བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གྱི་སྐོར།
(ཕྱི་ལོ་ ༢༠༡༤ ཟླ་བ་ ༦ ཚེས་ ༣༠ ཉིན་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་
གླིང་དུ་ཕར་ཕྱིན་དབྱར་ཆོས་ཆེན་མོའི་སྐབས་སུ་སྩལ་བའི་བཀའ་སློབ།)
དེ་རིང་ངོས་ནས་བརྗོད་འདོད་པ་ཞིག་ལ། གོང་དུ་བརྗོད་ཟིན་པ་ལྟར་དེ་སྔ་ང་ཚོ་བོད་དུ་ཡོད་པའི་སྐབས་སུ་རྩ་བའི་གཞུང་ཆེན་རྣམས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་ལྗགས་རྩོམ་མཛད་པའི་གཞུང་ལུགས་ཤ་སྟག་ཡིན་ཅིང་། དེ་བཞིན་གསང་སྔགས་ཀྱི་ཆོས་འཁོར་རྣམས་ཀྱང་དཔལ་ནཱ་ལེནྡྲའི་མཁས་པར་གཏུགས་པ་ཤ་སྟག་ཡིན་ནའང་།
ང་ཚོས་ནམ་རྒྱུན་ཐ་སྙད་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་པ་དེ་བེད་སྤྱོད་དེ་ཙམ་བྱེད་སྲོལ་མི་འདུག །ངོས་ནས་རྟག་ཏུ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་པའི་རྒྱུ་མཚན་ནི། དངོས་ཡོད་ཀྱི་གནས་ཚུལ་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་པ་སྨོས་མེད་ཀྱང་། ཐ་སྙད་འབོད་ཕྱོགས་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། བོད་ཀྱི་བླ་མའི་ཆོས་ལུགས་ཞེས་བརྗོད་པའི་སྐད་ཆ་ཤོད་ས་བསྡད་མེད་ལ། དེ་བཞིན་ཨེ་ཤ་ཡའི་ཡུལ་ལུང་སྤྱི་དང་། ལྷག་པར་ཤེར་ཕྱིན་གྱི་ནང་ནས་ཤེས་རབ་སྙིང་པོ་ལྟ་བུར་ཆ་མཚོན་ན། ནང་དོན་ཤེས་མིན་ཇི་ལྟར་ཡང་རྒྱ་ནག་དང་། ཉི་ཧོང་། ཀོ་རི་ཡ་སོགས་ཀྱི་ནང་པ་ཚང་མས་འདོན་བཞིན་ཡོད། དེས་ན་དཔལ་ནཱ་ལེནྡྲ་ཞེས་པ་དེ་ཉིད་ཚང་མའི་རྣ་བར་གོ་ཐོས་ཡོད་པ་ཞིག་དང་། དེ་བཞིན་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཅེས་བརྗོད་ན་ཚང་མས་གོ་ཐོས་ཡོད་པ་ཞིག་ཀྱང་ཡིན།
དེས་ན་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་དངོས་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་པ་དེ་ཉིད་མིང་འདོགས་ཚུལ་ཞིག་གི་ཐོག་ནས་བླ་མའི་ཆོས་ལུགས་རེད་ཅེས་པ་ལྟ་བུ་དང་། ང་རང་ཚོའི་ཆོས་པའི་ཁྲོད་ནས་ཀྱང་ང་རྙིང་མ་ཡིན། ང་ས་སྐྱ་པ་ཡིན། ང་བཀའ་བརྒྱུད་པ་ཡིན། ང་དགེ་ལུགས་པ་ཡིན། ང་ཇོ་ནང་པ་ཡིན་ཞེས་བརྗོད་པར་བརྟེན་གསལ་པོ་མི་ཆགས་པ་ཞིག་ཡོད། དེ་ལ་བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་ཞེས་དབྱེ་བ་འབྱེད་རྒྱུ་གལ་གནད་ཆེན་པོ་ཡིན།
ང་ཚོ་བོད་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཆོས་བརྒྱུད་མི་འདྲ་བ་སྟེ། བཤད་པའི་ཀ་ཆེན་རྣམ་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་སོགས་ཡོད་པ་དེ་དག་ཕལ་མོ་ཆེ་གསང་སྔགས་ཀྱི་ཐོག་ནས་ཡོང་བཞིན་ཡོད། དེ་ཡང་གསང་སྔགས་ཀྱི་ཆོས་ལ་ང་ཚོས་ཞིབ་འཇུག་ལེགས་པར་བྱས་ཏེ་བསམ་གཞིག་བྱས་ན། ཕལ་ཆེར་གང་ཟག་སྒོས་བཙན་ཆགས་ཡོད། དཔེར་ན། དཔལ་ས་སྐྱ་པའི་ལམ་འབྲས་དེ་ཉིད་རྩ་བ་གྲུབ་ཆེན་བིར་ཝ་པར་ཐུག་ཡོད་ལ། གྲུབ་ཆེན་བིར་ཝ་པ་བདག་མེད་མའི་ཞལ་གཟིགས་སོགས་ཀྱི་ཐོག་ནས་ཀྱཻ་རྡོར་གྱི་ཆོས་བརྒྱུད་བྱུང་བ་ཞིག་ཡིན། དེ་ནི་གང་ཟག་སྒོས་བཙན་ཡིན་པ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ལྟ་བུར་ཆ་མཚོན་ན། ལ་ལི་ཏ་ནས་མར་བརྒྱུད་པ་ཞིག་ཡིན། དེ་ལྟར་ན་དེ་ཡང་གང་ཟག་སྒོས་བཙན་ཆགས་ཡོད།
དེར་བརྟེན་ས་དགེ་བཀའ་རྙིང་དང་། བཀའ་བརྒྱུད་ཀྱི་ནང་གསེས་ལའང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོགས་ནི་གང་ཟག་སྒོས་བཙན་ཆགས་ཡོད། དེ་ཡང་བླ་མ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པ་ལྟ་བུར་ཆ་མཚོན་ན། དངོས་གནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་སྐུ་ཚེ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད། དེ་ལྟར་བརྒྱུད་པ་དག་ནི་གང་ཟག་སྒོས་བཙན་ཆགས་ཡོད། གང་ཟག་སྒོས་བཙན་ལ་ཆ་བཞག་ན། གང་འཚམ་ནས་མཐའ་ཡས་པ་ཞིག་ཡོང་ངེས་ཡིན། བོད་བརྒྱུད་ནང་བསྟན་གྱི་ཆོས་དེ་སངས་རྒྱས་པའི་ཆོས་སམ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཅེས་བརྗོད་ན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཀུན་ལ་ཚིག་མང་པོའི་འགྲེལ་བརྗོད་བྱེད་མི་དགོས་པར། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ནཱ་ལེནྡྲར་ཁུངས་གཏུགས་པ་ཞིག་ལམ་སེང་གོ་ཐུབ་པར་བརྟེན། ངོས་ནས་གནད་འགག་ཆེན་པོ་ཞིག་ཏུ་མཐོང་བྱུང་།
དེ་མིན་ང་རང་ཚོ་ཆོས་བརྒྱུད་ནང་གསེས་ལ་ཆ་མཚོན་ནའང་། དཔལ་ས་སྐྱ་པར་གྲགས་ཆེན་བཅོ་བརྒྱད་ཅེས་གཞུང་ལུགས་ཧ་ཅང་མང་པོ་ཞིག་ཡོད་ཅིང་། སྔ་འགྱུར་རྙིང་མར་ཆ་མཚོན་ནའང་། ཕྱིས་སུ་ཀ་དཔལ་རྫོགས་གསུམ་སོགས་ཀྱིས་གཞུང་ལུགས་ཧ་ཅང་མང་པོ་ཞིག་གཟིགས་ཀྱི་ཡོད། སྤྱི་ཡོངས་ནས་གཞུང་ཆེན་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་ཞིག་ཡིན། རི་བོ་དགེ་ལུགས་པར་ནམ་རྒྱུན་ཡོངས་གྲགས་གཞུང་ཆེན་བཀའ་པོད་ལྔ་ཞེས་གཙོ་བོའི་དབང་དུ་བྱས་ནས་གསུངས་པ་ཞིག་ཡིན་པ་ལས། དོན་ལ་གཞུང་ཆེན་བཅུ་གསུམ་རྣམས་ཚང་ཡོད། དེས་ན་ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། དགེ་ལུགས། ཇོ་ནང་ལ་སོགས་པ་ཚང་མས་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད་ལ། དེ་དག་ནི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཐུན་མོང་གི་གཞུང་ལུགས་ཤིག་ཆགས་ཡོད།
དངོས་གནས་ང་ཚོ་དོན་གྱི་མཐུན་སྒྲིལ་ཡག་པོ་ཞིག་དགོས་ན། གཞུང་ཆེན་མོ་དེ་དག་ལ་སློབ་གཉེར་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་དམ་བཅའ་མཉམ་དུ་འཚོགས་ཐུབ་པར་མ་ཟད། ཕན་ཚུན་བློ་བསྐྱེད་ཀྱང་འབུལ་ཐུབ་པ་ཞིག་ཡོང་བ་ཡིན། དཔལ་ས་སྐྱ་པར་ཆ་མཚོན་ན། ཀྱེ་རྡོར་གཅིག་པུའི་ཐོག་ཏུ་ཕྱིན་ཚེ། ཀྱེ་རྡོར་སློབ་སྦྱོང་མེད་རིགས་དེ་དག་གིས་སྐད་ཆ་བཤད་རྒྱུ་གང་ཡང་བསྡད་མེད། ལམ་འབྲས་གསུངས་ན་སྣང་གསུམ་ལམ་རིམ་དང་གཅིག་མཚུངས་ཡིན་ནའང་། རྒྱུད་གསུམ་གསུངས་སྐབས་གསང་སྔགས་བླ་མེད་ཀྱི་ཐོག་ཏུ་འགྲོ་བ་ལྟར་རེད། རི་བོ་དགེ་ལུགས་པའང་སྔགས་ཁོ་ནའི་ཐོག་ཏུ་ཕྱིན་ན་གསང་འདུས་གཙོ་བོ་ལྟ་བུ་ཡིན།
མདོ་ཕྱོགས་ནས་གཞུང་ཆེན་བཅུ་གསུམ་གྱི་ཐོག་ཏུ་ཕྱིན་ན་ས་དགེ་བཀའ་རྙིང་ཇོ་ནང་དང་། དུས་ཕྱིས་ཀྱི་དབང་དུ་བྱས་ན་གཡུང་དྲུང་བོན་དང་བཅས་པ་ཚང་མའི་ཐུན་མོང་གི་གཞུང་ཞིག་ཆགས་ཡོད། དེས་ན་ང་ཚོ་བོད་རང་ལ་ཆ་མཚོན་ནའང་། དེ་ནི་བསྟན་པ་སྤྱི་བཙན་ཆགས་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་གཞུང་ལུགས་རྣམས་མཛད་སྐབས་བསྟན་པ་སྤྱི་ལ་དགོངས་པ་བཞེས་ནས་ལྗགས་རྩོམ་མཛད་པ་ཞིག་ཆགས་ཡོད། གྲུབ་ཆེན་སོ་སོར་ཐུན་མོང་མ་ཡིན་པའི་དག་སྣང་བྱུང་བ་དང་། ལྷག་པའི་ལྷས་དངོས་སུ་རྗེས་སུ་བཟུང་བ་སོགས་ཀྱི་ཐོག་ནས་གསུངས་པ་རྣམས་ནི་རྣལ་འབྱོར་པ་རང་རང་སོ་སོར་ཆེད་དུ་གཉེར་ནས་གསུངས་པ་ཞིག་ཡིན། དེ་ནི་གང་ཟག་སྒོས་བཙན་ཡིན་པས་སྤྱི་ལ་ཁྱབ་མི་ཐུབ།
རི་བོ་དགེ་ལུགས་པའི་ངོས་ནས་བཤད་ན། འཛམ་གླིང་གི་ཡུལ་གྲུ་རྣམས་ལ་དཔལ་གསང་བ་འདུས་པའི་ཉམས་ལེན་གྱིས་ཁྱབ་ཐུབ་པ་ཞིག་ཡོང་ཐབས་མེད་པས། དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ཀྱིས་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་མཛད་པའི་གཞུང་གི་ཐོག་ནས་ཕྱིན་ན། ཐེག་ཆེན་གྱི་ཡུལ་གྲུ་ཚང་མར་ཁྱབ་ཐུབ་པ་ཞིག་ཡིན་པས་དེ་ལ་གནད་འགག་ཅིག་ཡོད། ང་ཚོ་བོད་པ་རྣམས་ཕོ་རོག་དཀར་པོ་བྱས་ཏེ་བསྡད་ན་གནས་ཚུལ་ཐ་དད་ལས། ཕོ་རོག་དཀར་པོ་མིན་པར་ཕོ་རོག་སྤྱི་མཚུངས་ལྟར་ནག་པོ་བྱས་ཏེ་ཕོ་རོག་སྤྱིའི་གྲས་སུ་ང་ཚོ་ཚུད་པ་ཞིག་བྱེད་པར་འདོད་ན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་ཆེན་མོ་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་དགོས་པ་ཧ་ཅང་གལ་གནད་ཆེ།
གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་གཞུང་རྣམས་ཀྱང་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གསུངས་པ་དེ་དག་གི་བརྗོད་དོན་ཁོང་དུ་ཆུད་པའི་ཐོག་ནས་འགྲོ་དགོས་ལ། གསང་སྔགས་བླ་མེད་ལྟ་བུར་མཚོན་ན། སྐུ་གསུམ་ལམ་འཁྱེར་ལྟ་བུས་མཚོན་བསྟན་པ་སྤྱི་བཙན་གྱི་འགྲོ་སྟངས་ཁོང་དུ་ཆུད་པའི་ཐོག་ནས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་ལེན