ཙ༽ སད་མི་བདུན་ངོས་འཛིན་གྱི་བཞེད་ལུགས།

(https://twitter.com/treasuryoflives/status/1129458786148716547/photo/1)
དེ་ཡང་ཨོ་རྒྱན་གླིང་པས་ཕྱི་ལོ་ ༡༢༨༥ ལོར་གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས་བྱུང་བའི་སད་མི་བདུན་ནི། ༡ སྦ་གསལ་སྣང་། (སྦ་ཡེ་ཤེས་དབང་པོའང་ཟེར།) ༢ སྦས་དཔའ་དབྱངས། ༣ ངན་ལམ་རྒྱལ་བ་མཆོག་དབྱངས། ༤ ལྷ་ལུང་དཔལ་རྡོར། ༥ རྨ་རིན་ཆེན་མཆོག། ༦ ལ་སུམ་རྒྱལ་བ་བྱང་ཆུབ། ༧ མཁས་པ་བཻ་རོ་ཙ་ན་བདུན་ནོ། །
འདི་ལ་འདྲེན་ལུགས་གཞན་ཡང་ཡོད་དེ། སྔོན་གྱི་བཀའ་ཆེམས་རྙིང་མ་ལས། ༡ སྦས་རཏྣ་རཀྵི་ཏ་རིན་ཆེན་སྲུང་བ། ༢ ཛྙཱནྟྲ་རཀྵི་ཏ་ཡེ་ཤེས་དབང་པོ་སྲུང་བ། ༣ རེརྣ་ནྟྲ་རཀྵི་ཏ་རིན་ཆེན་དབང་པོ་སྲུང་བ། ༤ རླངས་སུ་ག་ཏ་ཝརྨ་རཀྵི་ཏ་བདེ་བར་གཤེགས་པའི་ཆོ་ག་སྲུང་བ། ༥ བཻ་རོ་ཙ་ན་རཀྴི་ཏ་རྣམ་པར་སྣང་མཛད་སྲུང་བ། ༦ འཁོན་ན་གིནྟྲ་རཀྴི་ཏ་ཀླུའི་དབང་པོ་སྲུང་བ། ༧ ཙང་པ་དེ་ཝནྟྲ་རཀྴི་ཏ་ལྷའི་དབང་པོ་སྲུང་བ་དང་བདུན་ནོ། །ཞེས་གསལ་བ་ལྟར་སད་མི་བདུན་པོ་རྣམས་ལོ་ཙཱ་བ་ཤ་སྟག་ཡིན་ལ། སད་མི་བདུན་ལས་དྲུག་ནི་བུ་སྟོན་ཆོས་འབྱུང་དུ་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བརྒྱ་དང་གོ་གཉིས་ཀྱི་མཚན་གཞུང་དུའང་གསལ་ལོ།།
དེ་བཞིན་བུ་སྟོན་ (1290-1364) ཆོས་འབྱུང་ལས[1]། ས་མོ་ཡོས་ལ་ཚར་ནས་ཨཱ་ཙཱརྱ་བོ་དྷི་ས་ཏྭ་དང་། པདྨ་སཾ་བྷ་ཝས་རབ་གནས་མཛད། ལོ་བཅུ་གསུམ་དུ་དགའ་སྟོན་བྱས་ཏེ། ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ་བོད་ལ་བཙུན་པ་བཏུབ་མི་བཏུབ་སད་པའི་ཕྱིར་དུ་སད་མི་མི་བདུན་རབ་ཏུ་བྱུང་སྟེ་རྒན་གསུམ་ནི་དབའ་མཉྫུ་ཤྲཱི། དབའ་རཏྣ་རཀྟི་ཏ། བྲན་ཀ་མུ་ཏི་ཀ །གཞོན་གསུམ་ནི་འཁོན་ནཱ་གེནྡྲ། པ་གོར་བཻ་རོ་ཙ་ན། རྩངས་དེ་ཝེནྡྲའོ། །བར་པ་གླང་ཀ་ཏ་ན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་ཡིན་ལ། མཁན་པོ་དཱ་ན་ཤཱི་ལས་བྱས་ཞེས་ཁ་ཅིག་ཟེར་རོ། །མཁན་པོ་བོ་དྷི་ས་ཏྭས་བྱས་ནས་ཐོག་མར་བྱ་ཁྲི་གཟིགས་རབ་ཏུ་ཕྱུང་བས་ (གཞན་ཡང་བློན་སྲས་སུམ་བརྒྱ་རབ་ཏུ་བྱུང་།) མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་སྦ་གསལ་སྣང་། འབའ་ཁྲི་བཞེར་སང་ཤི་ཏ། པ་གོར་བཻ་རོ་ཙ་ན་རཀྵི་ཏ། ངན་ལམ་རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ་སྲུང་བ། རྨ་ཨཱ་ཙཱརྱ་རིན་ཆེན་མཆོག །གཙང་ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་དང་། དཔལ་དབྱངས་ལ་སོགས་པ་ཡིན། སད་མི་མི་བདུན་ཡིན་ཟེར་རོ། །མིང་གི་མཐའ་ལ་བརྟགས་ན། བོ་དྷི་ས་ཏྭའི་མཚན་ཤཱནྟི་རཀྵི་ཏ་ཡིན་པས་དེའི་མཁན་བུར་གསལ་ལ། མཁན་བརྒྱུད་ནི། ཤཱ་རིའི་བུ། སྒྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། མཁན་པོ་བོ་དྷི་ས་ཏྭ་རྣམས་བསམ་ཡས་ཀྱི་གྱང་རིས་ལ་ཡོད་དོ། །ཞེས་བྱུང་།
དེ་ནི་མ་དག་པའི་སྐོར་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[2]། བྱུང་བ་འདི་ལྟར། བཙན་པོའི་ཞལ་ནས་ངའི་བོད་ལ་དགེ་སློང་མེད་པས་ངའི་ཞང་བློན་དག་ལ་དགེ་སློང་བཏུབ་བམ་ཞུས་པས་སློབ་དཔོན་གྱིས་བཏུབ་བམ་སད་ཅིག་གསུངས་ཏེ་སྐད་བསླབས་པ་ཚོ་ལས་ཐོག་མར་བོད་ལ་དད་པ་ཆེ་བའི་རྦ་ཁྲི་གཟིགས་རབ་ཏུ་ཕྱུང་སྟེ་དགེ་སློང་བྱས། མཚན་དཔལ་དབྱངས་སུ་བཏགས། ལྔའི་མངོན་པར་ཤེས་པ་དང་ལྡན་པས་བཙན་པོ་དགྱེས་ཏེ་དེའི་ཞབས་སྤྱི་བོར་བླངས་ཏེ་ཁྱོད་བོད་ཀྱི་རིན་པོ་ཆེ་ཡིན་ཞེས་བཀའ་སྩལ་མཚན་ཡང་རྦ་རཏྣ་ཞེས་ཐོགས། བོད་ཀྱི་རབ་བྱུང་ལ་སྔ་བ་དེ་ཡིན་ནོ། །ད་དུང་རབ་ཏུ་ཕྱུང་ཞིག་ཞུས་པས། སད་ཅིག་གསུངས་ནས་རྦ་གསལ་སྣང་དང༌། པ་གོར་བཻ་རོ་ཙ་ན་དང༌། ངན་ལམ་རྒྱལ་བ་མཆོག་དབྱངས་དང༌། རྨ་ཨཱ་ཙརྱ་རིན་ཆེན་མཆོག་དང༌། ལས་གསུམ་རྒྱལ་བ་བྱང་ཆུབ་དང་ལྔ་དགེ་སློང་བྱས་ཏེ་གསལ་སྣང་ལ་སྔར་སེམས་སྐྱེད་ཞུས་པའི་ཚེ་བཏགས་པའི་མིང་ཡེ་ཤེས་དབང་པོ་བཏགས། དེ་ལ་སོགས་པ་བཏགས་ནས་སད་མི་དྲུག་རབ་ཏུ་བྱུང་ངོ་ཞེས་བྱུང་ངོ༌། །འདི་དག་ཏུ་ཡི་གེ་མ་དག་པ་འཕེལ་བ་ལས་སྔར་གྱི་རྒྱ་ཕྲུག་གར་མཁན་དེ་ལ་ཡང་རྦ་སང་ཤི་ཞེས་བྲིས་པ་སོགས་སྣང་ཡང་རྦ་རཏྣ་ནི་རྦ་ཁྲི་བཞེར་གྱི་བུར་བཤད་ལ་རྒྱ་ཕྲུག་སང་ཤི་ནི་རྒྱ་ནག་གི་ཕོ་ཉའི་བུ་ཡིན་པས་རྦའི་རུས་སུ་མི་འོང་ལ། ཡང་བྱ་ཁྲི་གཟིགས་ཞེས་བྲིས་པ་དུ་མ་ཡོད་ཀྱང་ཡི་གེ་ཉམས་པ་སྟེ། རུས་དེ་གཉིས་ཀྱི་གཞི་མཐུན་མི་སྲིད་དོ། །བོ་དྷི་ས་ཏྭའི་མཚན་ཤཱནྟ་རཀྵི་ཏའི་ཟུར་གྱི་རཀྵི་ཏ་འདི་རྣམས་གྱི་མིང་མཐར་ལྡན་པ་སྟེ་བཻ་རོ་ཙ་ན་རཀྵི་ཏ་ཅེས་སོགས་ཡོད་པར་སྣང་ངོ༌། །ཁ་ཅིག་རྦ་བཞེད་ཀྱི་སད་མི་དྲུག་པོའི་ལེགས་གསུམ་གྱི་ཚབ་ཏུ་གཙང་ལེགས་གྲུབ་བརྗེས། ངན་ལམ་གྱི་འོག་ཏུ་འཁོན་ཀླུའི་དབང་པོ་བཅུག་པ་ལ་སད་མི་བདུན་བྱེད་པར་སྣང་ངོ༌།།
བུ་སྟོན་ཆོས་འབྱུང་དུའང་པར་བརྐོ་དུས་ཞུས་དག་པས་ཉམས་པ་ཡིན་ནམ་ཀུན་མཁྱེན་བུ་སྟོན་ལྟ་བུ་འདི་ཙམ་ལ་མི་འཁྲུལ་མོད་ཀྱང་ཐོག་མར་རྦ་ཁྲི་གཟིགས་རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །དེ་ནས་རྦ་གསལ་སྣང༌། རྦ་ཁྲི་བཞེར། སང་ཤི་ཏ། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་མཆོག །འཁོན་ཀླུའི་དབང་པོ་སྲུང་བ། རྨ་རིན་ཆེན་མཆོག །གཙང་ལེགས་གྲུབ་དང་བདུན་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་དབང་པོ་དང་དཔལ་དབྱངས་ལ་སོགས་པ་ཡིན། སད་མི་བདུན་ཡིན་ཟེར་རོ་ཞེས་རྦ་ཁྲི་གཟིགས་དང་པོ་དང་གསུམ་པ་གཉིས་ཀར་ལན་རེ་བགྲངས། ཁྲི་བཞེར་གྱི་བུ་སང་ཤི་ཏ་ཞེས་པའི་བུ་དང་རྣམ་དབྱེ་ཆད། གཅོད་མཚམས་ཉམས་པས་མིང་གཉིས་སུ་སོང༌། དགུའམ་བརྒྱད་བགྲངས་ནས་མི་བདུན་ཡིན་ཞེས་པ་དང༌། རྦ་རཏྣའི་མིང་ཡེ་ཤེས་དབང་པོ་ཡིན་པ་འདྲ་བ་སོགས་ནག་ནོག་ཆེ་བར་སྣང་ངོ༌།།
སྔ་རབས་མང་པོ་ཞིག་ནི་རྦ་མཉྫུ་འཇམ་དཔལ་གོ་ཆ་ཤྲཱི་ཝརྨ། (འཇམ་དཔལ་གོ་ཆ།) རྩངས་དེ་ཝེནྡྲ་ (ལྷ་དབང་སྲུང་བ་) རཀྵི་ཏ། བྲན་ཀ་མུ་ཁེནྡྲ་ (རཀྵི་ཏ་) (སྒོའི་དབང་པོ་སྲུང་བ་) སྟེ་རྒན་གསུམ། བར་པ་རླངས་ཁམས་པ་གོ་ཆ། གཞོན་པ་འཁོན་ནཱ་ (ཀླུའི་དབང་པོ་) གེནྡྲ། པ་གོར་ (ནམ་སྣང་) བཻ་རོ་ཙ་ན། རྨ་ཨཱ་ཙརྱ་རིན་ཆེན་མཆོག་སྟེ་གསུམ་རྣམས་སད་མི་བདུན་དུ་འཆད་དོ། །ཁ་ཅིག་རྦ་རཏྣ་མཆིམས་ཤཱཀྱ་པྲ་བྷ། གཙང་ལེགས་གྲུབ། བཻ་རོ་ཙ་ན། ཞང་ལྷ་བུ། ཤུད་བུ་ཁོང་ལེགས། ཡེ་ཤེས་དབང་པོ་དང་བདུན་ནོ་ཞེས་སོགས་འདོད་ལུགས་མང་དུ་སྣང་ཡང་རྦ་བཞེད་ཀྱི་ལུགས་གཙོ་བོར་བཟུང་སྟེ་ལོ་རྒྱུས་ཆེན་མོ་ལས་ཀྱང༌།
དགེ་སློང་སྡོམ་པ་སྔ་བ་རྦ་ཡི་བནྡྷེ་གཉིས། །བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། །
བློ་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག །ཐོས་པ་ཆེ་རབ་ལས་གསུམ་བྱང་ཆུབ་རྒྱལ། །
མཁས་པའི་ཡང་རབ་བཻ་རོ་ཙ་ན་ཡིན། །
ཞེས་རྦ་བཞེད་ཀྱི་དྲུག་པོའི་སྟེང་དུ་ལྷ་ལུང་རབ་འབྱོར་དབྱངས་བསྣན་པ་ལ་སད་མི་བདུན་དང༌། དེའི་ཁར་ན་སྐུ་མཐུའི་རབ་ནི་ནམ་མཁའ་སྙིང་པོ་སྟེ། ། བསོད་ནམས་ཆེ་རབ་ཁྲི་སྲོང་ལྡེ་བཙན་ཡིན། ། ཞེས་དེ་གཉིས་བསྣན་པས་བོད་ཡུལ་ན་རབ་ཀྱི་མི་དགུ་ཞེས་འཆད་པར་སྣང་བའི་ཕྱིར་རོ། ། ཞེས་དོགས་དཔྱོད་དང་བཅས་ཏེ་གསལ་བར་གསུངས་ལ། གཞན་ཡང་བློན་པོ་བཀའི་ཐང་ཡིག་ལས[3]། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིསཿ བོད་ཀྱི་སད་མི་མི་བདུན་རབ་ཏུ་བྱུངཿ སྦ་གསལ་སྣངཿ སྦ་དཔལ་དབྱངསཿ ལ་གསུམ་རྒྱལ་བ་མཆོགཿ ལྷ་ལུང་དཔལ་གྱི་རྡོ་རྗེཿ རྨ་རིན་ཆེན་མཆོགཿ སྦ་ཁྲི་བཞེརཿ བཻ་རོ་ཙ་ན་དང་བདུན་ནོཿ ཞེས་གསལ་ལོ།།
གཞན་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་མཁན་ཆེན་བྷོ་དྷི་སཏྭས་བོད་མིས་རབ་བྱུང་གི་བསླབ་སྡོམ་སྲུང་ནུས་མི་ནུས་ཚོད་བལྟའི་ཕྱིར་དུ་ཐམས་ཅད་ཡོད་སྨྲའི་ལུགས་བཞིན་ཐོག་མར་རབ་ཏུ་བྱུང་བ་མི་བདུན་ཏེ། 1) སྦ་གསལ་སྣང༌དང་། 2) མཆིམས་ཤཱཀྱ་པྲ་བྷ། 3) པ་གོར་བཻ་རོ་ཙ་ན། 4) ངན་ལམ་རྒྱལ་བ་མཆོག་དབྱངས། 5) རྨ་རིན་ཆེན་མཆོག། 6) འཁོན་ཀླུའི་དབང་པོ། 7) གཙང་ལེགས་གྲུབ་རྣམས་སོ། །སྦ་ཡེ་ཤེས་དབང་པོ་རབ་ཏུ་བྱུང་བའི་མཚན་འཁོན་ཀླུའི་དབང་པོ་ཡིན་པར་ཡང་བཤད། །ལོ་རྒྱུས་གཅིག་ལ་འཁོན་ཀླུའི་དབང་པོ་སད་མི་མི་བདུན་ལ་མི་ཐེ་ཟེར་འདུག་ཀྱང་བརྟགས་པའི་ཆོས་སོ། །ཞེས་གསུངས་པ་ལྟར་ཐོག་མར་རབ་ཏུ་བྱུང་བའི་སད་མི་བདུན་དུ་གྲགས་པ་ནི། ༡ སྦ་ཁྲི་བཞེར། (འདི་བོད་ཀྱི་རབ་བྱུང་གི་དང་པོ་ཡིན། ཞེས་རྒྱལ་རབས་སྦ་བཞེད་ཞབས་བཏགས་མ་ (༥༥) དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ (༣༦༠) སོགས་སུ་གསལ་ལོ།།) འདི་ལ་སྦ་ཁྲི་བཞེར་དང་། སྦ་ཁྲི་གཟིགས། སྦ་རཏྣ། རྦ་ཁྲི་གཟིགས། རྦ་ཁྲི་བཞེར། རྦ་རཏྣ། བྱ་ཁྲི་གཟིགས། དཔལ་དབྱངས་བཅས་ཞུ་ཞིང་། འདི་ལ་སྦ་དང་། རྦ། འབའ། དབའ། བྷ་ཞེས་དག་སྡེབ་འབྲི་ཚུལ་སྣ་ཚོགས་ཀྱང་མཆིས་སོ།།
༢ སྦ་གསལ་སྣང་། (སྦ་གསལ་སྣང་དང་། གསལ་སྣང་། ཡེ་ཤེས་དབང་པོ། སྦ་ཡེ་ཤེས་དབང་པོ་རྣམས་དོན་གཅིག་ཡིན། སྦ་གསལ་སྣང་གིས་བལ་ཡུལ་དུ་མཁན་ཆེན་ཞི་བ་འཚོ་དང་མཇལ་ཏེ་མང་ཡུལ་དུ་སྤྱན་དྲངས་ནས་གཙུག་ལག་ཁང་བཞེངས་ཤིང་སེམས་བསྐྱེད་དེ་མཁན་ཆེན་གྱིས་མཚན་ཡེ་ཤེས་དབང་པོ་ཞེས་བཏགས་སོ། །ལོ་རྒྱུས་ཡིག་ཆ་མང་པོར། སྦ་གསལ་སྣང་སད་མི་བདུན་གྱི་དང་པོར་བགྲངས་མོད། བུ་སྟོན་ཆོས་འབྱུང་ལས་ནི། སྦ་གསལ་སྣང་གཉིས་པར་བགྲངས་ཡོད། མཁན་ཆེན་ཞི་བ་འཚོ་སྤྱན་འདྲེན་དུ་བལ་ཡུལ་དུ་ཕེབས་ཤིང་། རྒྱ་ནག་ཏུའང་ཆོས་འཚོལ་དུ་ཕེབས་སྐོར་བུ་སྟོན་ཆོས་འབྱུང་ (༡༨༥) དང་། རྒྱལ་རབས་གསལ་བའི་མེ་ལོང་ (༢༠༣) སོགས་སུ་གསལ་ལོ།།)
༣ བཻ་རོ་ཙ་ན། ༤ རྒྱལ་བ་མཆོག་དབྱངས། ༥ རྨ་རིན་ཆེན་མཆོག། ༦ འཁོན་ཀླུའི་དབང་པོ། (ཀླུའི་དབང་པོ་འདི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ནང་བློན་དུ་གཏོགས་པ་འཁོན་དཔའ་བོ་ཆེ་ལ་སྲས་བཞི་ཡོད་པའི་གསུམ་པ་དེ་ཡིན་པར། དེབ་སྔོན་སྟོད་ཆ་ (༢༦༢) ན་གསལ།) ༧ གཙང་ལེགས་གྲུབ་སྟེ་བདུན་ནོ། །བདུན་པོ་འདི་རྣམས་ནི་བོད་ཀྱི་རབ་བྱུང་གི་ཐོག་མ་ཡིན་ལ། སད་མི་དྲུག་དང་སད་མི་བདུན་[5]ལ་མི་མཐུན་པ་མང་ལ། སད་མི་བདུན་གང་དག་ཡིན་མིན་དང་། དེ་དག་གི་གོ་རིམ་སོགས་ལའང་དེབ་ཐེར་ཁག་ཏུ་མི་མཐུན་པ་མང་བས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༨༦
[2] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༣༦༠
[3] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༤༨
[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༣༧
[5] སད་མི་བཅུ་གསུམ། ༡ དགེ་སློང་ལ་སྔ་བ་རྦའི་བནྡེ་གཉིས་ཏེ་རྦ་གསལ་སྣང་དང་། ༢ རྦ་གསལ་སྦྱར་རོ། །༣ བཙུན་པ་ལ་སྔ་བ་སྟེ་ངན་ལམ་དང་། ༤ ལྷ་ལུང་དཔལ་གྱི་རྡོ་རྗེ། ༥ བློ་རྣོ་བ་ཡོན་ཏན་སྙིང་པོ། ༦ ལ་གསུམ་རྒྱལ་བ་བྱང་ཆུབ། ༧ མཁས་པ་བཻ་རོ་ཙ་ན་བཅས་ལྔའོ། །འདི་ཡན་སད་མི་བདུན་དུ་གྲགས། ༨ གནས་བརྟན་ལ་སྔ་བ་གསུམ་སྟེ། འོར་རྒྱད་ཁ་ཕུན་དང་། ༩ སྨན་ཤཱཀྱ། ༡༠ འགར་ཤཱཀྱའོ། །༡༡ མཐུ་ཆེ་བ་གསུམ་སྟེ་སྣུབས་ནམ་མཁའི་སྙིང་པོ་དང་། ༡༢ བློ་རྣོ་བ་ཡོན་ཏན་སྙིང་པོ། ༡༣ བློ་རྣོ་བ་ཤེས་རབ་དང་ལྡན་པ་རླངས་ཁམས་པ་གོ་ཆ་རྣམས་སོ། །(བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་ ༧༧༦) ཞེས་བྱུང་།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༩ ནས་ ༢༧༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།