བ༽ ཡེ་ཤེས་འོད་ཀྱིས་ཆོས་ཕྱིར་དཀའ་སྤྱད་མཛད་ཚུལ།

བ༽ ཡེ་ཤེས་འོད་ཀྱིས་ཆོས་ཕྱིར་དཀའ་སྤྱད་མཛད་ཚུལ།

 

དེ་ཡང་བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པའི་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ་རོལ་མོའི་སྒྲ་སྙན་ལས[1]།

གང་ཚེ་གངས་ཅན་རྒྱལ་པོའི་བཀས་བསྐུལ་ནས། །

གུང་ཐང་སྐད་གཉིས་སྨྲ་བས་གསོལ་བཏབ་ཚེ། །

སྔོན་ནས་འཕགས་མ་སྒྲོལ་མས་ལུང་བསྟན་ཕྱིར། །

འདིར་བྱོན་བསྟན་པ་རྒྱས་མཛད་རྗེས་ཡི་རང་། །

ཞེས་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་མཉམ་མེད་ཇོ་བོ་ཨ་ཏི་ཤ་རྗེས་སུ་དྲན་པའི་གདུང་དབྱངས་དད་པའི་འོ་མཚོ་འཕེལ་བའི་ཟླ་ཟེར་ལས་[2]ཀྱང་། བསྟན་པའི་སྲིད་ལ་དབང་བསྒྱུར་གྲགས་པའི་རྔ། །ཡངས་པའི་ནོར་འཛིན་ཁྱོན་དུ་ལྡིར་བ་ན། །ཁ་བའི་གོས་གྱོན་ཧི་མ་གངས་ཀྱི་རྩེ། །ནམ་མཁའི་མངལ་དུ་ཡིབ་ཀྱང་འདར་བ་འཛིན། །དེ་ཚེ་ཁ་བའི་རི་སུལ་དུ། །ཕྱི་དར་བསྟན་པའི་མེ་རོ་ཙམ། །གསོས་པའི་འོད་སྣང་ལ་བརྟེན་ནས། །འགྲོ་འདིའི་བློ་མུན་སངས་པར་རྩོམ། །འོན་ཀྱང་མཁས་དང་གྲུབ་པའི་གདེང་། །མེད་བཞིན་རློམ་པའི་སྤྱི་བརྟོལ་མཁན། །ཨ་ཇོ་ཆོས་ལ་དབང་ཟ་བས། །ཐུབ་བསྟན་འོ་མཚོ་རྙོགས་མས་བསླད། །བསྟན་ལ་གཅིག་ཏུ་གུས་ལྡན་ཞིང་། །མཁྱེན་རབ་སྤྱན་དཀྱུས་རིང་བ་རྣམས། །ཚུལ་དེ་ཐུགས་ཀྱིས་མ་བཟོད་པར། །རྙོགས་མ་བགྲུང་བའི་ཐབས་ལ་བརྩོན། །ཆོས་ཕྱིར་སྲོག་ཀྱང་གཏོང་ཕོད་སེམས་དཔའ་ཆེ། །ཡེ་ཤེས་འོད་དང་དེ་དབོན་བྱང་ཆུབ་འོད། །རྣམ་གཉིས་ཐུགས་བསྐྱེད་རྟ་བདུན་བཞོན་པ་ཡིས། །མགོན་ཁྱོད་འོད་སྟོང་གངས་ཅན་ལྗོངས་སུ་དྲངས། །ཞེས་གསུངས་པ་ལྟར་ཆ་ཧར་བློ་བཟང་ཚུལ་ཁྲིམས་ (1740-1810) ཀྱིས་མཛད་པའི་ཇོ་བོ་རྗེ་གདན་དྲངས་པའི་ཡིག་ཆུང་ལས[3]། ཇོ་བོ་རྗེ་སྤྱན་དྲངས་པ་ནི། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ། ལོ་ཆུང་གྲགས་འབྱོར་ཤེས་རབ། རྔོག་ལེགས་པའི་ཤེས་རབ་གསུམ་གཙོས་མི་ཉེར་གཅིག་ལ་གསེར་མང་པོ་བྱིན་ནས་རྒྱ་གར་དུ་བརྫངས། རྒྱལ་པོའི་བཀའ་ལས། རབ་བླ་མ་བཟང་པོ་མང་པོ་གདན་དྲོངས། འབྲིང་དུ་གདམས་ངག་གང་མང་ཞུས། མཐའ་མ་ལུང་དང་དཔེ་ཆ་གང་གིས་ཀློག་པ་དང་འབྲི་བ་དང་། མངའ་རིས་མཐོ་ལིང་གི་གསེར་ཁང་བཏབ། དེ་རྣམས་རྒྱ་གར་དུ་སོང་ནས་ལོ་ཆེན་སོགས་གསུམ་གྱིས་ཐོས་པ་རྒྱ་ཆེན་མཛད་དེ་མཁས་པར་གྱུར་ཅིང་། གདམས་ངག་ཁྱད་འཕགས་མང་པོ་ཐོབ་ནས་བོད་དུ་འབྱོར་ཏེ་ལྷ་བླ་མ་ཁུ་དབོན་གྱི་ཐུགས་ཚིམ་པར་མཛད་དོ། །དེ་གསུམ་ལས་གཞན་རྣམས་ནི་ཆུ་མ་འཕྲོད་པ་སོགས་ཀྱིས་བོད་དུ་མ་འཁོར་རོ། །ལོ་ཆེན་རིན་བཟང་གིས་གསང་འདུས་སོགས་བོད་དུ་བསྒྱུར་བ་ལ་གསང་སྔགས་གསར་མ་ཞེས་གྲགས།

དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་ཨ་ཏི་ཤའི་སྙན་གྲགས་གསན་ནས་བོད་དུ་གདན་འདྲེན་པའི་ཕྱིར་དུ་རྒྱ་བརྩོན་འགྲུས་སེངྒེ་ལ་གསེར་གཏད་ནས་བཏང་ཡང་དེས་སྤྱན་འདྲེན་མ་ནུས་པར་སླང་འོངས་ནས་གསེར་རྣམས་རྒྱལ་པོ་ལ་ཕུལ་ཏེ། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་དང་བཅས་སླར་རྒྱ་གར་དུ་སོང་། དེའི་དུས་སུ་སྲོང་ངེ་དང་གར་ལོག་མ་མཐུན་པར་འཐབ་པ་ལ་ཡེ་ཤེས་འོད་དམག་ལ་བྱོན་པའི་ཚེ་གར་ལོག་གིས་བཙོན་དུ་བཟུང་སྟེ། ཡང་ན་སྐྱབས་འགྲོ་གཏོང་། ཡང་ན་ལུས་ཀྱི་ཚད་ཙམ་གྱི་གསེར་སྟེར་དགོས་ཟེར་བ་ལ། བོད་རྣམས་ཀྱིས་གསེར་གྱི་དཔྱ་བསྡུས་ནས་ལུས་ཀྱི་ཚད་ཙམ་གྱི་གསེར་རེད་ནས། ད་མ་འགྱངས་པར་རྒྱལ་པོ་ཚུར་སྤྱན་དྲངས་པར་ནུས་པ་ལ། རྒྱལ་པོས། ང་རྒས་པས་བསྟན་པ་ལ་ཕན་མི་ཐོགས། གསེར་དེས་པཎྜི་ཏ་སྤྱན་དྲངས་ནས་བསྟན་པ་དར་བར་བྱ་ཞེས་བཀའ་གནང་ནས་མི་རིང་བར་གཤེགས། དེའི་དབོན་པོ་བྱང་ཆུབ་འོད་ཀྱིས། ནག་ཚོ་རྒྱ་གར་ནས་ཕྱིར་འཁོར་མ་ཐག་གསེར་གཏད་དེ་ཇོ་བོ་རྗེ་སྤྱན་འདྲེན་དུ་བཏང་། དེས་རྒྱ་གར་དུ་སོང་ནས་རྒྱ་བརྩོན་སེང་བཅས་དཀའ་ཚེགས་ཀྱིས་ཇོ་བོ་སྤྱན་དྲངས་པས་བོད་དུ་ཆོས་ལོག་མང་དུ་བྱུང་བ་རྣམས་བསྣུབས་ནས་བཀའ་གདམས་པའི་ལུགས་བཟང་དྲི་མ་མེད་པ་སོགས་བསྟན་པ་རིན་པོ་ཆེ་དར་བར་མཛད་དོ། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། ལྷག་པར་བོད་ལ་ཕན་ཐོགས་པའི་པཎྜི་ཏ་ཐུགས་རྗེ་ཅན་ཇི་ལྟ་བུ་ཞིག་ཡོད་སྙམ་དུ་བརྩད་དཔྱད་པ་ན་དེ་དུས་རྒྱ་གར་ན་པཎྜི་ཏ་བགྲང་ལས་འདས་པ་བཞུགས་ཀྱང་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་བཞུགས་ཤིང་། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རླབས་ཆེན་པོ་ཐུགས་ལ་མངའ་བས་བོད་ཁམས་ཀྱི་སྐྱེ་བོ་དམུ་རྒོད་འདུལ་དཀའ་བ་རྣམས་འདུལ་ནུས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་དུ་མཐོང་ནས་ཇི་ཙམ་གསོལ་བ་བཏབ་ཀྱང་གདན་འདྲེན་ནུས་པ་མ་བྱུང་བར་ལོ་ཙཱ་བ་དཔོན་སློབ་རྣམས་ཚུར་ལོག་སྟེ་མངའ་རིས་ཆོས་རྒྱལ་ཁུ་དབོན་ལ་དེའི་རྒྱུ་མཚན་ཞུས་པ་ན་ཆོས་རྒྱལ་ཡེ་ཤེས་འོད་ཀྱིས་ད་དུང་གསེར་ཕོན་ཆེ་བ་བཙལ་ནས་ཇོ་བོ་རྗེ་གདན་འདྲེན་ཐུབ་པ་ཞིག་བྱེད་དགོས། ཅིས་ཀྱང་མ་ཐུབ་ན་དེའི་འོག་ནས་པཎྜི་ཏ་ཆེ་བ་འདྲ་གདན་དྲངས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་རྣམ་པར་དག་པ་ཚུགས་པ་ཞིག་ཅིས་ཀྱང་བྱེད་དགོངས་ནས་གསེར་འཚོལ་དུ་བྱོན་པས་གར་ལོག་གི་རྒྱལ་པོས་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་འོད་པཎྜི་ཏ་གདན་འདྲེན་ཕྱིར་གསེར་འཚོལ་བར་རིག་ནས། འདིའི་ཕ་མེས་རྣམས་ཀྱིས་སྔོན་ཡང་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ཟེར། འདི་མ་བཟུང་ན་འདིས་པཎྜི་ཏ་གདན་དྲངས་ནས། སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་འོང་བས་བཟུང་ལ་བཙོན་ཁང་དུ་ཆུག་ཅིག་ཟེར་ནས་ཆོས་རྒྱལ་ཡེ་ཤེས་འོད་བཟུང་ནས་མནར། དེ་ཆོས་རྒྱལ་བྱང་ཆུབ་འོད་ཀྱིས་ཐོས་ནས་རྟ་པ་བརྒྱ་བྱས་ཏེ་ཁུ་བོ་བཟློག་ཏུ་ཕྱིན་པས། གར་ལོག་གི་རྒྱལ་པོ་ཕ་ཚན་ཆེས་ནས་མ་བཟློག །ཡང་དམག་བྱས་ནས་ཁོ་ལ་བརྒྱབ་ན་ལྷོགས་པར་སྣང་སྟེ། དེའི་བར་དུ་འགྲོ་བ་མང་པོའི་སྲོག་འཆད་པར་སྣང་བ་དང་། ང་རང་ལ་ཡང་བར་ཆོད་བྱུང་ན་ཇོ་བོ་ཆེན་པོ་སྤྱན་མི་འདྲོངས་པར་གདའ་བས་ཁོ་དང་ཐབས་མཁས་པས་བསྟུན་ཏེ་ཁུ་བོ་བླུའོ་སྙམ་དུ་དགོངས་ནས་བླུས་པ་དང་། ཁོ་ན་རེ། འོ་ན་ཁྱེད་རང་པཎྜི་ཏ་གདན་འདྲེན་པའི་འཕྲོ་བཤོལ། ཁྱེད་རང་ཡང་ངའི་འོག་ཏུ་ཞུགས། ཡང་ན་གསེར་རྒྱལ་པོ་རང་དང་མཉམ་པ་ཞིག་ཁྱེར་ལ་ཤོག །དེ་ནས་རྒྱལ་པོ་བཏང་གིས་ཟེར་བ་ལ། གསེར་ལ་བདམས་ནས་གསེར་སྲང་བརྒྱ་ཐམ་པ་ཁྱེར་ཏེ། རྒྱལ་པོ་བླུས་པས་ཀྱང་ཁོ་མ་ཉན། དེ་ནས་ལུས་དང་མཉམ་པ་ཅིག་ཁྱེར་ནས་བླུས་པས་ཀྱང་ཐམས་ཅད་ཚང་བ་ཞིག་དགོས་ཟེར་ནས་ཁོ་མ་ཉན། དེར་ཁུ་བོ་ཁྲིམས་མུན་ན་བཙུད་དེ་འོ་བརྒྱལ་བར་བཞུགས་པའི་སྒོ་དྲུང་དུ་ཕྱི་ནས་ཁུ་བོ་ལ་བོས་ཏེ། བཀའ་དྲིན་ཆེན་པོ། སྔོན་གྱི་ལས་ཐོག་ཏུ་བབས་པ་ཡིན་པས། ངས་ཁོ་ལ་དམག་བརྒྱབ་ནས་བཟློག་ན་ནི་སྐྱེ་བོ་ཚན་པོ་ཆེ་ཕུང་ལ་གཏད་ནས་རང་རེ་གཉིས་ཀྱང་ངན་སོང་དུ་འགྲོ་དགོས་པར་སྣང་། པཎྜི་ཏ་གདན་མ་དྲངས་པར་ཁྱེད་རང་ངེད་ཀྱི་འོག་ཏུ་ཞུགས་ཟེར་བ་ལ་ནི། ཆོས་བློས་བཏང་ནས་སྡིག་རྒྱལ་གྱི་འོག་ཏུ་ཞུགས་པ་ལས། ཁྱེད་ཆོས་ལྡན་དུ་གཤེགས་པ་དྲག་སྙམ་དུ་བསམས། དེ་ནས་གསེར་ཁྱེད་རང་ཙམ་ཞིག་དགོས་ཟེར་བ་ལ་གསེར་བཙལ་བས། ཁྱེད་ཀྱི་སྐུ་ལུས་དང་མཉམ་པའི་ཚོད་ཙམ་ཞིག་རྙེད། དེས་ཁོ་མ་ཉན་པས་ད་ངས་དབུ་ཙམ་ཞིག་རྙེད་པ་དང་བླུར་འོང་གིས། དེའི་བར་དུ་སྔོན་གྱི་ལས་ལ་སེམས་པ་དང་། དཀོན་མཆོག་གསུམ་ལ་གསོལ་བ་འདེབས་པ་དང་། སྙིང་པོ་ཆེ་བྲང་འོག་ཏུ་བཅུག་པའི་བསོད་ནམས་མཛད་དགོས་པ་ཡིན། ཞེས་ཞུས་པ་དང་། ཁུ་བོ་བཞད་ཅིག་མཛད་ནས། ཁྱོད་ལའང་གཅེས་ཕྲུག་སྣུམ་ཟན་མའི་བགས་ཤིག་ཡོད། དཀའ་སྤྱད་དང་སྙིང་རུས་མི་ནུས་སྙམ་པ་ཡིན་ཏེ། ང་ཤི་ཡང་ཁྱོད་ཀྱིས་ཕ་མེས་ཀྱི་སྲོལ་སྐྱོང་བར་སྣང་། ཁྱོད་ཀྱི་དེ་གོ་བ་ཆེ། ང་དེས་ཆོག །ངའི་བསམ་པ་ལ་བོད་འདིར་ཆོས་ཁྲིམས་ཞིག་མ་འཆོས་པར་ང་ཤི་ན་མི་རུང་བར་འདུག་སྙམ་པ་ཡིན་ཏེ། ད་ང་ན་སོ་ཡང་རྒས་འདིར་ང་ད་ལན་མ་ཤི་ཡང་ཚེ་ལོ་བཅུ་ཡིན་སྔར་ཚེ་འཁོར་བ་ཐོག་མ་མེད་པ་ནས་ཆོས་ཀྱི་ཕྱིར་གཅིག་ཀྱང་ཤི་བ་མེད། ད་ལན་ཆོས་ཕྱིར་ཤི་ན་ལེགས་པ་ཡིན་པས་རྒྱལ་པོ་འདི་ལ་གསེར་སེ་བ་ར་ཏི་གཅིག་ཀྱང་མ་སྟེར། གསེར་ང་རང་ཙམ་རྙེད་པ་ཤིན་ཏུ་རྔམ་ཆེ་ན། ད་མགོ་བོ་ཙམ་པ་ག་ན་རྙེད། གསེར་ཐམས་ཅད་རྒྱ་གར་དུ་ཁྱེར་ལ་ད་དུང་པཎྜི་ཏ་དེ་གདན་ཅི་འདྲོངས་གྱིས། པཎྜི་ཏ་ཆེན་པོའི་སྙན་དུ་ཡང་། ང་ན་རེ། ངས་ཁྱེད་དང་སངས་རྒྱས་ཀྱི་བསྟན་པའི་ཕྱིར་ལུས་སྲོག་གར་ལོག་གི་རྒྱལ་པོ་ངན་པ་ལ་བྱིན་ཡོད་པས་ཚེ་རབས་ཐམས་ཅད་དུ་བདག་ལ་ཐུགས་རྗེས་འཛིན་པ་དང་། ངའི་བསམ་པའི་གཙོ་བོ་ཁྱེད་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་པ་ཡིན་པས་དེ་ཁོ་ན་བཞིན་དུ་མཛད་པ་དང་། སྐྱེ་བ་འདིའི་འོག་རོལ་ཏུ་ཁྱེད་དང་ངེས་པར་མཇལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ངའི་འཕྲིན་མཛོད་ཅིག །དེ་ལྟར་ལགས་པས་ང་བློས་ཐོངས་ལ་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཤིག་གསུངས། ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། ༼༢༢༽ ཁམས་བྲིས་དཔེ་རིང་། ཤོག་ ༣བ༣ ནས་ ༤བ༤ བར།

[2] འཇིགས་མེད་རིགས་པའི་བློ་གྲོས་ཀྱི་གསུང་འབུམ། ༼༤༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་ ༧༣༥

[3] ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། པོད། ༼ཉ༽ ཤིང་དཔར། ཤོག་གྲངས་ ༢༥བ༢

[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༡ ནས་ ༡༨༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *