བ༽ སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་གྱི་སྙིང་པོ།

བ༽ སློབ་དཔོན་ཤཱཀྱ་འོད་ཀྱི་རྣམ་ཐར་གྱི་སྙིང་པོ།

 

ནུབ་ཕྱོགས་ཡུལ་དུ་རྒྱལ་པོའི་རིགས་སུ་འཁྲུངས། །

ནཱ་ལེནྡྲ་རུ་སྡེ་སྣོད་གསུམ་ལ་སྦྱངས། །

འདུལ་བའི་གཞུང་མཛད་ཁ་ཆེར་འགྲོ་དོན་བསྐྱངས། །

འདུལ་འཛིན་མཆོག་གྱུར་ཤཱཀྱ་འོད་ལ་འདུད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་ཤཱཀྱ་པྲ་བྷ་ (शाक्यप्रभा,) (Sakyaprabha) དང་། རྒྱའི་སྐད་དུ་ (釋迦光) ཞུ་ཞིང་། བོད་སྐད་དུ་སློབ་དཔོན་ཤཱཀྱ་འོད་ཅེས་ཞུ་ཞིང་།

ཕྱི་ལོའི་དུས་རབས་བདུན་པ་བརྒྱད་པའི་ནང་རྒྱ་གར་ནུབ་ཕྱོགས་སུ་རྒྱལ་རིགས་སུ་སྐུ་འཁྲུངས། ནཱ་ལེནྡྲར་མཁན་པོ་བསོད་ནམས་གྲགས་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སློབ་དཔོན་ཞི་བ་འོད་བསྟེན་ནས་སྡེ་སྣོད་གསུམ་ལ་སྦྱངས་པས་འདུལ་བ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་ལ། སློབ་དཔོན་རྡོ་རྗེ་བཞད་པ་བསྟེན་ནས་སྔགས་སུ་བཞུགས་པས་མཁས་པར་གྱུར་ཏེ་མཚན་ལ་པྲ་བྷ་ཧ་ཏི་ཞེས་གྲགས་ཤིང་མཆོག་གི་དངོས་གྲུབ་ཀྱང་ཐོབ། ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་སུམ་བརྒྱ་པ་སོགས་ཆོས་ཚན་ ༥ མཛད་དེ་འདུལ་བའི་བདུད་རྩིའི་ཉིང་ཁུས་གདུལ་བྱ་རྣམས་ཀྱི་ཤེས་རབ་ཀྱི་དབང་པོ་རྒྱས་པར་མཛད་པར་མ་ཟད། བཀའ་འགྱུར་ནང་བསྒྱུར་ཞུས་གཏན་འབེབས་མཛད་པའི་ཆོས་ཚན་གྲངས་བཞི་བཞུགས། ཁ་ཆེའི་ཡུལ་དུ་འགྲོ་དོན་རྒྱ་ཆེར་བསྐྱངས་ཤིང་། སློབ་མ་ཤཱཀྱ་བཤེས་གཉེན་དང་། སེངྒེའི་གདོང་ཅན། སློབ་དཔོན་པདྨ་འབྱུང་གནས། དཱ་ན་ཤཱི་ལ། ཛི་ན་མི་ཏྲ་སོགས་བསྟན་འགྲོར་མཛད་རྗེས་ཆེ་བའི་སྐྱེས་ཆེན་མང་དུ་བསྐྱངས། དགུང་ལོ་ཇི་བཞུགས་མི་གསལ་ཡང་། འཇམ་དབྱངས་ཀྱི་ཞལ་གཟིགས་ཤིང་། འདུལ་འཛིན་མཆོག་གཉིས་ཀྱི་ཡ་གྱལ་དང་། འདུལ་བ་རིགས་གཅིག་རྐང་འཛིན། པཎ་གྲུབ་བཅུ་བདུན་ལས་བཅུ་དྲུག་པ་བཅས་སོ།།  །།

 

༥ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༩ ནས་ ༤༠༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *