ་ལུགས། སྔགས་ལུགས། མདོ་སྔགས་དབྱེར་མེད་ཟུང་འཇུག་དང་གསུམ། དང་པོ་ནི། སྟོན་པ། འཇམ་དབྱངས། ཀླུ་སྒྲུབ། ཨཱརྱ་དེ་ཝ། དམ་པ་སངས་རྒྱས། སྐྱོ་སྟོན། མ་གཅིག་ལའོ། །སྔགས་ལུགས་ནི། ཆོས་སྐུ་ཡུམ་ཆེན་མོ། ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ། སྤྲུལ་སྐུ་སྒྲོལ་མ། དེས་མ་གཅིག་ལའོ། །ཟུང་འཇུག་ནི། འཇམ་དཔལ། སྒྲོལ་མ། སུ་ཁ་སིདྷི། བྲམ་ཟེ་ཨཱརྱ་དེ་ཝ། དམ་པ། སྐྱོ་སྟོན་མ། མ་གཅིག་ལའོ། །ཞེས་སོགས་མི་མཐུན་པ་ཤིན་ཏུ་མང་ཞིང་། ནང་འགལ་རྒྱུན་མར་སྒྲོགས་པ་རྣམས་ཁུངས་ལུང་གང་ཡང་མེད་པའི་རང་འདོད་སྨྱོན་མའི་གཏམ་ལྟར་ཁོ་བོ་ཅག་གིས་མཐོང་ངོ་། །ཞེས་སློབ་དཔོན་ཨཱརྱ་དེ་ཝ་དང་། བྲམ་ཟེ་ཨཱརྱ་དེ་ཝ་ཐ་དད་དུ་བཞེད་ནའང་། དེ་གཉིས་ཀ་ཕ་རྒྱུད་དང་། ཡང་མདོ་སྔགས་ཟུང་འཇུག་གསུམ་གྱི་རྒྱུད་པའི་དབང་དུ་བྱས་ཚེ། ར་ག་ཨ་སེའི་ལུགས་ལྟར་ན་སློབ་དཔོན་ཨཱརྱ་དེ་ཝ་མདོ་ལུགས་ཀྱི་བརྒྱུད་པ་དང་། བྲམ་ཟེ་ཨཱརྱ་དེ་ཝ་ནི་ཟུང་འཇུག་གི་བརྒྱུད་པ་ཡིན་པར་གསུངས། དེས་ན་༸རྒྱལ་རིགས་སློབ་དཔོན་ཨཱརྱ་དེ་ཝ་དང་། བྲམ་ཟེ་ཨཱརྱ་དེ་ཝ་གཉིས་ཀ་གཅོད་ཀྱི་བརྒྱུད་པ་ཡིན་པར་གསལ་ལ། དེ་བཞིན་ལྡན་མ་སྟོང་དཔོན་རིན་པོ་ཆེ་ངག་དབང་ཆོས་འགྲུབ་ (1890-1949) ཀྱིས་མཛད་པའི་གཅོད་དགག་ལས[28]། སྤྱོད་བསྡུས་ཀྱི་མཁན་པོ་ཨཱརྱ་དེ་ཝ་ནི། རྒྱལ་རིགས་སུ་ཟླ་བ་གྲགས་པས་བཞི་བརྒྱ་པའི་འགྲེལ་པར་བཤད་ལ། གཅོད་ཀྱི་ཨཱརྱ་དེ་ཝ་ནི་བྲམ་ཟེ་དང་། དེ་ཡང་མ་གཅིག་གིས་གཅོད་ཕར་བསྐུར་བ་ཞིག་ཟེར་འདུག་པས། ཨཱརྱ་དེ་ཝ་ཟེར་ཚད་དོན་གཅིག་ག་ལ་ཡིན། མ་གཅིག་གི་རྣམ་བཤད་མ་མཐོང་བར་ཟད་དོ། །ཞེས་གསུངས་པ་ལྟར་ན་དེ་གཉིས་གང་ཟག་ཐ་དད་ཡིན་པར་གསུངས་པ་ལས། སློབ་དཔོན་ཨཱརྱ་དེ་ཝ་གཅོད་ཀྱི་བརྒྱུད་པ་མིན་པར་མ་གསུངས་མོད། རྒྱལ་རིགས་དང་བྲམ་ཟེའི་རིགས་ཅན་གྱི་ཨཱརྱ་དེ་ཝའི་མཚན་ཅན་གྱི་སློབ་དཔོན་སྔ་ཕྱི་གཉིས་བྱུང་བ་དང་། ལྷག་པར་ཨཱརྱ་དེ་ཝའི་གཞུང་ཆུང་ལྔ་བཅུ་པ་ཞེས་པ་དེ་ཉིད་བྲམ་ཟེ་ཨཱརྱ་དེ་ཝའི་གསུང་ཡིན་པ་ལས། རྒྱན་དྲུག་མཆོག་གཉིས་དང་། པཎ་གྲུབ་བཅུ་བདུན་གྱི་ཡ་གྱལ་རྒྱལ་རིགས་སུ་སྐུ་འཁྲུངས་པའི་སློབ་དཔོན་འཕགས་པ་ལྷའི་གསུང་མིན་པ་ཁུངས་བཙན་མོད། བྲམ་ཟེའི་རིགས་ཅན་གྱི་ཨཱརྱ་དེ་ཝ་དེ་ཉིད་རྒྱལ་རིགས་ཨཱརྱ་དེ་ཝ་ལས་ཐ་དད་ཡིན་པའི་ཞིབ་ཕྲའི་རྣམ་ཐར་སོགས་གང་ཡང་མ་མཇལ་བས་ད་དུང་ཞིབ་ཏུ་དཔྱད་དགོས་པ་ཞིག་ཏུ་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༥༠
[2] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༠༩
[3] སྒོམ་སྡེ་ཚིག་མཛོད་ཆེན་མོ། ཐའེ་ཝན་པར་མ། དེབ་བཞི་པ། ༢༠༡༣ ལོ། ཤོག་གྲངས་ ༥༤༦
[4] རྗེའི་གསུང་འབུམ་པོད། ༼ཇ༽ རིམ་ལྔ་གསལ་སྒྲོན། དཔེ་རིང་། ཤོག་གྲངས་ ༢༥བ
[5] ཚེས་བདུན་གྱི་ཉིན་སློབ་དཔོན་འཕགས་པ་ལྷའི་སྤྱོད་བསྡུས་གཟིགས་པས་གཉིད་དང་རྨི་ལམ་དང་བསྲེ་བའི་སྐོར་གྱི་མན་ངག་གི་གཞི་ཐམས་ཅད་གཏིང་ཡོད་པ་གཟིགས་ནས་ཤིན་ཏུ་ངེས་པ་རྙེད། ཅེས་རྗེ་བདག་ཉིད་ཆེན་པོའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས་སུ་གསལ།
[6] རྗེའི་གསུང་འབུམ། ༼ཀ༽ སྐུ་འབུམ་པར་མ། དཔེ་རིང་། ཤོག་གྲངས་ ༡
[7] རྗེའི་གསུང་འབུམ། ༼ཀ༽ སྐུ་འབུམ་པར་མ། དཔེ་རིང་། ཤོག་གྲངས་ ༤
[8] ངོར་ཆེན་ཀུན་དགའ་བཟང་པོའི་གསུང་འབུམ། པོད། ༼ཀ༽ དཔེ་རིང་། ཤོག་གྲངས་ ༩༥བ༢
[9] སྒོམ་སྡེ་ཚིག་མཛོད་ཆེན་མོ། ཐའེ་ཝན་པར་མ། དེབ་བཞི་པ། ༢༠༡༣ ལོ། ཤོག་གྲངས་ ༥༤༦
[10] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ངི༽ དེབ་ཨང་ ༡༨ པ། ཤོག་གྲངས་ ༣༢༠
[11] ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ༡༩༩༩ ལོ། ཐེ་ཝན་པར་མ། ཤོག་གྲངས་ ༣༩༩
[12] ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༥
[13] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༢༦
[14] གདམས་ངག་མཛོད། ༼ཕ༽ ཟུར་ལུགས་གཅོད་ཚོགས། ཤིང་པར་དཔེ་རིང་། ཤོག་གྲངས་ ༡ན༢
[15] གདམས་ངག་མཛོད། ༼ཕ༽ ཟུར་ལུགས་གཅོད་ཚོགས། ཤིང་པར་དཔེ་རིང་། ཤོག་གྲངས་ ༢བ༦
[16] གདམས་ངག་མཛོད། ༼པ༽ བཀའ་བབ་སྔ་ཕྱི་བར་གསུམ་གྱི་ཁྲིད། ཤིང་པར་དཔེ་རིང་། ཤོག་གྲངས་ ༡བ༦
[17] གདམས་ངག་མཛོད། ༼པ༽ བཀའ་བབ་གསུམ་གྱི་བརྒྱུད་འདེབས། ཤིང་པར་དཔེ་རིང་། ཤོག་གྲངས་ ༡ན༢
[18] གདམས་ངག་མཛོད། གཅོད་འགྲེལ། ༼ཕ༽ ཤིང་པར་དཔེ་རིང་། ཤོག་གྲངས་ ༡བ༥
[19] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༨༧༩
[20] པེ་ཅིན་བསྟན་འགྱུར། པོད། ༼ཉོ༽ ཤོག་གྲངས་ ༤༢༣འོག ཕྲེང་ ༧ པ། སྣར། ༣༩༦བ༦ ནས་ ༣༩༩ན༥
[21] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༨༧༩
[22] གདམས་ངག་མཛོད། ༼པ༽ བཀའ་བབ་གསུམ་གྱི་བརྒྱུད་འདེབས། ཤིང་པར་དཔེ་རིང་། ཤོག་གྲངས་ ༣བ༧
[23] ཨཱ་ག་རའི་བཀའ་འབུམ། ༼༥༽ གཅོད་ཀྱི་གདེང་བཤད། འཕྲུལ་དཔར་དཔེ་གཟུགས། ཤོག་གྲངས་ ༤ན༤
[24] བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༢༤༣
[25] དེབ་ཐེར་སྔོན་པོ་ལས། གདམས་པ་དེ་ལ་མིང་བྲུལ་ཚོ་དྲུག་པ་ཞེས་བྱ་བ་དེ་ཡི་གེར་བཏབ། ཅེས་གསུངས།
[26] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༧༠
[27] སྟོང་དཔོན་རིན་པོ་ཆེའི་གསུང་བཤད། འབྲས་སྤུངས་བློ་གསལ་གླིང་། ༢༠༠༩ ལོ། ཤོག་གྲངས་ ༡༡༣
[28] སྟོང་དཔོན་རིན་པོ་ཆེའི་གསུང་བཤད། འབྲས་སྤུངས་བློ་གསལ་གླིང་། ༢༠༠༩ ལོ། ཤོག་གྲངས་ ༡༡༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༡ ནས་ ༡༥༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།