ཁ༽ རྒྱ་ཆེན་སྤྱོད་བརྒྱུད་ཀྱི་རིམ་པ།
༩༽ འཕགས་པ་ཐོགས་མེད།
བྱམས་པས་རྗེས་བཟུང་ཐེག་ཆེན་སྡེ་སྣོད་ཀུན། །
ལེགས་པར་སྤེལ་མཁས་རྒྱ་ཆེན་ལམ་སྟོན་ཞིང་། །
ཞེས་པ་ནི། ཟབ་པ་དང་རྒྱ་ཆེ་བའི་ལམ་གཉིས་ལས། ཤེར་ཕྱིན་གྱི་མདོའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཙོ་བོར་གཏན་ལ་འབེབས་མཁན་ནི་ཟབ་མོ་དབུ་མའི་ལྟ་བརྒྱུད་རྣམས་ཡིན་ལ། འདི་ནས་མར་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་སྟེ། བྱམས་ཆོས་སྡེ་ལྔ་ལས་གཙོ་བོ་མངོན་རྟོགས་རྒྱན་གྱིས་གཏན་ལ་ཕབ་ཅིང་།
མདོ་སྡེ་རྒྱན་དང་། རྒྱུད་བླ་མ། འབྱེད་རྣམ་གཉིས་བཅས་ཀྱིས་རིགས་དང་བྱང་ཆུབ་སེམས་དཔའི་ཉམས་ལེན་སོགས་གཙོ་བོར་གསུངས་པའི་བྱམས་ཆོས་སྡེ་ལྔ་མཛད་པ་རྣམས་ཡིན།
བྱམས་ཆོས་སྡེ་ལྔ་ནི་མགོན་པོ་བྱམས་པས་གསུངས་པ་ཞིག་ཡིན་ཅིང་། རྗེ་བཙུན་བྱམས་པ་ལ་མི་ཡི་རྟེན་ཅན་གྱི་བྱམས་པ་མགོན་པོ་གཅིག་དང་། དགའ་ལྡན་རྟེན་ཅན་གྱི་བྱམས་པ་མགོན་པོ་གཅིག་བཅས་གཉིས་ཡོད་འདུག །དེ་ཡང་མདོ་སྡེ་དགོངས་འགྲེལ་འགྲེལ་པ་མཛད་པ་པོ་རྒྱའི་མཁན་པོ་ཝེན་ཚེག །ཅེས་དྲང་ངེས་ལེགས་བཤད་སྙིང་པོར་གསལ་བ་ནི། རྒྱའི་མཁན་པོ་མིན་པར་ཀོ་རི་ཡའི་མི་རིགས་ཡིན་པར་རྗོད་ཀྱིན་འདུག་ཀྱང་ཁྱད་པར་ཆེར་མེད། མདོར་ན། མཁན་པོ་ཝེན་ཚེག་གིས་མཛད་པའི་མདོ་སྡེ་དགོངས་འགྲེལ་གྱི་འགྲེལ་པ་དེ་ཉིད་ངོས་ནས་རགས་ཙམ་རེ་མཇལ་རྒྱུ་བྱུང་། དེའི་ནང་རྗེ་བཙུན་བྱམས་པ་མགོན་པོར་བྱམས་པ་ཞེས་མཚན་ཐོགས་པ་ནི། ཁོང་གི་ཡུམ་གྱི་མཚན་ལ་བྱམས་མ་ཞེས་ཞུ་བས། དེའི་སྲས་ཡིན་པས་ན། བྱམས་པ་མགོན་པོ་ཞེས་མཚན་ཐོགས་པར་གསལ་ཡོད། དེས་ན་མིའི་རྟེན་ཅན་གྱི་བྱམས་པ་མགོན་པོ་ཡིན་པར་བཤད་པ་ལས། དགའ་ལྡན་རྟེན་ཅན་གྱི་བྱམས་པ་མགོན་པོ་ཡིན་ན། ཡབ་ཡུམ་གྱི་སྐད་ཆ་ཡོང་ཐབས་མེད། དེར་བརྟེན་བྱམས་པ་མགོན་པོ་ལ་གཉིས་ཡོད་པ་ལས། དགའ་ལྡན་རྟེན་ཅན་གྱི་བྱམས་པ་མགོན་པོ་མེད་ཅེས་ཀྱང་བརྗོད་མི་ཐུབ་སྟེ། གཞན་དུ་ན་དགའ་ལྡན་ལྷ་བརྒྱ་མ་ལས[1]།
དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། །
རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །
ཞེས་གསུངས་པ་དེ་གང་འདྲ་ཞིག་ཏུ་འགྱུར་རམ། མདོར་ན། ལྷ་ཡི་རྟེན་ཅན་གྱི་བྱམས་མགོན་ཡོད་ཀྱང་། བྱམས་ཆོས་ཀྱི་གཞུང་ལུགས་ཡོངས་གྲགས་མཛད་པ་པོ་ནི། རྒྱའི་མཁན་པོ་ཝེན་ཚེག་གི་གསུང་སྟངས་ལ་བལྟས་ན། མིའི་རྟེན་ཅན་གྱི་བྱམས་པ་མགོན་པོས་མཛད་པར་གསལ་འདུག །ངོས་ནས་རྒྱ་རིགས་འགའ་ཞིག་ལ་སྐད་ཆ་དྲིས་པར། བྱམས་པ་མགོན་པོ་མི་ཡི་རྟེན་ཅན་རེད་ཅེས་རྗོད་ཀྱིན་འདུག །དེས་ན་མིའི་རྟེན་ཅན་གྱི་བྱམས་པ་མགོན་པོ་གཅིག་དང་། དགའ་ལྡན་ལྷའི་རྟེན་ཅན་གྱི་བྱམས་པ་མགོན་པོ་གཅིག་བཅས་བྱམས་པ་མགོན་པོ་གཉིས་ཕལ་ཆེར་ཡོད་ཆོག་པ་ཡིན།
རི་རབ་ཡོད་མེད་བརྗོད་སྐབས། དགའ་ལྡན་ལྷའི་ཞིང་ཡོད་མེད་དང་། རྗེ་བཙུན་བྱམས་པ་མགོན་པོ་ཡོད་མེད་ལ་སོགས་ལ་སེམས་ཁྲལ་བྱེད་དགོས་དོན་མེད། གང་ལགས་ཤེ་ན། རི་རབ་ཀྱི་རྩེ་མོར་སུམ་ཅུ་རྩ་གསུམ་དང་། དེའི་སྟེང་དུ་འཐབ་བྲལ། དེ་ནས་ས་དང་འབྲེལ་བ་མེད་པའམ་རི་རབ་དང་འབྲེལ་བ་མེད། དེ་ནས་དགའ་ལྡན་དང་། དེ་ཡང་གྲོང་ལས་དགོན་པའི་ཚུལ་དུ་ཡར་འཕགས་པའི་བྱམས་པ་མགོན་པོ་རང་ཉིད་ཀྱི་ཞིང་ཁམས་ཡིད་དགའ་ཆོས་འཛིན། ཞེས་པ་དེ་ཉིད་ཆགས་ཡོད་པར་གསུངས། དེ་མིན་རི་རབ་མེད་ཅེས་བརྗོད་སྐབས། ཚངས་པ་དང་བརྒྱ་བྱིན་སོགས་འཇོག་དཀའ་བ་དང་། རྒྱལ་ཆེན་རིགས་བཞི་ནི། རྒྱ་ནག་གི་ལུགས་རེད་འདུག་པས་མེད་ཀྱང་ཁྱད་པར་གང་ཡང་མེད། རི་རབ་ཀྱི་ཁོང་གསེང་དུ་ལྷ་མ་ཡིན་ཡོད་པར་གསུངས་པས། ལྷ་མ་ཡིན་གནས་སའི་ས་ཆ་ནས་དཔག་བསམ་ཤིང་སྐྱེས་ཤིང་། ཤིང་དེ་ཉིད་སྐྱེས་སའི་ཆ་ནས་ལྷ་མ་ཡིན་ལ་དབང་བ་དང་། འབྲས་བུ་ལོངས་སྤྱོད་བྱེད་མཁན་ལྷ་ཡིན་པས་དེའི་ཐོག་ནས་ལྷ་དང་ལྷ་མིན་འཐབ་རྩོད་བྱེད་བཞིན་པར་རྗོད་བཞིན་ཡོད་པས། རི་རབ་མེད་ལ་དཔག་བསམ་ཤིང་ཡང་མེད་ཅེས་བརྗོད་ན་འཐབ་རྩོད་བྱེད་དོན་མེད། འཐབ་བྲལ་ཡན་ཆད་རྣམས་ནམ་མཁའ་སྟོང་པའི་དབྱིངས་སུ་ཡོད་པ་ཞིག་ཡིན་པས་སེམས་ཁྲལ་བྱེད་དགོས་དོན་མེད།
གཞན་ཡང་ཁྱེད་རང་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོས་ཚེ་ལོ་དཔག་མེད་དང་། དེ་བཞིན་ཚེ་ལོ་བརྒྱད་ཁྲི། ཚེ་ལོ་དྲུག་ཁྲི། ཚེ་ལོ་བཞི་ཁྲི། ཚེ་ལོ་བརྒྱ་པ་ཞེས་པ་དེ་དག་ལ་ཅུང་ཟད་རྙོག་དྲ་ཡོད། སྔར་ངོས་རང་ཨོ་སི་ཀྲོ་ལི་ཡར་ཡོད་པའི་སྐབས་ཤིག་ལ་ཉིན་ཞིག་བརྙན་འཕྲིན་པར་ལེན་བྱེད་མཁན་ཞིག་ཡོང་སྟེ། ལོ་ས་ཡ་བརྒྱ་ལྷག་གི་གོང་དུ་གཏུམ་འབྲུག་ (Dinosaur) ཡོད་པ་དེ་ལ་ཁྱེད་ཀྱིས་ཡིད་ཆེས་བྱེད་ཀྱིན་ཡོད་དམ་ཞེས་དྲིས་བྱུང་། ངོས་རང་གིས་གང་ཡིན་ནམ་སྙམ་པ་ཞིག་བྱུང་། སྲོག་ཆགས་དེའི་རུས་པ་དངོས་སུ་མཐོང་རྒྱུ་ཡོད་སྟབས། དེ་ལ་ཐེ་ཚོམ་བྱ་རྒྱུ་གང་ཡང་ལྷག་མེད་པས། ངོས་རང་དེ་ལ་ཡིད་ཆེས་ཡོད་ཅེས་བརྗོད་པ་ཡིན། རྗེས་སུ་ཤེས་རྟོགས་བྱུང་བར། ཡེ་ཤུའི་གསུང་རབ་སྒྲ་ཇི་བཞིན་པར་ཁས་ལེན་མཁན་གྱི་ཡེ་ཤུའི་ཆོས་པ་དེ་རིགས་ཀྱིས་འཇིག་རྟེན་བཀོད་པ་པོས་འཛམ་གླིང་བཀོད་ནས་ལོ་ངོ་ ༥༠༠༠ ལས་ཕྱིན་མེད་པས། ལོ་ངོ་ས་ཡ་བརྒྱ་གཉིས་བརྒྱའི་གོང་གི་གནས་ཚུལ་རྣམས་ཁས་ལེན་བྱེད་ཀྱི་མེད་པ་འདྲ་འདུག །དེ་ལྟ་བུའི་རྙོག་དྲ་ཡོད། ང་ཚོ་ནང་པའི་གཞུང་ནས་གསུངས་པའི་ཚེ་ལོ་དཔག་མེད་ཅེས་གསུངས་པ་དེ་དག་བརྗོད་དགོས་བྱུང་ན་ཅུང་ཟད་དཀའ་ངལ་ཡོད། དེ་ལ་ང་ཚོས་བསམ་བློ་ཇི་ལྟར་གཏོང་དགོས་མིན་ལ་བསམ་གཞིག་བྱེད་དགོས་པ་ཞིག་རེད།