་བྱས་ན་དངོས་གནས་གསང་སྔགས་ཀྱི་ཆོས་གསང་སྔགས་ཀྱི་ཆོས་སུ་འགྲོ་བ་ཞིག་ཡོང་ངེས་ཡིན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་རྣམས་མ་ཤེས་ན། ཆོས་ཆོས་སུ་འགྲོ་མིན་ཐེ་ཚོམ་ཡིན་ལ། ཐེག་ཆེན་གྱི་ཆོས་ཐེག་ཆེན་གྱི་ཆོས་སུ་འགྲོ་མིན་ཡང་ཐེ་ཚོམ་ཡིན་ཅིང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སུ་འགྲོ་མིན་ཡང་ཐེ་ཚོམ་ཡིན། གང་ཟག་སྒོས་བཙན་གྱི་དབང་དུ་གསུངས་པ་དེ་དག་དོན་དང་མཐུན་པ་ཞིག་ཡོང་བ་ལ། བསྟན་པ་སྤྱི་བཙན་གྱི་འགྲོ་ལུགས་རྣམས་ཤེས་དགོས་པ་ཡིན།
ལྷག་པར་བསྟན་པ་སྤྱིའི་དབང་དུ་བྱས་ཀྱང་། བསྟན་པ་སྤྱི་བཙན་གྱི་གཞུང་ལུགས་རྣམས་ཧ་ཅང་གལ་གནད་ཆེན་པོ་ཡིན། དཔེར་ན། འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ངོས་ནས་ཚན་རིག་པ་དང་། ཤེས་ཡོན་ཅན། མཁས་དབང་མང་པོ་ཞིག་དང་འབྲེལ་བ་བྱས་དང་བྱེད་མུས་ཡིན། དེ་དག་དང་འབྲེལ་བ་བྱེད་སྐབས་གང་ཟག་སྒོས་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་ལྷ་སྐུ་ཞལ་གསུམ་ཕྱག་དྲུག་སོགས་ཀྱི་ཐོག་ཏུ་ང་ཚོས་གོ་བསྡུར་བྱེད་ཀྱི་མེད། དེ་དག་གི་སྐོར་ལ་ཇི་ལྟར་བྱས་ཏེ་གོ་བསྡུར་བྱེད་དགོས་སམ། ཡང་ན་གང་ཟག་སྒོས་བཙན་གྱི་ཉམས་ལེན་བྱས་ནས་གནམ་ལ་འཕུར་བ་དང་། ས་ལ་འཛུལ་བ་སོགས་བྱེད་ཐུབ་ན་མི་རྣམས་ཡ་མཚན་སྐྱེ་བ་དང་། དོ་སྣང་སླེབས་པ་ཞིག་ཡོང་ངེས་ཡིན་ནའང་། དེ་ལྟར་མེད་པའི་ཐོག་ཏུ་ཆོ་ག་འདོན་སྟངས་ཀྱི་ཐོག་ལའང་གོ་བསྡུར་བྱ་རྒྱུ་དེ་ཙམ་མེད།
དེས་ན་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ནས་གསུངས་པའི་གཞུང་དེ་དག་གི་ཐོག་ནས་འབྲེལ་བ་བྱེད་སྐབས། གཞི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱེད་ཚུལ་བཅས་གཞི་ལམ་འབྲས་གསུམ་ལས་གཞི་དངོས་པོའི་གནས་ཚུལ་གྱི་ཐོག་ལ་ང་ཚོས་འགྲེལ་བཤད་རྒྱག་བཞིན་ཡོད་ལ། གཞི་དངོས་པོའི་གནས་ཚུལ་གྱི་དངོས་ཡོད་གནས་ཚུལ་གང་ཞིག་ཡོད་པ་རྣམས་ཕྱོགས་བསྡོམས་བྱས་པའི་ཐོག་ནས་ལམ་བགྲོད་པའི་རིམ་པ་དེ་ཐོན་ཡོང་གི་ཡོད། འབྲས་བུའི་རྣམ་གཞག་ལམ་སེང་ངོ་འཕྲོད་པར་དཀའ་ཡང་། གཞི་ཡི་གནས་ཚུལ་ང་ཚོས་དངོས་སུ་མྱོང་བཞིན་པ་དང་། རིག་རྒྱུ་ཡོད་པ་ཞིག་ངོ་སྤྲོད་བྱས་པའི་ཕྱོགས་བསྡོམས་ཀྱི་སྟེང་ནས་ལམ་བགྲོད་པའི་རིམ་པའི་འགྲེལ་བཤད་ཅིག་རྒྱག་སྐབས། འདི་ནི་ཡ་མཚན་ཞིག་འདུག་སྙམ་པ་ཞིག་ཆོས་ཁས་མི་ལེན་མཁན་དང་། ཆོས་ལ་དད་མོས་མེད་མཁན་ཞིག་ཡིན་ནའང་། དེ་ལྟ་བུའི་འགྲེལ་བཤད་རྒྱག་སྐབས་དེ་དག་ལ་བསམ་བློ་གཏོང་རྒྱུ་འདུག་སྙམ་པ་ཞིག་དྲན་ཐུབ་ཀྱི་འདུག །
མདོར་ན་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་གཞུང་བཀའ་འགྱུར་དང་བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་དེ་དག་ལ་དོ་སྣང་དང་སློབ་གཉེར་དེ་ཙམ་མི་བྱེད་པར་བོད་ཀྱི་བླ་མ་སོ་སོས་མཛད་པའི་གཞུང་རྐྱང་པའི་ཐོག་ཏུ་ཕྱིན་ན། བཀའ་གདམས་གོང་མ་རྣམས་ཀྱི་གསུང་སྒྲོས་སུ་ཡོད་པ་སྟེ། མན་ངག་བེའུ་བུམ་ལག་མཐིལ་ཙམ་ཞིག་བརྟན་པར་བཙུད། སྦས་པར་བཙུད་ཅེས་དེ་ཙམ་ཞིག་གིས་སངས་རྒྱས་ཀྱི་བསྟན་པར་བྱ་བ་བྱེད་ཐུབ་པ་ཤིན་ཏུ་དཀའ། དེས་ན་ཁྱེད་རང་ཚོ་གཞུང་ཆེན་ལ་གསན་བསམ་སློབ་གཉེར་བྱེད་མཁན་རྣམས་ནས། མཁས་མཆོག་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལས།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །
དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །
ཞེས་གསུངས་པ་ལྟར། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ཞེས་ལུང་རྟོགས་ཀྱི་བསྟན་པ་གཉིས་པོ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་འཆད་ཉན་གྱི་ཐོག་ནས་བསྟན་པའི་རྣམ་གཞག་ཡོངས་སུ་རྫོགས་པར་ཐོག་མར་གོ་བ་ཆགས་པར་བྱེད་པ་དང་། དེའི་ཐོག་ད་དུང་རིགས་པས་མུ་མཐུད་དཔྱད་དེ་རིགས་པའི་ལམ་ནས་སྒྲོ་འདོགས་དཔྱད་ནས་ངེས་པ་ཐོབ་པ་ཞིག་བྱས། ངེས་པ་ཐོབ་པའི་དོན་དེར་ལམ་ལ་གོམས་འདྲིས་བསྟེན་ནས་རྒྱུད་ལ་རྟོགས་པ་སྐྱེ་བ་ཞིག་དགོས་པ་ཡིན། དེ་ལྟར་ཐོས་དོན་སྒྲུབ་ལ་གཞོལ་བའི་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཞིག་ཡིན།
དེས་ན་ཁྱེད་རང་ཚོས་བསྟན་པའི་བྱ་བ་རྒྱ་ཆེན་པོ་བྱ་རྒྱུའི་རྒྱུ་ཆ་སྒྲུབ་བཞིན་ཡོད་ལ། ད་ལྟ་བར་དུ་ཁྱེད་རང་ཚོས་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་བྱས་ནས་དཀའ་ལས་བརྒྱབ་པ་རྣམས་དགེ་བ་རྫོགས་བྱང་དུ་བསྔོས་ཏེ་སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། ཡང་སྒོས་འགྲོ་བ་སེམས་ཅན་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་ཐོགས་ཡོང་ཐུབ་པའི་ཐོག་ལ་བསམ་བློ་ཡག་པོ་ཞིག་བཏང་། ད་དུང་གཞུང་ཆེན་རྣམས་ལ་མུ་མཐུད་འཆད་ཉན་བྱས་ཏེ་ཕར་ཕྱིན་བལྟས་པའི་མཇུག་ཏུ་དབུ་མ་ལྟ་དགོས་པ་ཡིན། གཞུང་ཆེན་བཀའ་པོད་ལྔ་ལས་དབུ་ཕར་གཉིས་གཙོ་བོ་ཡིན་ཅིང་། དབུ་ཕར་རྣམ་གཉིས་ཀྱི་རིགས་ལམ་དེ་ཚད་མ་རྣམ་འགྲེལ་ཡིན། གཞུང་འདི་གསུམ་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་ལ། དེ་དག་གི་ཐོག་ཏུ་རབ་བྱུང་རྣམས་ཀྱིས་དམ་ཆོས་འདུལ་བའི་གཞུང་ལ་སློབ་གཉེར་བྱ་རྒྱུ་གལ་གནད་ཆེ་བ་དང་། དེ་བཞིན་ཕར་ཕྱིན་གྱི་ཡན་ལག་ལྟ་བུར་མཛོད་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་གནད་ཆེ་ཞིང་། དེ་འབྲེལ་གཞུང་ཆེན་རྣམས་ལ་ཐོས་བསམ་སློབ་གཉེར་བྱེད་ཐུབ་པ་ཞིག་དང་། རྒྱུས་མངའ་ཡོད་པ་ཞིག་བྱེད་དགོས་པར་མ་ཟད། མཐར་གང་ཐུབ་ཀྱིས་རང་རྒྱུད་ལ་སྦྱར་ཏེ་ཉམས་ལེན་ཡང་བྱེད་དགོས་པ་ཡིན།
