༣༽ ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི།

༣༽ ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི།

 

ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི་མཆོག་ནི། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། འདི་ཉིད་ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཞེས་གསལ། འོན་ཀྱང་དེ་དང་མཚན་མཚུངས་པ་ཁམས་པ་ལྡི་རི་ཆོས་གྲགས་དང་། ཁམས་ལོ་ཙཱ་བ་བ་རི་ཆོས་གྲགས། ཁམས་པ་ལོ་ཙཱ་བ་བ་རི་རིན་ཆེན་གྲགས་བཅས་གསུམ་ལས་གང་ཡིན་གསལ་ཁ་མེད་ཅིང་འཁྲུལ་གཞི་ཆེ་ལ།

དེ་གསུམ་ལས་ཁམས་པ་ལྡི་རི་ཆོས་གྲགས་ལ་བསྒྱུར་གཞུང་གཉིས་ཙམ་ལས་མ་མཆིས་ལ། དེ་མིན་ཁམས་པ་དགེ་སློང་བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པ་དང་། བོད་ཀྱི་ལོ་ཙཱ་བ་ཁམས་པ་བ་རི་དགེ་སློང་ཆོས་གྲགས་གཉིས་ལ་འགྱུར་གཞུང་མང་ཞིང་ཕན་ཚུན་འཁྲུལ་གཞི་ཡང་བྱུང་ཡོད་འདུག་པས་ཞིབ་ཏུ་དཔྱད་དགོས་པར་སྣང་། དེ་ཡང་བ་རི་ཆོས་གྲགས་ཀྱིས་སྔགས་ཕྱོགས་སྒྲུབ་ཐབས་སྐོར་ཆོས་ཚན་ ༨༢ བསྒྱུར་བའི་ཁྲོད་དུ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གཅིག་ཀྱང་མ་མཆིས་ལ། ལོ་ཙཱ་བ་ཁམས་པ་ལྡི་རི་ཆོས་གྲགས་ཀྱི་འགྱུར་ལའང་དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱུད་ལས་ཕྱུང་བ་སྤྱན་མའི་ངན་སོང་སྦྱོང་བའི་ཆོ་ག་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེས་མཛད་པ་གཅིག་ལས་འགྱུར་གཞན་མི་བཞུགས།

བུ་སྟོན་ (1290-1364) ཆོས་འབྱུང་ལས[1]། ནག་ཚོའི་འགྱུར་ཞེས་པ་རྣམས་ཚུལ་ཁྲིམས་རྒྱལ་བའི་འགྱུར་རོ། །རྔོག་འགྱུར་ཞེས་པ་རྣམས་བློ་ལྡན་ཤེས་རབ་ཀྱི་འགྱུར་རོ། །པ་ཚབ་འགྱུར་ཞེས་པ་རྣམས་ཉི་མ་གྲགས་ཀྱི་འགྱུར་རོ། །བ་རིའི་འགྱུར་ཞེས་པ་རྣམས་རིན་ཆེན་གྲགས་ཀྱི་འགྱུར་ཡིན་པས་གཞན་དུ་མི་བསམ་མོ། །ཞེས་བྱུང་ཞིང་། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་བསྒྱུར་བའི་ཁྲོད་རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་ཀྱི་བཤད་པ་སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་གཅིག་ལས་དེ་མིན་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་གཞན་མི་བཞུགས་ལ། བསྟན་འགྱུར་གྱི་དཀར་ཆག་དང་། བསྟན་བཅོས་དངོས་ཀྱི་འགྱུར་བྱང་དུ་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་དང་། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག་གསུམ་གར་གསལ་བར་མི་སྣང་བས། སྒྱུར་བྱེད་ལོ་ཙཱ་བ་དེ་གསུམ་གྱི་འགྱུར་གཞུང་བར་འཁྲུལ་གཞི་མི་ཉུང་བ་ཞིག་མེད་དམ་སྙམ་མོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༣༠༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤ ནས་ ༤༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *