བོད་ཀྱི་ནང་ཆོས་ནཱ་ལེནྡྲ་ནས་བརྒྱུད་ཚུལ།
རང་རེ་བོད་ལ་སངས་རྒྱས་ཀྱི་ཆོས་ཡོད་པ་དེ་ནམ་རྒྱུན་རྗོད་བཞིན་པ་ལྟར། དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་དང་། ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ལྟ་བུ་ནི་མགོན་པོ་ཀླུ་སྒྲུབ་ཡིན། ཀླུ་སྒྲུབ་ཡབ་སྲས་དང་ཟླ་བ་གྲགས་པ་རྣམས་ནི་མདོ་སྔགས་ཡོངས་རྫོགས་ལ་གོ་བ་སྐྱེད་ཐུབ་པའི་གཞུང་ཕུལ་དུ་བྱུང་བའི་ལེགས་བཤད་མཛད་མཁན་རེད།
ཡུམ་དོན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བཀྲལ་བ་དང་། གསང་སྔགས་ཀྱི་སྐོར་ལ་རྒྱུད་རྒྱལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་གཞུང་དེ་དག་མཛད་ཅིང་། དེ་ནས་རིམ་གྱིས་བོད་དུ་དར་ཏེ། སངས་རྒྱས་ཀྱི་ཆོས་དེ་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཏེ། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཉམས་ལེན་བྱེད་དུ་ཡོད་པ་འདི་འདྲ་བྱུང་། སྔར་ཀླུ་སྒྲུབ་མ་བྱོན་གོང་ནས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་པར་སྒྲུབ་མཁན་དང་གསུང་མཁན་བྱུང་བས། དེ་ལ་བརྟེན་ནས་ཐེག་ཆེན་བཀའ་སྒྲུབ་ཀྱི་རིགས་བྱུང་། བྱེ་བྲག་ཏུ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་སངས་རྒྱས་ཀྱི་ཆོས་མིན་པར་འདོད་མཁན་ཡོད་ཅིང་། དུས་དེང་སང་ཡང་ཐའེ་ལན་ཌི་སོགས་ན་བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་རྣམ་དག་མིན་པར་བརྗོད་མཁན་ཡོད། ཁོང་ཚོས་རྒྱུ་མཚན་གཙོ་བོ་འདྲེན་རྒྱུར་གསང་སྔགས་སྤྱི་དང་བླ་མེད་ལ་ལྷ་ཡབ་ཡུམ་ཡོད་པ་དང་། སྒོམ་དུས་དེ་འདྲ་ཡོད་པས། ཆོས་རྣམ་དག་མིན་པར་འདོད་མཁན་ཡང་ཡོང་གི་ཡོད།
སྤྱིར་ངོས་ལ་ཡེ་ཤུའི་ཆོས་པ་ངོ་ཤེས་པ་དང་འཆམ་པོ་མང་པོ་ཡོད། ཡུ་རོབ་ཨོས་སི་ཊྲི་ལི་ཡར་སྔོན་མ་ནས་ངོ་ཤེས་པའི་ཡེ་ཤུའི་བླ་མ་ཞིག་ཡོད་པ་ཁ་སྔོན་ངོས་དང་ཐུག །ཉིན་གཅིག་ངོས་ཀྱིས་གཏམ་བཤད་བྱེད་པའི་སྐབས་སུ། ངོས་ཀྱི་ངོ་སྤྲོད་དེ་ཁོང་གིས་གནང་། དེ་དུས་ཁོང་གིས་ངོས་ཡེ་ཤུའི་ཆོས་པ་རྣམ་དག་ཅིག་རེད་ཅེས་འགྲེལ་བཤད་བསྐྱོན་སོང་། དེའི་རྗེས་སུ་ངོས་ཀྱིས་གཏམ་བཤད་བྱེད་སྐབས་ཁོང་ལ་མཛུབ་མོ་བཙུགས་ནས། ཁྱེད་རང་ནང་པའི་ཆོས་པ་ཚད་ལྡན་ཞིག་རེད་དྲན་གྱི་འདུག་ཅེས་བརྗོད་པ་ཡིན། དེར་དགོངས་པ་བཞེས་རྒྱུ་འདུག་སྟེ། བྱམས་པ་དང་། བརྩེ་བ་དང་། བཟོད་པ་དང་། ཆོག་ཤེས་དེ་རིགས་ཉམས་ལེན་གཅིག་མཚུངས་སུ་བྱེད་པ་ཡིན།
ལྟ་བའི་ཆ་ནས་བརྗོད་ན་ཁྱད་པར་ཡོད། དེ་ནི་རང་སྡེ་གྲུབ་མཐའ་སྨྲ་བ་བཞི་ཡང་ལྟ་བར་ཁྱད་པར་ཡོད། ལྟ་བ་གོང་མ་གོང་མས་འོག་མར་གཟིགས་ན་རྟག་མཐར་ལྷུང་ཡོད། འོག་མ་འོག་མའི་ལྟ་བར་ཡིད་ཆེས་བྱེད་མཁན་ཞིག་གིས་གོང་མ་གོང་མར་བལྟས་ན་ཆད་ལྟར་མཐོང་བ་ཡིན། དངོས་སུ་བྱམས་པ་དང་བརྩེ་བ་ལ་སོགས་པའི་ཉམས་ལེན་བྱེད་རྒྱུ་དེ་དག་རང་རེར་གཅིག་གྱུར་ཡོད། དེར་བརྟེན་ཁོང་གིས་དགོངས་པ་དེ་བཞེས་ནས་ངོས་ལ་བརྗོད་ཅིང་། ངོས་ནས་ཀྱང་དེ་འདྲའི་བསམ་བློ་བཏང་ནས་ནང་པ་ཡག་པོ་ཞིག་ལ་ངོས་འཛིན་གྱི་ཡོད་ཅེས་བརྗོད།
ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༢ དང་ ༡༣ལ་ྋགོང་ས་མཆོག་ནས་རྫོང་དཀར་ཆོས་སྡེ་གྲྭ་ཚང་དུ་དད་ལྡན་ཆོས་ཞུ་བ་ཁྲི་བརྒལ་བར་བཅོམ་ལྡན་འདས་དཔལ་འཇམ་དཔལ་གཤིན་རྗེ་གཤེད་དགྲ་ནག་བཅུ་གསུམ་མའི་དབང་ཆེན་སྨིན་སྩོལ་སྐབས་ཀྱི་དབང་བཤད་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།