དེ་ལྟར་སྔར་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ལམ་སྲོལ་ཞིག་ཡོད་པ་དེ་ཉིད་སྔར་ལམ་འདེད་པ་ལས། གསར་པ་ཞིག་བྱས་ན་དེ་ནི་སྔར་མེད་གསར་སྤྲོས་རེད་ཅེས་ནམ་རྒྱུན་མཐོང་ཚུལ་ཡོང་གི་འདུག །སྔར་མེད་གསར་སྤྲོས་བྱེད་མི་ཆོག་ན། ཤེས་རབ་སྙིང་པོ་ལས། ཏདྱཐཱ། ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། ཞེས་པ་དེ་སྔར་མེད་གསར་སྤྲོས་ཡིན། སྔར་ལམ་ཁོ་ན་འདེད་ནས་ཕྱིན་ན་གཏི་མུག་བདེན་འཛིན་དང་། རང་གཅེས་འཛིན་དེ་དག་དུས་ད་ལྟ་བར་གོམས་ནས་བསྡད་པ་རེད། དེ་དག་ནི་ང་ཚོའི་སྔར་ལམ་ཡིན་ཅིང་། དེ་གཉིས་ཀྱི་ཐོག་ཏུ་མུ་མཐུད་སྡོད་དགོས་པ་ཞིག་ཆགས་ཡོད།
དེས་ན་ཕྱི་ཡི་དངོས་པོར་ཆ་མཚོན་ནའང་། སྔར་ལམ་ཁོ་ན་འདེད་ནས་ཕྱིན་ཚེ། དཔེར་ན། ལ་དྭགས་པ་རྣམས་ལ་མཚོན་ན། བག་ལེབ་ཟ་བ་དང་། ཆང་འཐུང་སྟེ་གཙང་སྦྲ་དེ་ཙམ་མེད་པའི་ཐོག་བསྡད་པས་མི་འགྲིགས་པར་བརྟེན་ཡར་རྒྱས་སུ་འགྲོ་དགོས་ལ། ཁྱེད་རང་ཚོས་ཡར་རྒྱས་གཏོང་བཞིན་ཡོད། རྒྱ་གར་རྒྱལ་ཡོངས་ལ་ཆ་མཚོན་ནའང་། ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་ཡོད། ངོས་རང་ཐོག་མར་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་ཡོང་སྐབས་དང་བསྡུར་ན་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད།
དེ་བཞིན་ང་རང་ཚོ་ཆོས་ཕྱོགས་ལ་མཚོན་ནའང་། ནང་གི་རྟོགས་པའི་ངོས་ནས་ཟླ་སྐྱེད་ཐོན་མ་ཐུབ་ཀྱང་ལོ་སྐྱེད་ཐོན་ཐུབ་པའི་ཉམས་ལེན་བྱེད་དགོས་པ་ཡིན། དེ་ལྟ་བུའི་ཉམས་ལེན་ཡོང་བ་ལ་ལྐུག་པ་ཨུ་ཚུགས་ཀྱི་ཐོག་ནས་རྟོགས་པ་སྐྱེ་བ་ཤིན་ཏུ་དཀའ་བས། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བྱས་པའི་ཐོག་ནས་བསམ་བློ་ཡང་ཡང་བཏང་ན། དངོས་ནས་སེམས་སུ་ཡིད་ཆེས་གཏིང་ནས་སླེབས་པ་ཞིག་དང་། ཡིད་ཆེས་གཏིང་ནས་སླེབས་པ་དེས་དོན་གཉེར་སླེབས་པ་དང་། དད་པ་དང་། འདུན་པ། རྩོལ་བ་ཞེས་བརྗོད་པ་ལྟར་ཐོག་མར་ཡོན་ཏན་མཐོང་བའི་དད་པ་དགོས་ལ། དེ་ཡང་སྐྱབས་སུ་མཆི་ཞེས་བརྗོད་པ་གཅིག་པུས་འགྲིགས་ཐབས་མེད། དེས་ན་རྒྱུ་མཚན་མཐོང་བའི་སྒོ་ནས་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་དེ་ཧ་ཅང་གལ་གནད་ཆེན་པོ་རེད། ཤེས་ནས་དད་པ་ཐོབ་པ་ལ། རྒྱུ་མཚན་གྱི་ཐོག་ཏུ་བསམ་བློ་བཏང་ནས་འགྲོ་དགོས་པ་ཡིན། དེར་བརྟེན་སློབ་གཉེར་བྱ་རྒྱུ་ཤིན་ཏུ་ནས་ཀྱང་གལ་གནད་ཆེ།
ཡང་རིགས་རིགས་ལམ་སློབ་གཉེར་དང་། གཞུང་ཆེན་སྦྱོང་བ་སོགས་ནི་དགེ་ལུགས་པས་བྱ་རྒྱུ་ཞིག་ཡིན་པ་ལས། བཀའ་བརྒྱུད་དང་རྙིང་མར་དགོས་དོན་མེད་ཅེས་བརྗོད་པ་ལྟ་བུ་རེ་ཟུང་ཡོང་གི་འདུག །དཔེར་ན། རྒྱ་གར་ལྷོ་ཕྱོགས་སུ་པད་ནོར་རིན་པོ་ཆེའི་གདན་ས་རྣམ་གྲོལ་གླིང་དུ་བཤད་གྲྭ་ཆེན་པོ་ཞིག་ཡོད་ཅིང་། དེར་མཚན་ཉིད་སློབ་ཁྲིད་གནང་སྐབས་སྔ་འགྱུར་རྙིང་མའི་བླ་ཆེན་འགའ་ཞིག་གི་དགོངས་པར་ཅུང་ཟད་མ་བབ་པ་གནང་གི་འདུག་ཀྱང་། ཨུ་ཚུགས་བསྐྱོན་ནས་རིགས་ལམ་གྱི་ཐོག་ནས་རྩོད་པ་རྩོད་རྒྱུའི་སློབ་ཚན་བཙུགས་པ་ཡིན་ཞེས་པད་ནོར་རིན་པོ་ཆེ་ཁོང་ཉིད་ཀྱིས་ངོས་ལ་གསུངས་བྱུང་།
དེས་ན་ང་ཚོས་སྔར་ལམ་ཁོ་ནའི་ཐོག་ནས་ཕྱིན་པ་དང་། བཀའ་གདམས་གོང་མའི་གཞུང་ལ་ཆ་མཚོན་ནའང་། མོས་གུས་ཀྱིས་གྲོལ་བར་ཐེ་ཚོམ་མེད་ཅེས་མོས་གུས་གཙོ་ཆེ་བའི་ཐོག་ནས་འགྲོ་བ་ལས། ཐེ་ཚོམ་དང་བརྟག་དཔྱད་ཀྱི་ཐོག་ནས་ཕྱིན་ན། རྒྱུད་གསུམ་བདུན་ལས།
རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །
ཞེས་པ་ལྟ་བུའི་གསུང་སྟངས་རེ་ཟུང་ཡོང་བ་ཡིན། བསྟན་པ་སྤྱིའི་དབང་དུ་བྱས་ནས་འགྲོ་སྐབས། རིགས་ལམ་གྱི་ཐོག་ནས་དཔྱད་དེ་སྟོན་པའི་ཆོས་ཚུལ་རྣམས་རིགས་ལམ་གྱི་ཐོག་ནས་གཏན་ལ་ཕབ་པ་དང་། དཔྱད་དེ་རྒྱུ་མཚན་འཕེར་བའི་ཐོག་ནས་འཆད་ཐུབ་པ་ཞིག་བྱུང་ན། ཕྱི་ནང་སུ་ལའང་འཇིགས་ཞུམ་མེད་པའི་སྒོ་ནས་སྐད་ཆ་ཤོད་ཐུབ་པ་ཞིག་ཡོང་ངེས་ཡིན། ང་ཡི་བླ་མས་གསུང་གི་འདུག་ཅེས་པ་གཅིག་པུའི་ཐོག་ནས་ཕྱིན་ན་སྒྲོ་འདོགས་བཅད་ནས་གོ་བསྡུར་བྱ་རྒྱུའི་ཐོག་ཏུ་སླེབས་ཚེ། དཔེར་ན། རྣམ་འགྲེལ་གྱི་གཞུང་ལས་གསུངས་པ་ལྟར། ལུང་དྲངས་རྒྱུ་རྣམས་ཀྱང་ཐུན་མོང་གིས་ཁས་ལེན་པའི་ལུང་ཞིག་དགོས་པ་ལས། རང་ཉིད་གཅིག་པུས་ཁས་བླངས་པའི་ལུང་ཞིག་དྲངས་ནས་ཕ་རོལ་པོར་བསྒྲུབ་བྱ་སྒྲུབ་ཐུབ་ཐབས་གཏན་ནས་མེད། དེས་ན་གཙོ་བོ་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་འགྲོ་དགོས་པ་ཡིན། དེར་བརྟེན་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུ་ཤིན་ཏུ་ནས་གལ་གནད་ཆེན་པོ་ཡིན།
ངོས་རང་སྒེར་གྱི་ཐོག་ནས་ཆ་བཞག་ནའང་། རྒྱ་ཆེ་བ་དེ་ཙམ་ཤེས་ཀྱི་མེད། འོན་ཀྱང་བསྡུས་གྲྭ་ནས་བཟུང་སྟེ་རིགས་ལམ་གྱི་འགྲོ་སྟངས་རྣམས་ལ་སློབ་སྦྱོང་བྱས་ཡོད་ལ། དེ་བཞིན་གཞུང་ཆེན་ཁག་ལའང་སློབ་སྦྱོང་བྱས་པ་ཡིན། དེ་ལྟར་སློབ་སྦྱོང་བྱས་པ་དེས་ད་ལྟ་ལམ་སེང་གཞི་དེ་དང་དེའི་མཚན་ཉིད་དང་། དབྱེ་བ། སྒྲ་བཤད་སོགས་འཇོག་རྒྱུ་དཀའ་ཡང་། དེ་དག་ཕྱོགས་བསྡོམས་བྱས་པའི་ནང་དོན་རྣམས་བསམ་བློའི་ཐོག་ནས་གང་ཞིག་འགྲེལ་བཤད་བྱེད་དགོས་བྱུང་ཡང་བརྗོད་ཐུབ་པ་ཞིག་ཡོད། དེ་ཡང་མཁས་པའི་དབང་པོ་སུ་ཞིག་དང་མཉམ་དུ་སྐད་ཆ་བཤད་ཀྱང་ཤོད་ཐུབ་པ་ཞིག་ཡོད།
དཔེར་ན། ནང་ཚགས་ཀྱི་གནས་ཚུལ་ཤིག་ཞུས་ན། ངོས་རང་ཕྱི་རྒྱལ་ཡུལ་ལུང་གང་སར་བསྐྱོད་སྐབས། གསར་འགོད་པ་སྣ་ཚོགས་ཐུག་འཕྲད་ཡོང་གི་ཡོད། ས་གནས་དེ་དང་དེའི་དཔོན་རིགས་སོགས་ཀྱིས་གསར་འགོད་པ་ཐུག་འཕྲད་བྱ་རྒྱུར་ཞེད་སྣང་དང་། བསུན་སྣང་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་། མི་དང་མིའི་དབར་སྐད་ཆ་ཤོད་བཞིན་པར་བརྟེན་ངོས་རང་ལ་བསུན་སྣང་གང་ཡང་མི་ཡོང་བར། གནད་དོན་ཤེས་པ་ཞིག་ཡིན་ན་ཤེས་པ་དེ་དག་བཤད། མ་ཤེས་ན་མི་ཤེས་ཞེས་བརྗོད་ན་ཁྱད་པར་གང་ཡང་མེད། དེ་ལྟ་བུ་མགོ་རྙོག་གང་ཞིག་ཡོད་ཀྱང་། དེ་དང་འབྲེལ་བའི་ལན་བརྗོད་ཐུབ་པ་ཞིག་ཡིན། དེ་ནི་རྒྱུ་མཚན་གཞན་གང་ཡང་མིན་པར། ངོས་རང་མི་གཞན་ལྟར་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་གི་འཛིན་གྲྭར་ཉིན་གཅིག་ཀྱང་བསྐྱོད་མྱོང་མེད་ལ། དེང་དུས་ཀྱི་ཤེས་ཡོན་གང་ཡང་ཤེས་ཀྱི་མེད། འོན་ཀྱང་རྩ་བའི་བསམ་བློ་གཏོང་སྟངས་རྣམས་པཎ་གྲུབ་བཅུ་བདུན་གྱི་གསུང་བཟང་དེ་དག་གིས་རིགས་པའི་སྒོ་ཞིག་ཕྱེ་ཡོད་སྟབས། ཕྱི་ནང་སུ་ལ་སྐད་ཆ་ཤོད་པ་དང་། ལན་འདེབས་བྱེད་དགོས་པ་སོགས་གང་ཞིག་ཡིན་ནའང་བསམ་བློའི་ནང་དེ་ཡིན་ན་འདི་ཡིན། འདི་ཡིན་ན་དེ་ཡིན་དགོས་པ་ལྟ་བུའི་ལམ་སེང་ཟབ་པའི་ཤེས་རབ་ཅིག་སླེབས་ཐུབ་པ་ཡོང་གི་ཡོད།
དེས་ན་ང་རང་ཚོ་མི་གཅིག་མཚུངས་ཡིན་པར་མ་ཟད། ང་ཚོ་འཛམ་གླིང་འདིའི་ཐོག་ཡོད་པའི་མི་དུང་ཕྱུར་བདུན་ཅུ་ཡོད་པ་དེ་དག་ཚང་མ་གཅིག་མཚུངས་ཡིན་ལ། མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་པ་ཡང་གཅིག་མཚུངས་ཡིན། ཉོན་མོངས་དུག་གསུམ་ཡོད་པ་ཡང་གཅིག་མཚུངས་ཡིན། དེས་ན་ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ཁྱེད་རང་ཚོར་བརྗོད་པ་དེ་དག་ཁྱེད་རང་ཚོས་འབད་བརྩོན་བྱས་ན་གཅིག་མཚུངས་ཡོང་བ་ལས། ༸རྒྱལ་བ་རིན་པོ་ཆེ་མི་འདྲ་ཞེས་དམིགས་བསལ་ཟུར་བཏོན་བྱ་རྒྱུ་གང་ཡང་མེད། ང་ཚོ་ཚང་མ་གཅིག་པ་ཡིན་ཅིང་། སངས་རྒྱས་བཅོམ་ལྡན་འདས་སྐུ་བཞིའི་བདག་ཉིད་ཡིན་ནའང་། མཆོག་གི་སྤྲུལ་སྐུའི་རྣམ་པར་བསྟན་པ་དེ་ཡང་ང་རང་ཚོ་དང་གཅིག་གྱུར་གྱི་རྣམ་པ་བསྟན་ཏེ་གཞི་ནས་ཉོན་མོངས་སྤངས་པའི་བྲལ་བའི་ཡོན་ཏན་དང་། ཤེས་སྒྲིབ་སྤངས་པའི་བྲལ་བའི་ཡོན་ཏན་མངོན་དུ་མཛད་པའི་རྣམ་ཐར་མཛད་དགོས་དོན་ནི་ང་ཚོར་མིག་དཔེ་སྟོན་པ་གནང་གི་ཡོད། དེས་ན་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པའི་ཐོག་ནས་མི་གཅིག་གིས་འབད་བརྩོན་བྱས་པའི་འབྲས་བུ་འདི་ལྟར་ཡོང་གི་ཡོད་ན། ང་ཚོས་ཀྱང་ཡོང་མི་ཐུབ་པ་གང་ཞིག་ཡོད་སྙམ་པའི་བསམ་བློ་གཏོང་དགོས་པ་ལས། སྐྱབས་གནས་དང་། བླ་མ་ཞེས་གོང་དུ་འཇོག་པ་དང་། རང་ཉིད་རང་གིས་དམིགས་བསལ་བཏང་སྟེ་འོག་ཏུ་བསྡད་ན་སྙིང་པོ་གང་ཡང་མེད། དེ་ལྟར་ཡོང་བར་ཚང་མས་འབད་བརྩོན་བྱེད་དགོས་པ་ཡིན། ཞེས་བཀའ་སློབ་སྩལ་ཏོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།