༄༅། །བསྟན་འགྱུར་དཔེ་བསྡུར་མའི་གསལ་བཤད་ཤེས་བྱའི་གཏེར་སྒོ་འབྱེད་པའི་འཕྲུལ་གྱི་ལྡེ་མིག།
དེ་ཡང་རྒྱལ་བའི་བཀའ་དང་དེའི་དགོངས་པ་འགྲེལ་བའི་བསྟན་བཅོས་བོད་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་གྲགས་པ་ལས། བཀའ་འགྱུར་གྱི་དཔེ་གཞི་ཆ་ཚང་སྔར་བསྡུ་རུབ་བྱས་པ་ཡིན། སྔོན་དུ་བསྟན་འགྱུར་དཔེ་བསྡུར་ཞུས་ནས་དཔེ་བསྐྲུན་བྱས་པ་ཡིན།
འདིར་བསྟན་འགྱུར་དཔེ་བསྡུར་མ་ཞེས་འབྱུང་བ་ནི། འཛམ་གླིང་ཐོག་ཏུ་བོད་ཡིག་གི་བསྟན་འགྱུར་ཤིང་པར་དུ་འཁོད་མྱོང་བའི་དཔེ་གཞི་བཞི་ཁོ་ན་ཡིན་པ་ལས། སྡེ་དགེའི་བསྟན་འགྱུར་ནི་དག་ཅིང་ཡིག་སྐྱོན་ཉུང་བ། ཆ་ཚང་ཞིང་རྒྱས་པ། གྲགས་ཆེ་ཞིང་ཀུན་གྱིས་ཁས་ལེན་པ་སོགས་རྒྱུ་མཚན་དུ་མས་འདིར་བསྡུས་གཞིའམ་གཙོ་གཞིར་ (གཞུང་ཡིག་ཏུ་བཟུང་) བཟུང་བ་དང་། པེ་ཅིན་བསྟན་འགྱུར་དང་། སྣར་ཐང་བསྟན་འགྱུར། ཅོ་ནེའི་བསྟན་འགྱུར་བཅས་ནི་ཟུར་བལྟའི་པར་མའི་ནང་དུ་ཆོས་ཚན་དང་། ལེའུ། ཚིག་འབྲུ་སོགས་ཆད་པ་དང་། ལྷག་པ། མི་འདྲ་བ་བྱུང་བ་རྣམས་བསྡུར་གཞིའམ་གཞུང་ཡིག་གི་བསྡུར་མཆན་དང་བསྡུར་འབྲས་རེའུ་མིག་ཏུ་མཆན་དུ་བཏབ་ནས་བཀོད་ཡོད་པ་སོགས་ཏེ། མདོར་ན་སྔོན་མའི་མ་དཔེ་རྣམས་ལས་ཆ་ཚང་ཞིང་། སྤུས་དག་ལ་ཚད་མར་གྱུར་པ་ཞིག་ཡོང་བར་དམིགས། ནང་དོན་ཐོག་བཅོས་བསླད་རྩ་བ་ནས་མེད་པ་གཞིར་བྱས། དཔེ་སྐྲུན་ཐད་དེང་སྐབས་ཀྱི་དགེ་མཚན་རྣམ་པར་སྤྱད་དེ་པར་བསྐྲུན་ཞུས་ཡོད་པ་སྟེ། གཤམ་དུ་གསལ་བཤད་ཞིབ་ཏུ་ཞུས་པར་མཁྱེན་པའི་སྤྱན་རས་དལ་གྱིས་གཡོ་བར་འཚལ།
དང་པོ། བསྟན་འགྱུར་པར་གཞི་ཁག་གི་མཚམས་སྦྱོར་མདོར་བསྡུས།
ཀ༽ སྡེ་དགེའི་བསྟན་འགྱུར།
༡༽ སྡེ་དགེའི་བསྟན་འགྱུར་ཞེས་ཡོངས་སུ་གྲགས་པ་ནི། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ཆེན་པོ་ལ་མངའ་གསོལ་བའི་གདན་རབས་སུམ་ཅུ་པ་འཇམ་དབྱངས་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་གིས་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་འཚལ་པར་དུ་བསྒྲུབ་པར་བསྐུལ་བ་ལྟར། བོད་རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ་ལོ་སྟེ་ཕྱི་ལོ་ ༡༧༣༧ ལོར་ཁམས་སྡེ་དགེའི་རྒྱལ་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བགྱིས་ཏེ་པར་དུ་བརྐོ་བའི་དབུ་བརྩམས། གླེགས་བམ་བདུན་ཙམ་ཚར་མཚམས་ཆོས་རྒྱལ་དགོངས་པ་རྫོགས་ཀྱང་། དེའི་སྲས་སྡོམ་བརྩོན་རྒྱལ་པོའི་ཚུལ་ཅན་བླ་མ་ཀུན་དགའ་འཕྲིན་ལས་རྒྱ་མཚོས་པར་བརྐོའི་ལས་མཇུག་མཐར་ཕྱིན་པར་བསྐྱངས་ནས་ཤིང་བྱི་ཕྱི་ལོ་ ༡༧༤༤ ལོ་སྟེ་བགྲང་བྱ་བདུན་གྱི་རིང་ལ་ཞུས་དག་དང་བཅས་གྲུབ་པར་མཛད་དོ།།
༢༽ བསྟན་འགྱུར་འདིའི་ཕྱི་མོ་ནི། འགྲོ་མགོན་ཆོས་འཕགས་ཀྱི་སློབ་མ་སྒ་ཨ་གཉན་དམ་པའམ་ཨ་གཉན་པཀྵི་ཞེས་ཡོངས་སུ་གྲགས་པའི་དབོན་པོ་ཞིག་གིས་ཞ་ལུའི་དཔེ་ལྟར་བཞེངས་པའི་བསྟན་འགྱུར་ཞིག་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞྭ་དམར་ཆོས་གྲགས་ཀྱིས་བཞེངས་པའི་དཔེ་ལྟར་བཞེངས་པའི་བྲིས་མ་དང་། ཀརྨ་པ་ན་རིམ་གྱི་ཐུགས་དམ་གྱི་རྟེན་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་སྩལ་བའི་བསྟན་འགྱུར་དང་། ཆོས་རྒྱལ་རང་ཉིད་ཀྱིས་མཐིང་ཤོག་ལ་དངུལ་བྲིས་ཀྱིས་བཞེངས་པའི་བསྟན་འགྱུར་རྣམས་བསྡུར་ཞིང་ཞུས་ནས་པར་དུ་བསྒྲུབས་པ་ཡིན་ལ། དེ་ལས་སི་ཏུའི་བསྟན་འགྱུར་ནི་ཆ་ལག་ཚང་ཞིང་རྒྱས་པས་གཙོ་བོར་བཟུང་བར་བཤད་དོ།།
༣༽ བསྟན་འགྱུར་འདིའི་ཡི་གེ་མཁན་དང་། ཞུ་དག་མཁན་རྣམས་ཀྱི་སློབ་དཔོན་པའམ་ཞུས་ཆེན་པ་ནི། ལྔ་རིག་སྨྲ་དབང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ཡིན་ལ། ཁོང་གིས་བསྟན་འགྱུར་པར་དུ་བསྒྲུབས་ཟིན་པ་དང་དུས་མཚུངས་སུ་དཀར་ཆག་ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་འཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ཞེས་པའང་བརྩམས་གྲུབ་ཅིང་། དེའི་བརྗོད་བྱ་ནི་ཡིད་ཆེས་སྐྱེ་སླད་བསྟན་པ་གང་ལས་བྱུང་བ་དང་། སྤྲོ་བ་འཕེལ་ཕྱིར་མཁས་པ་རྣམས་ཀྱིས་བསྟན་པར་བྱ་བ་བྱས་ཚུལ། དགྲོལ་བྱ་དམ་པའི་ཆོས་ཀྱི་རྣམ་གཞག །འགྲེལ་བྱེད་བསྟན་བཅོས་ཀྱི་རྣམ་གཞག །བསྟན་པའི་ཆེད་དུ་དགོངས་འགྲེལ་པར་དུ་བསྒྲུབ་པར་བསྐུལ་བ། ཇི་ལྟར་བསྐུལ་བ་བཞིན་པར་དུ་སྒྲུབ་ཚུལ། རྟོགས་བདེའི་ཕྱིར་ཆོས་ཀྱི་བཞུགས་བྱང་བཀོད་པ། བྱ་བ་དོན་ལྡན་བྱ་ཕྱིར་དགེ་བ་བྱང་ཆུབ་ཏུ་བསྔོ་བ་སྟེ་ས་བཅད་ཆེན་པོ་བརྒྱད་ཀྱིས་བསྟན་ཡོད་ལ། འདི་ནི་བསྟན་འགྱུར་དཀར་ཆག་རྣམས་ལས་ཆེས་རྒྱས་པ་ཞིག་གོ།
༤༽ བསྟན་འགྱུར་འདིའི་སྒྲིག་རིམ་ནི། ཐོག་མར་བསྟན་འགྱུར་སྤྱིའི་མཆོད་བརྗོད་ཀྱི་ཚུལ་དུ་ཡུལ་དམ་པ་ལ་ཚིགས་སུ་བཅད་པས་བསྔགས་པ་བསྟོད་པའི་ཚོགས་དང་། དེ་ནས་བསྟན་བྱ་སྙིང་པོ་མཆོག་དང་དམན་པའི་གོ་རིམ་གྱི་དབང་དུ་བགྱིས་ཏེ། ཐོག་མར་ནང་རིག་པའི་བསྟན་བཅོས་ནས་དབུ་བརྩམས་ཤིང་། དེ་ལའང་རིམ་པར་ཐེག་ཆེན་ཐུན་མིན་དང་ཐུན་མོང་། ཐེག་ཆུང་གི་བསྟན་བཅོས་རྣམས་དང་། དེ་ནས་ཚད་མ་དང་། སྒྲ། གསོ་བ། བཟོ་རིག་པ་སྟེ་རིག་པའི་གནས་ཆེན་རྣམས་དང་། དེ་ནས་བོད་ཀྱི་མཁས་པ་སྔ་རབས་པ་དག་གིས་མཛད་པའི་བསྟན་བཅོས་གཅེས་ཤིང་། དཔེ་དཀོན་ཅི་རིགས་དང་། གསར་བཅུག་མདོ་དང་རིག་གནས་ཀྱི་བསྟན་བཅོས་སྣ་ཚོགས་དང་། དེ་དག་གི་མཐར་བསྔོ་བ་སྨོན་ལམ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་ཀྱིས་མཐའ་བརྒྱན་ཏེ་བསྒྲིགས་ཡོད་ལ། དེ་ལས་ཐེག་ཆེན་ཐུན་མོང་མ་ཡིན་པའམ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་སྟེ་རྒྱུད་ཀྱི་སྐོར་ལ། དགྱེས་པ་རྡོ་རྗེ་དང་། དུས་ཀྱི་འཁོར་ལོ། འཁོར་ལོ་སྡོམ་པ། དཔལ་གདན་བཞི་སོགས་ཆོས་སྐོར་ཉེར་གསུམ་དང་། རྒྱུ་མཚན་ཉིད་ཐེག་པའི་སྐོར་ལ། ཤེར་ཕྱིན་དང་། དབུ་མ། མདོ་སྡེ། སེམས་ཙམ་སོགས་ཆོས་སྐོར་ཆེན་མོ་བདུན་སོགས་སུ་ཕྱེས་ཏེ་བསྒྲིགས་ཡོད་དོ། །
འདིའི་དཀར་ཆག་ཏུ་སྡེ་དགེའི་བསྟན་འགྱུར་ཡོངས་རྫོགས་ལ་གླེགས་བམ་གྱི་གྲངས་བརྒྱ་ཕྲག་གཉིས་ལ་བཀྲ་ཤིས་པའི་གྲངས་ཀྱིས་བརྒྱན་པ་ (༢༠༨) བཞུགས་པར་བཤད་པས། སྣ་ཚོགས་ཀྱི་ཐོ་དང་། དོ། ནོ། པོ་དང་། དཀར་ཆག་ཤྲཱིཿབཅས་ཕྱིས་སུ་བརྐོས་ཏེ་བསྟན་འགྱུར་གྱི་ཁར་བསྣན་པར་ངེས་སོ། །དེ་ལྟར་ན་སྡེ་དགེ་བསྟན་འགྱུར་ལ་བསྡོམས་གླེགས་བམ་ ༢༡༣ དང་། ཡིག་ལྡེབ་ ༦༤༥༡༢ ཡོད་དོ།།
༥༽ གཞན་ཡང་གླེགས་བམ་རྣམས་ཀྱི་དབུ་ཁང་གཡས་གཡོན་དུ་བཞུགས་པའི་སྐུ་བརྙན་ལ། ཐོག་མར་བསྟོད་ཚོགས་ཀྱི་དབུར་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དེའི་བསྟན་པ་ལ་བྱས་པ་ཅན་ས་སྐྱ་པཎྜི་ཏ་གཉིས་དང་། དེ་ནས་རིམ་པར་རྒྱུད་སྡེ་གོང་འོག་གི་འགྲེལ་པ་རྣམས་ལ་རྒྱུད་སྡེ་རང་རང་ནས་འབྱུང་བའི་ཡི་དམ་ལྷའི་གཙོ་བོ་དང་། དེའི་འགྲེལ་བྱེད་ཀྱི་སློབ་དཔོན་དང་། སོ་སོའི་དབང་དང་རྒྱུད་བཤད་ཀྱི་བླ་མ་འགའ་ཞིག་དང་། མཛད་པ་པོ་སོགས་སྔར་བརྐོས་ཟིན་ཏེ་ཟློས་པར་གྱུར་པ་ལ་འདོད་པའི་ལྷ་གཞན་དང་། འཕགས་ཡུལ་གྱི་པཎྜི་ཏ་དང་གྲུབ་ཐོབ། མཐར་རྒྱུད་སྡེ་ནས་བཤད་པའི་ཆོས་སྐྱོང་དང་། ནོར་ལྷ་འགའ་ཞིག་དང་། མདོའི་སྐོར་ལ། མངོན་རྟོགས་རྒྱན་གྱི་དབུར་སྟོན་པ་རྫོགས་པའི་སངས་རྒྱས་དང་། བསྟན་བཅོས་གསུང་བ་པོ་བྱམས་པ་དང་། དེ་ནས་རིམ་པར་སངས་རྒྱས་སུམ་ཅུ་རྩ་ལྔ་དང་། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བཅུ་སོགས་དང་། མེ་ཏོག་བཀོད་པའི་མདོ་ལས་བྱུང་བའི་སངས་རྒྱས་བརྒྱ་ཉི་ཤུ་རྩ་གསུམ་ལས་གང་ཆུད་དང་། མངོན་པར་འཇམ་དཔལ་སོགས་བྱང་ཆུབ་སེམས་དཔའ་བརྒྱད་དང་། འདུལ་བར་ཐུབ་པ་གནས་བརྟན་བཅུ་དྲུག་དང་། ཉན་ཐོས་མཆོག་བརྒྱད། རིག་གནས་སྐོར་ལ། སྔར་གྱི་སངས་རྒྱས་རྣམས་ལས་མ་རྫོགས་པ་རྣམས་ཚང་བར་བཀོད་པ་དང་། བསྟན་བཅོས་རང་རང་གི་མཛད་པ་པོ་དང་། བོད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་དང་རྒྱལ་བློན་འགའ་རེ། སྡེ་དགེའི་མཆོད་ཡོན་རྣམས་དང་། ཆོས་སྤྱིའི་སྲུང་མ་རྒྱལ་པོ་ཆེན་པོ་བཞིའི་སྐུ་བརྙན་བཅས་བྲིས་ཡོད་དོ།།
༦༽ བསྟན་འགྱུར་འདིའི་ཁྱད་ཆོས་གཙོ་བོ་ནི། པར་གཞི་གཞན་དག་ལས་ཆ་ལག་ཚང་ཞིང་། ཡིག་ནོར་ཤིན་ཏུ་ཉུང་བ་དང་། པར་གཞིའི་བཀོད་པ་ལེགས་ལ་དབུ་ལྷ་རྣམས་ཀྱི་བྲིས་རྐོས་སྒྲོས་པ། ཡིག་གཟུགས་གསལ་ཞིང་མཛེས་པས་མཇལ་བ་ཙམ་གྱིས་བོད་ཀྱི་པར་རྐོའི་ལག་རྩལ་གྱི་ཆུ་ཚད་རྟོགས་པས་མ་ཚད། ཀློག་པ་པོའི་འདྲེན་བྱེད་བརྟན་པ་ཟུང་གི་དབང་པོ་དབང་མེད་དུ་འཕྲོག་ནས་བདེ་བ་མི་ཟད་པ་སྐྱེད་ནུས་པའི་ཁྱད་ཆོས་བཅས་ལྡན་ནོ།།
༧༽ བསྟན་འགྱུར་འདི་ཐོག་མར་བཞེངས་སྐབས་མཚལ་པར་ཡིན་པར་གྲགས་ཀྱང་། ཕྱིས་སུ་མཚལ་གོང་ཆེ་བས། གླེགས་བམ་དང་པོ་བསྟོད་ཚོགས་ལས་གླེགས་བམ་ཕྱི་མ་རྣམས་སྣག་པར་དུ་བསྒྱུར་ཐོས་ཤིང་། ད་ལྟ་པར་ཤིང་ཡོངས་རྫོགས་མ་ཉམས་པར་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་སོ།།
གཉིས་པ། པེ་ཅིན་བསྟན་འགྱུར།
པེ་ཅིན་བསྟན་འགྱུར་ནི། བོད་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་སྟེ། རྒྱ་ནག་གི་གོང་མ་གཡུང་ཊི་ཁྲི་ལོ་གཉིས་པ་ཕྱི་ལོ་ ༡༧༢༤ ལོར་དབུ་བརྩམས་ཤིང་། ལྷ་སྐྱོང་ཁྲི་ལོ་གསུམ་པ་སྟེ་ཕྱི་ལོ་ ༡༧༣༨ ལོར་མཇུག་གྲུབ་པར་བགྱིས་ཏེ་པར་དུ་བསྐྲུན་པ་པེ་ཅིན་དུ་བཞུགས་སུ་གསོལ་བ་ལ་ཟེར་ཞིང་། འདིའི་ཕྱི་མོ་ནི་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༦༨༧ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་སྐུ་ཞི་བར་མནལ་ཟིན་པའི་གསང་རྒྱ་མི་བརྟོལ་ཆེད་གང་དེའི་ཞབས་བརྟན་རིམ་གྲོར་བསྒྲགས་ནས། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་དང་། སེ་ར་ཐེག་ཆེན་གླིང་། ལྷ་ལྡན་གཙུག་ལག་ཁང་། འཕྱོངས་རྒྱས་ལ་སོགས་པར་བཞུགས་པའི་ཕྱི་མོ་རྣམས་དང་། དེར་མ་བཞུགས་པ་བུ་སྟོན་རིན་པོ་ཆེ་ནས་དེ་དུས་བར་གྱི་གསར་འགྱུར་དང་། མདོ་དང་སྔགས། རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་པའི་ཁྱོན་ཆོས་ཚན་ ༧༨༠ ཙམ་གསར་དུ་བསྣན་པས། བསྡོམས་ཆོས་ཀྱི་རྣམ་གྲངས་ ༤༢༠༩ ཙམ་དང་། གླེགས་བམ་གྱི་གྲངས་ ༢༢༥ ཡོད་པ་གསར་དུ་བཞེངས་པ་ལ་གཞི་བྱས་ཤིང་། དེའི་དཀར་ཆག་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བྱ་བ་ཡོད་པའི་མཛད་བྱང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་ས་འབྲུག་ལོར་བརྩམས་པར་བྲིས་འདུག་ཀྱང་། དུས་ཚོད་མི་མཐུན་པས་སྡེ་སྲིད་པས་གསང་རྒྱ་བརྟན་ཕྱིར་མཛད་པར་ངེས་སོ། །པེ་ཅིན་བསྟན་འགྱུར་གྱི་ཆོས་ཀྱི་རྣམ་གྲངས་དང་། སྒྲིག་རིམ་སོགས་ཕྱི་མོ་ཇི་བཞིན་དུ་བརྐོས་འདུག་ལ། དཀར་ཆག་ཀྱང་དེ་ཉིད་སོར་བཞག་ལས་གསར་དུ་བརྩམས་མི་འདུག་པས། ཕྱི་མོ་རྒྱ་ནག་ཏུ་ཇི་ལྟར་གདན་དྲངས་པ་སོགས་ད་དུང་ཞིབ་འཇུག་བྱ་བའི་གནས་སོ། །
འོག་ཏུ་འབྱུང་བའི་སྣར་ཐང་བསྟན་འགྱུར་གྱི་ཕྱི་མོའང་སངས་རྒྱམ་པའི་བསྟན་འགྱུར་འདི་ཉིད་ཡིན་པས་པེ་ཅིན་བསྟན་འགྱུར་དང་སྣར་ཐང་བསྟན་འགྱུར་གཉིས་ཀྱི་དག་ཆ་དང་། ཚིག་སྦྱོར་ཤིན་ཏུ་འདྲ་ལ། ཆོས་ཀྱི་ཚན་གྲངས་དང་སྒྲིག་རིམ་སོགས་སྡེ་དགེ་བསྟན་འགྱུར་དང་ཁྱད་པར་མཆིས་པ་དཔེར་ན། སྡེ་དགེ་བསྟན་འགྱུར་གྱི་རྒྱུད་ཀྱི་མགོར་ཀྱེ་རྡོར་དང་། པེ་ཅིན་དང་སྣར་ཐང་བསྟན་འགྱུར་གྱི་རྒྱུད་ཀྱི་མགོ་དུས་ཀྱི་འཁོར་ལོ་ནས་བཟུང་ཡོད་པས་མཚོན་ཞིང་། བྱེད་འབྲེལ་དང་བྱ་ཚིག་སྐོར་ཡང་སྡེ་དགེ་བསྟན་འགྱུར་དང་མི་མཐུན་པ་ཅུང་མང་ཙམ་མཆིས་སོ།།
པར་ཤིང་འདི་བཀང་ཤུས་ཁྲི་ལོ་ཉེར་དྲུག་པ་སྟེ་ཕྱི་ལོ་ ༡༩༠༠ རྒྱལ་བརྒྱད་འབྲེལ་དམག་གིས་ཀྲུང་གོར་བཙན་འཛུལ་བྱེད་སྐབས་བརླགས་ནས། གཅིག་ལས་དུ་མ་འཆར་བའི་འཕྲིན་ལས་ཀྱི་མཐའ་རེ་ཞིག་བརྟུལ་བར་གྱུར་མོད། བོད་རབ་བྱུང་བཅོ་ལྔ་པའི་མཇུག་ཏུ། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བློ་བཟང་ཐུབ་བསྟན་རྒྱ་མཚོ་མཆོག་དང་། ས་དབང་ཚ་རོང་པ་ཟླ་བཟང་དགྲ་འདུལ་གཉིས་ཀྱི་རོགས་རམ་འོག །གོང་མ་བདེ་སྐྱིད་ཀྱིས་བཞེངས་པའི་བཀའ་འགྱུར་དང་བསྟན་འགྱུར་འདི་གཉིས་ཚར་རེ་འཇར་པན་ཏུང་ཅིན་དུ་གདན་དྲངས་ནས། ཏ་གོས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་བཞུགས་སུ་གསོལ་ཞིང་། དེ་རྗེས་ཕྱི་ལོ་ ༡༩༥༥ ལོ་ནས་ ༡༩༥༨ ལོའི་ནང་དུ། ཏ་གོས་སློབ་གྲྭ་ཆེན་མོ་དང་། འཇར་པན་བོད་ཀྱི་བཀའ་བསྟན་ཞིབ་འཇུག་ཁང་གིས་པེ་ཅིན་བཀའ་བསྟན་པར་མ་དེ་གཉིས་བརྙན་པར་བགྱིས་ཏེ་འགྲེམས་སྤེལ་བྱས་པ་དང་། མཚན་བྱང་དུ་བོད་ཀྱི་བཀའ་བསྟན་ཞེས་འཇར་པན་ནམ་རྒྱ་ཡིག་གིས་བྲིས་ཡོད་ཅིང་། དཀར་ཆག་བཅས་བསྡོམས་དེབ་གྲངས་ ༡༥༡ ཡོད་ལ། དེའི་དབུའི་དེབ་ ༤༥ བཀའ་འགྱུར་དང་། ༤༦ པ་མན་ཆད་བསྟན་འགྱུར་ཡིན་ནོ།།
བཀའ་བསྟན་བརྙན་པར་མ་འདིའི་དེབ་ཀྱི་མཛེས་བཀོད་ཤིན་ཏུ་སྤུས་ལེགས་ལ། མིག་ཏུ་སྡུག་ཅིང་བརྗིད་པ་དང་། དེབ་ཤུབས་དང་། དེབ་ལྟག །སྦྱར་ཤོག །མདུན་ཤོག་ཕྱི་ནང་དང་། དཔེ་གཞིའི་ཇུས་འགོད། སྦྱོར་འཛེར་བྱེད་སྟངས། རྒྱུ་ཆ་འདེམས་སྟངས་སོགས་ཤིན་ཏུ་ལེགས་པར་འདུག་གོ །བཀའ་བསྟན་བརྙན་པར་མ་འདི་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མང་པོར་ཁྱབ་ནས་ཡོད་ལ། རྒྱ་ནག་པེ་ཅིང་དཔེ་མཛོད་ཁང་དང་། མི་རིགས་རིག་གནས་ཕོ་བྲང་གི་དཔེ་མཛོད་ཁང་། རྒྱ་ནག་གི་ནང་བསྟན་མཐུན་ཚོགས་དང་། རྒྱ་ནག་མི་རིགས་སློབ་གྲྭའི་དཔེ་མཛོད་ཁང་སོགས་སུའང་བཞུགས་ཡོད། ཉེ་རབས་བོད་ནས་གསར་དུ་ཐོན་པའི་བཀའ་བསྟན་དཔེ་བསྡུར་བྱེད་སྐབས་ཀྱང་པེ་ཅིན་བསྟན་འགྱུར་གྱི་ཚབ་ནི་བརྙན་པར་མ་འདིས་བྱས་པ་ཡིན་ནོ།།
གསུམ་པ། སྣར་ཐང་བསྟན་འགྱུར།
འདིར་སྣར་ཐང་བསྟན་འགྱུར་ཞེས་བརྗོད་པ་ནི། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་པའི་བདག་པོ་མཛད་དེ། བོད་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ཕྱི་ལོ་ ༡༧༤༡ ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་བདུན་དབུ་བརྩམས་ཤིང་། ཆུ་ཁྱི་ཕྱི་ལོ་ ༡༧༤༢ ལོའི་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་སྟེ་བགྲང་བྱ་གཅིག་དང་ཟླ་བ་བདུན་གྱི་རིང་ལ་མཇུག་རྫོགས་པར་བགྱིས་ཏེ། ཤིང་པར་དུ་བསྒྲུབས་པའི་བསྟན་འགྱུར་ལ་བྱ་ཞིང་། འདིའི་ཕྱི་མོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་གྱིས་བགྱིས་པ་དཀར་ཆག་ཏུ་གསལ་ལ། མཇུག་གྲུབ་པའི་ལོ་དེར་ཕུར་བུ་ལྕོག་གི་རི་ཁྲོད་པ་ངག་དབང་བྱམས་པས་བསྟན་བཅོས་འགྱུར་རོ་ཅོག་གསུང་པར་དུ་བསྒྲུབས་པའི་དཀར་ཆག་ཚངས་པའི་དབྱངས་ཞེས་བྱ་བ་བརྩམས་ཤིང་། བསྟན་འགྱུར་འདི་ལ་པོད་གྲངས་ ༢༢༥ དང་། ཡིག་ལྡེབ་ ༧༦༨༨༣ ཡོད་དོ།།
བསྟན་འགྱུར་འདིའི་ཁྱད་ཆོས་ནི། ལྡེབ་ངོས་རྒྱ་ཆེ་ཞིང་། ཡི་གེའི་འབྲུ་རགས་པ་སོགས་ཡིན་ལ། ཡི་གེའི་དག་ཆ་སྐོར་པེ་ཅིན་བསྟན་འགྱུར་དང་ཤིན་ཏུ་འདྲ། ཆོས་ཚན་ཐུང་བ་རེ་གཉིས་ཆད་ལྷག་འདུག་པ་དང་། དབུ་ཁང་གི་ལྷའི་བཀོད་ཚུལ་ཅུང་མི་འདྲ་བ་ལས། དེ་མིན་ཆོས་ཚན་སྒྲིག་རིམ་སོགས་པེ་ཅིན་བསྟན་འགྱུར་དང་གཅིག་གྱུར་རེད་འདུག
སྣར་ཐང་བསྟན་འགྱུར་འདི་ཉིད་པར་དུ་བསྒྲུབས་པའི་སྟ་གོན་དང་རྒྱུ་སོང་སྐོར་མདོ་ཙམ་གླེང་ན། མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་བཀས་བསྐུལ་བ་ལྟར་པར་ཤིང་གི་སྦྱིན་བདག་གཙོ་བོ་ལྷོ་ཕྱོགས་ནོར་འཛིན་སྐྱོང་བ་འབྲུག་པས་མཛད་ཅིང་། བྱིངས་ཤེལ་དཀར། རྫོང་སྐྱིད། གཏིང་སྐྱེས། དྭགས་ཀོང་སོགས་ནས་འབད་རྩོལ་ཆེན་པོས་དྲངས་པའི་པར་ཤིང་ལ། གས་འཆུས། འཛེར་རུལ། འཁྱོག་སོགས་མེད་པ། དཔེ་ཚད་དང་མཐུན་ཞིང་འབྱོར་བའི་སྟག་སྤང་ ༧༦༤༠༩ དང་། པར་ཡིག་འབྲི་སྟན་ཤོག་བུ་དྲས་མ་སྤུས་ལེགས་ངོ་ ༡༥༢༨༡༨ དེ་དག་ལ་ཡང་སྨར་ཞུས། བསྐྱར་ཞུས། ཡང་ཏིག །གཟིགས་འབེབས་བཅས་ཞུས་དག་གི་རིམ་པ་བཞི་མེད་ཐབས་མེད་པར་ཤོག་བུ་བཞི་སྦྱོར་དྲས་མ་སྤུས་ལེགས་ངོ་ ༣༠༥༦༣༦ དང་། ཤོག་བསྡོམས་གླེགས་རྒྱུར་སྟག་སྤང་ངོ་ ༡༨༠༨ ཤོག་སྦྱོར་ལ་གྲོ་ཞིབ་བཙག་མ། སྣག་ཚའི་རྒྱུར་སྒྲོན་དྲེག །སྣག་སྦྱིན། གས་སྡོམ་སོགས་ལ་སྤྱིན་མཁར། པར་ཤིང་འདུལ་སྦྱོང་ལ་སྣུམ། པར་རྐོས་ལག་ཆའི་རྒྱུར་བལ་ལྕགས་དང་ལྕགས་རྫོགས། རྒྱ་ཚོས་བཅས་བསྡོམས་གཤོར་ཁལ་དང་འདེགས་ཁལ་ ༢༣༡༢ ལྷག་དང་། སོལ་བ་འདེགས་ཁལ་ ༡༤༥༣༡ འཇམ་བརྡར་དང་རྩུབ་འདར་ངོ་ ༡༢༢༥ པར་ཤུབས་རྒྱུར་གཙང་སྣམ་དཀར་པོ་འདོམ་ ༢༥༤༧༠ བཅས་ཀྱི་སྟ་གོན་བསྒྲིགས་པ་དང་། སྤྱི་ཁྱབ་དོ་དམ་མགོ་ཆིངས་དང་། དབུ་མཛད། ལས་ཆ་བ། པར་ཡིག་པ། ཞུས་དག་པ། ཤོག་ལས་པ། པར་རྐོས་པ། ཤིང་བཟོ། ལྕགས་བཟོ་སོགས་བསྡོམས་མི་ངོ་ཞལ་གྲངས་ ༡༤༠༠ ལྷག་བསྡུས་ཏེ་ལས་གྲྭ་ཆེན་པོ་བཙུགས་པ་དང་། དེ་དག་ལ་ཡང་འཛུགས་སྒང་གྲོལ་གསུམ་བརྩིས་པའི་སྟོན་མོ་ཐེངས་ལྔ་སྟོན་རྒྱབ་དང་བཅས་པ་དང་། སྐུ་ཡོན། ཕོགས་ཟུར་གསོས། མཁས་མགྱོགས་མཐའ་འཁྱོངས་སོགས་ལ་མཚར་དགའ་ལེགས་ཆ། སྐུ་རིམ་ཞབས་བརྟན། འབྲེལ་ཡོད་ཕྱོགས་འགྲུལ་ལ་འཚོ་ཆས་བདག་རྐྱེན་སོགས་སེར་སྣའི་འཆིང་བས་མ་གོས་པར་བཏང་བ་སྟེ། མདོར་ན་སྔ་གཞུག་གི་རྒྱུ་སོང་ཕྱོགས་གཅིག་ཏུ་བསྡོམས་པས་དངུལ་ཐུར་སྲང་ ༧༢༡༦༢ དང་། ཞོ་ལྔ་རི་བ་ལ། ཡུལ་ཐང་ལྟར་བརྩིས་པའི་འབྲུ་ཁལ་ས་ཡ་གཅིག་དང་བཞི་འབུམ་ལྔ་ཁྲི་བདུན་སྟོང་ཉིས་བརྒྱ་ལྔ་བཅུ་ (༡༤༥༧༢༥༠) གནས་པའི་རྒྱུ་གྲོན་བཏང་འདུག་གོ །པར་ཤིང་འདི་རིག་གནས་གསར་བརྗེ་སོགས་དུས་འགྱུར་མི་ཟད་པ་བྱུང་སྐབས་གཏོར་བརླགས་སོང་སྟེ་ད་ལྟ་མཇལ་དུ་མེད་དོ།།
བཞི་པ། ཅོ་ནེའི་བསྟན་འགྱུར།
ཅོ་ནེའི་བསྟན་འགྱུར་ནི་ཅོ་ནེའི་༸མི་དབང་འཇམ་དབྱངས་ནོར་བུའི་བཙུན་མོ་རིན་ཆེན་དཔལ་འཛོམས་དང་། དེའི་སྲས་ཅོ་ནེའི་དཔོན་རབས་བཅུ་བཞི་པ་བསྟན་སྲུང་ཚེ་རིང་ཡུམ་སྲས་ཟུང་གིས་སྦྱིན་བདག་བགྱིས་ཏེ། བོད་རབ་བྱུང་བཅུ་གསུམ་པའི་ཆུ་མོ་བྱ་ལོ་སྟེ་ཕྱི་ལོ་ ༡༧༥༣ ལོར་དབུ་ཚུགས་ཤིང་། ཆུ་མོ་འབྲུག་ལོ་སྟེ་ཕྱི་ལོ་ ༡༧༧༢ གི་བར་ཏེ་བགྲང་བྱ་ ༢༠ རིང་ངོ་མཐོང་བར་བརྩོན་པ་ཆེན་པོས་པར་དུ་བསྒྲུབས་པ་ལ་ཟེར་ཞིང་། འཇམ་བཞད་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས་ཆུ་མོ་སྦྲུལ་གྱི་ལོ་སྟེ་ཕྱི་ལོ་ ༡༧༧༣ ལོར་དེའི་དཀར་ཆག་བདེ་བར་གཤེགས་པའི་བཀའ་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་སྒྲུབ་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་པ་ཡིད་བཞིན་ནོར་བུའི་ཕྲེང་བ་ཞེས་བྱ་བ་བརྩམས་ཤིང་། དེའི་ནང་དུ་བསྟན་འགྱུར་འདིའི་ཕྱི་མོ་སྡེ་དགེའི་བསྟན་འགྱུར་གྱིས་བགྱིས་པ་གསལ་པོར་འཁོད་ཡོད་ལ། བསྟན་འགྱུར་གྱི་དབུའི་བསྟོད་ཚོགས་ཅོ་བསྟན་འགྱུར་དུ་སྔར་བརྐོས་མེད་པ་ཕྱིས་དཀོན་མཆོག་བསྟན་པའི་སྒྲོན་མེའི་བཀས་ཐོག་མར་བསྐུལ་ཞིང་། དབལ་མང་དཀོན་མཆོག་རྒྱལ་མཚན་པའི་ཞལ་སྔ་ནས་རྟིང་བསྐུལ་ནན་ཆེར་མཛད་པ་བཞིན། ལྕོག་རོ་དཔར་དཔོན་དཀོན་མཆོག་བསྟན་འཛིན་གྱིས་ཁུར་དུ་བཞེས་ཏེ། རབ་བྱུང་བཅུ་བཞི་པའི་ས་བྱ་ལོ་སྟེ་ཕྱི་ལོ་ ༡༨༤༩ ལོར་པར་གསར་དུ་བརྐོས་པའི་བསྟོད་ཚོགས་ལ་ཆོས་ཀྱི་རྣམ་གྲངས་ ༦༤ བཞུགས་ཤིང་། སྡེ་དགེ་བསྟན་འགྱུར་དུ་བཞུགས་པའི་ཆོས་ཚན་བརྒྱད་འདིར་ཆད་ཅིང་། པེ་ཅིན་བསྟན་འགྱུར་དུ་མེད་པའི་མཁས་པ་གྲགས་པ་རྒྱལ་མཚན་ལ་བསྟོད་པ་འདིར་བཞུགས་པས། འདིའི་ཕྱི་མོ་ནི་སྣར་ཐང་བསྟོད་ཚོགས་ཀྱིས་བྱས་པར་གྲུབ་བོ། །སྡེ་དགེ་བསྟན་འགྱུར་གྱི་མཇུག་ཏུ་རྗེས་ནས་བསྣན་པའི་སྣ་ཚོགས་ཐོ་དང་། དོ། ནོ། པོ། དཀར་ཆག་ཤྲཱིཿབཅས་པོད་ལྔ་འདིར་འཁོད་མི་འདུག་པས། ཅོ་ནེ་བསྟན་འགྱུར་ལ་བསྡོམས་གླེགས་བམ་ ༢༠༨ དང་། ཡིག་ལྡེབ་ ༦༥༤༢༥ ཙམ་བཞུགས་སོ།།
གོང་དུ་གསལ་བཤད་བྱས་པའི་གླེགས་བམ་དེ་དག་དང་། ཡི་གེ་བརྐོས་ནོར་བ་རེ་ཟུང་ལས། དེ་མིན་ཆོས་ཚན་གྱི་སྒྲིག་རིམ་སོགས་ཐམས་ཅད་སྡེ་དགེ་བསྟན་འགྱུར་དང་གཅིག་མཚུངས་ཡིན་ལ། ཡིག་གཟུགས་ཀྱི་མཛེས་ཆ་དང་། དབུ་ལྷའི་འགོད་ཚུལ་སོགས་ཀྱང་ཕལ་ཆེར་སྡེ་དགེའི་བསྟན་འགྱུར་དང་ཤིན་ཏུ་འདྲའོ། །འདི་ཉིད་པར་དུ་སྒྲུབ་པའི་ལས་གྲྭའི་ཚོགས་ཀྱང་། གོང་གསལ་ལྟར་ཅོ་ནེའི་དཔོན་ཆེན་ཡུམ་སྲས་ཀྱིས་བཀས་བསྡམས་ཏེ། ལས་གྲྭའི་དོ་དམ་པ་དང་། གཉེར་པ། འགོ་པ། ཞུས་དག་པ། པར་ཡིག་འབྲི་མཁན། ལྷ་བཟོ། པར་རྐོས་པ། ཤིང་བཟོ། སྣག་ལས་པ། ཤོག་ལས་པ་སོགས་མི་ངོ་ ༤༠༠ ལྷག་རྩ་འཛུགས་བྱས་ཏེ་བསྒྲུབས་པ་ལ། སྔ་ཕྱིའི་འགྲོ་སོང་རྣམས་རགས་རྩིས་ཀྱིས་དངུལ་ཐོག་ཏུ་ཕབ་ན། དངུལ་སྲང་ཆིག་ཁྲི་སུམ་སྟོང་དགུ་བརྒྱ་སུམ་ཅུ་སོ་བདུན་ ༡༣༩༣༧ དང་། ཞོ་བདུན་བདུན། སྐར་བདུན་སོང་བར་བཤད་ཅིང་། ཕངས་པ་ཞིག་ལ་པར་ཤིང་འདི་དག་ཕྱི་ལོ་ ༡༩༢༨ ལོར་ཀ་ཆུའི་མཱ་ཀྲུ་དབྱིན་གྱིས་སྲེག་ཟའི་ཁ་རུ་བསྟབས་པར་གྲགས་སོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།