བ༽ དཔལ་ཆོས་ཀྱི་གྲགས་པའི་གསུང་གི་མཚན་བྱང་།

བ༽ དཔལ་ཆོས་ཀྱི་གྲགས་པའི་གསུང་གི་མཚན་བྱང་།

 

དེ་ཡང་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་དཔལ་ཆོས་ཀྱི་གྲགས་པའི་གསོལ་འདེབས་ལས[1]།

རྩོད་པས་ལོག་སྨྲ་ཝ་སྐྱེས་སྐྲག་བྱས་ཤིང་། །

རྩོམ་པས་མཁས་རྣམས་མགུ་བ་བསྐྱེད་པ་དང་། །

འཆད་དང་བསྒོམས་པས་ཐུབ་པའི་བསྟན་པ་ཆེ། །

བླ་ནས་བླ་རུ་འཕེལ་བར་བྱིན་གྱིས་རློབས། །

ཞེས་གསུངས་པ་ལྟར། དཔལ་ལྡན་ཆོས་ཀྱི་གྲགས་པས་མཁས་པའི་བྱ་བ་རྣམ་གསུམ་སྟེ་འཆད་རྩོད་རྩོམ་གྱི་ཐོག་ནས་རྒྱལ་བསྟན་བླ་ནས་བླར་སྤེལ་བར་མཛད་པ་ལས། རྩོམ་པ་ལེགས་བཤད་ཀྱི་བསྟན་བཅོས་ལ་མཚོན་ན། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[2]། སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པ་ལ། ཚད་མ་རྣམ་འགྲེལ་དགེ་བློ་དང་རྔོག་དང་ཀུན་དགའ་རྒྱལ་མཚན་གྱི་འགྱུར། ཚད་མ་རྣམ་ངེས་རྔོག་འགྱུར། རིགས་ཐིགས་བམ་པོ་གཅིག་རྔོག་འགྱུར། གཏན་ཚིགས་ཐིགས་པ་ཤོ་ལོ་ཀ་ཉིས་བརྒྱ་པ་དཔལ་བརྩེགས་ཀྱི་འགྱུར། འབྲེལ་བ་བརྟག་པ་བནྡེ་ནམ་མཁའ་དང་ཏིང་ངེ་འཛིན་བཟང་པོའི་འགྱུར། རྒྱུད་གཞན་གྲུབ་པ་ཤོ་ལོ་ཀ་བརྒྱ་དཔལ་བརྩེགས་ཀྱི་འགྱུར། རྩོད་པའི་རིགས་པ་དགེ་བའི་བློ་གྲོས་དང་ཤོང་གི་འགྱུར། རྣམ་འགྲེལ་ལེའུ་དང་པོའི་རང་འགྲེལ་སྟོང་ཕྲག་ཕྱེད་དང་བཞི་པ་དང༌། རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སློབ་དཔོན་ལྷ་དབང་བློས་མཛད་པ་དགེ་བློའི་འགྱུར། འདི་རང་འགྲེལ་དང་བསྡོམས་པ་ལ་ཚད་མ་སྟོང་ཕྲག་བཅུ་གཉིས་པ་ཟེར་རོ། །ཞེས་གསུངས་པ་ལྟར་རོ།།

གཞན་ཡང་། ༡) སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པ་ལ་བསྟོད་པ་དང་། ༢) རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དགྱེས་པ་རྡོ་རྗེའི་དཀའ་འགྲེལ་སྤྱན་འབྱེད། ༣) དཔལ་རྡོ་རྗེ་མཁའ་འགྲོའི་བསྟོད་པ་རྒྱུན་ཆགས། ༤) དཀྱིལ་འཁོར་གྱི་ཐིག་གི་ཆོ་ག ། ༥) ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རོའི་སྦྱིན་སྲེག་གི་དཀྱིལ་འཁོར་གྱི་ཆོ་ག ། ༦) སྐྱེས་པའི་རབས་ཀྱི་རྒྱ་ཆེར་བཤད་པ། ༧) ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ། ༨) ཚད་མ་རྣམ་པར་ངེས་པ། ༩) རིགས་པའི་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༡༠) གཏན་ཚིགས་ཐིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༡༡) འབྲེལ་བ་བརྟག་པའི་རབ་ཏུ་བྱེད་པ། ༡༢) འབྲེལ་བ་བརྟག་པའི་འགྲེལ་པ། ༡༣) ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། ༡༤) རྩོད་པའི་རིགས་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༡༥) རྒྱུད་གཞན་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་བཅས་ཆོས་ཚན་ ༡༥ བཞུགས། གསུང་འདི་དག་གི་ཞིབ་ཕྲའི་དཀར་ཆག་ཟུར་དུ་བསྒྲིགས་པ་ལས་མཁྱེན་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད་གསུམ་པ། ༼ཁ༽ བཀྲས་ལྷུན་པར་མ། ཤོག་ ༥༣བ༣ ནས་ ༥༤ན༢ བར།

[2]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༤༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༡ ནས་ ༤༢༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *