བ༽ སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྣམ་ཐར་གྱི་སྙིང་པོ།
ལྷོ་ཕྱོགས་མ་ལ་ཡ་རུ་རྒྱལ་རིགས་སུ། །སྐུ་འཁྲུངས་ཀླུ་སྒྲུབ་བསྟེན་ནས་མཁས་པར་གྱུར། །
རང་རྒྱུད་སྲོལ་བཏོད་ཕྱག་རྡོར་ཞལ་གཟིགས་ནས། །རིག་འཛིན་གནས་གཤེགས་ལེགས་ལྡན་འབྱེད་ལ་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་བྷ་བྱ་ཀཱིརྟི་ (भवविवेका,) (Bhavaviveka) དང་། རྒྱའི་སྐད་དུ་ (佛護) བོད་སྐད་དུ་ལེགས་ལྡན་འབྱེད་ཅེས་ཞུ་ཞིང་། དུས་རབས་ལྔ་པའི་མཇུག་གམ་དྲུག་པའི་ནང་དུ་ལྷོ་ཕྱོགས་མ་ལ་ཡར་རྒྱལ་རིགས་སུ་སྐུ་འཁྲུངས། གདན་ས་དཔལ་ནཱ་ལེནྡྲར་མཛད་དེ་མགོན་པོ་ཀླུ་སྒྲུབ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་མཁས་པས་ཡོངས་རྫོགས་པཎྜི་ཏར་གྱུར་ནས་ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་བཅུའི་བདག་པོ་མཛད་དེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད། རྩ་ཤེས་ཀྱི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་དེ་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ལེགས་པར་ཕྱེས། གཞན་ཡང་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ ༩ མཛད་ཅིང་། དགེ་སློང་སྟོང་ཕྲག་མང་པོ་རྗེས་སུ་འབྲངས་པས་ལུགས་དེ་ཉིད་ཤིན་ཏུ་དར་བར་གྱུར། སློབ་མ་འཕགས་པ་གྲོལ་སྡེ་དང་། སློབ་དཔོན་ཡེ་ཤེས་སྙིང་པོ། སློབ་དཔོན་དཔལ་སྦས་སོགས་བསྟན་འཛིན་གྱི་སྐྱེས་བུ་པཎ་གྲུབ་ཉི་ཟླ་དང་མཚུངས་པ་མང་དུ་བསྐྱངས་པར་མ་ཟད། ལྷོ་ཕྱོགས་དཔལ་རིའི་ཕྱག་རྡོར་གྱི་གནས་སུ་སྒྲུབ་པ་མཛད་པས་ཕྱག་རྡོར་གྱི་ཞལ་གཟིགས་ཤིང་། རིལ་བུའི་དངོས་གྲུབ་བསྒྲུབས་པས་གྲུབ་སྟེ། མཐར་རྣམ་སྨིན་གྱི་སྐུ་ལུས་བོར་ནས་རིག་སྔགས་འཆང་གི་གནས་སུ་གཤེགས། དྲི་བ་འདོན་པར་མཁས་པའི་འཕགས་པ་རབ་འབྱོར་གྱི་སྤྲུལ་པར་གྲགས། ཀླུ་སྒྲུབ་ཀྱི་ཉེ་བའི་ཐུགས་སྲས་གསུམ་གྱི་ཡ་གྱལ་དང་། པཎ་གྲུབ་བཅུ་བདུན་ལས་བཞི་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༡ ནས་ ༣༩༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།