མདོར་ན། མི་ཡི་རྟེན་ཅན་དང་དགའ་ལྡན་ལྷ་ཡི་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་གང་ཞིག་ཡིན་ནའང་། བྱམས་ཆོས་སྡེ་ལྔ་ང་ཚོས་དངོས་སུ་མཇལ་རྒྱུ་ཡོད་པ་འདི་དག་ཡིན་པར་མ་ཟད། མངོན་རྟོགས་རྒྱན་ལ་ཆ་མཚོན་ནའང་ཧ་ལས་པ་ཞིག་ཡོད། དེ་བཞིན་རྒྱུད་བླ་མ་དང་། མདོ་སྡེ་རྒྱན་སོགས་ཀྱི་གཞུང་ལུགས་རྣམས་ཀྱང་ཧ་ལས་པ་ཞིག་རེད་འདུག །གཞན་ཡང་དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་སོགས་གཞུང་ལུགས་མང་པོ་ཞིག་ཡོད།
དེ་ལྟར་ཤེར་ཕྱིན་གྱི་གཞུང་རྣམས་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་ཐོག་མར་གསུང་སྐབས། བདེན་བཞིའི་ཆོས་འཁོར་ལྟར་གདུལ་བྱ་ལས་དག་དང་ལས་དག་མ་ཡིན་པ་འདུ་འཛོམས་ཐོག་ཡོངས་གྲགས་སུ་གསུངས་པ་ཞིག་མིན། ལོ་རྒྱུས་ཀྱི་ཐོག་ཏུ་འཁོད་པ་ལྟར། ཆོས་འཁོར་བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཞེས་པའི་ཤེར་ཕྱིན་གྱི་གཞུང་རྣམས་གདུལ་བྱ་ལས་དག་གི་ངོར་གསུངས་པ་ཞིག་ཡིན། དཔེར་ན། བྱ་རྒོད་ཕུང་པོའི་རིར་གནས་སྐོར་དུ་བསྐྱོད་སྐབས། གནས་ཡུལ་གཞི་རྒྱ་ཆུང་ངུ་ཞིག་སྟེ། ཤེས་རབ་སྙིང་པོ་ལས་[2]གསུངས་པ་ལྟར། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་དང་བཅས་པའི་གདུལ་བྱ་ཁྲི་འབུམ་མང་པོ་ཤོང་ཡུལ་མེད་པས། དེ་ནི་གདུལ་བྱ་ལས་དག་གི་སྣང་ངོར་ཡིན། དེ་ཡང་ཤེས་རབ་སྙིང་པོའི་གཞུང་དངོས་གཞི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་ཞལ་ནས་དངོས་སུ་གསུངས་པ་ཞིག་མིན་པར། ཤཱ་རིའི་བུ་དང་འཕགས་པ་སྤྱན་རས་གཟིགས་གཉིས་དྲི་བ་དྲིས་ལན་གནང་ནས་གསུངས་པ་ཞིག་ཡིན། བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་པོའི་རིར་ཤེར་ཕྱིན་གྱི་མདོ་གསུངས་པའི་སྐབས་སུ་གདུལ་བྱ་སྤྱིར་བཏང་ཞིག་སླེབས་ཚེ། བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཤིང་། གདུལ་བྱ་དེས་ཤཱ་རིའི་བུ་མཇལ་བ་ལས། འཕགས་པ་སྤྱན་རས་གཟིགས་མཇལ་མི་ཐུབ་པར་བརྟེན། གཤམ་ངོས་སུ་ཤཱ་རིའི་བུས་ཆིག་ལབ་བསྐྱོན་ནས་བཞུགས་འདུག་སྙམ་པ་དང་། ལྷག་པར་ཤཱ་རིའི་བུ་དེ་རིང་ཐུགས་སེམས་དེ་ཙམ་བདེ་པོ་ཨེ་ཡོད་སྙམ་པ་ལྟ་བུ་དྲན་སྲིད་པའི་ཉེན་ཁ་ཡོད། དེར་བརྟེན་ངོས་ནས་ནམ་རྒྱུན་དེ་ལྟར་དྲན་པ་ལྟར་རྩེད་མོ་དང་བཅས་ཏེ་རྗོད་ཀྱིན་ཡོད།
དེས་ན་དེ་ནི་གདུལ་བྱ་ལས་དག་གི་ངོར་གསུངས་པ་ཞིག་ཡིན་པ་ལས། གདུལ་བྱ་ཡོངས་གྲགས་ལ་གསུངས་པ་ཞིག་མིན། དེར་བརྟེན་ལོ་རྒྱུས་སྨྲ་བ་དག་གིས་གསུངས་པའི་ལོ་རྒྱུས་ཀྱི་ནང་དུ་འཁོད་མེད་སྟབས། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཞེས་པ་རྒྱུ་མཚན་དེ་དག་གི་ཐོག་ནས་ཡོང་གིན་ཡོད། ཐེག་ཆེན་བཀར་སྒྲུབ་ཅེས་པ་གཙོ་བོ་རིགས་པའི་ལམ་ནས་བརྗོད་བྱ་ལ་བརྟགས་ཤིང་དཔྱད་དེ་འགྲོ་དགོས་པ་དང་། དེ་ཡང་བཅོམ་ལྡན་འདས་ཀྱི་བཀའ་ཡིན་མིན་བརྗོད་བྱ་ལ་བརྟགས་ཤིང་དཔྱད་ནས། དེ་ཉིད་བཅོམ་ལྡན་འདས་ཀྱི་བཀའ་འོས་མེད་ཡིན་པར་བསྒྲུབས་ཡོད།
དེ་བཞིན་མགོན་པོ་ཀླུ་སྒྲུབ་དང༌། ཀླུ་སྒྲུབ་ཀྱི་རྗེས་འབྲང་ཨཱརྱ་དེ་ཝ་ལྟ་བུ་དེ་དག་མཁས་པ་ཕུལ་དུ་ཕྱིན་པ་ཕྱི་ནང་གི་གྲུབ་མཐའ་མཁྱེན་མཁན་ཧ་ལས་པའི་མཁས་པའི་དབང་པོ་རེད། གཞན་ཡང་སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ལེགས་ལྡན་འབྱེད་བཅས་ཀྱང་ཕུལ་དུ་ཕྱིན་པའི་མཁས་པ་ཤ་སྟག་རེད། ལྟ་བའི་དཀའ་སར་ཅུང་ཙམ་ནོར་བ་ལྟ་བུ་ཡོད། དཔེར་ན། ཟླ་བ་གྲགས་པ་གཞིར་བཞག་བྱས་ན། དཔལ་ལྡན་ཟླ་བ་གྲགས་པས་རིགས་པས་དཔྱད་སྐབས་ལེགས་ལྡན་འབྱེད་ཀྱང་ནོར་འདུག་ཅེས་གསུངས་པ་དེ་འདྲ་ཡོང་གིན་ཡོད། དེ་དག་གིས་རྣམ་དཔྱོད་ཅན་ཡིན་པ་མཚོན་གྱིན་འདུག་ཅིང༌། ཧ་ལས་པའི་རིག་པ་བཀྲ་པོ་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཚད་མཐོན་པོ་ཡོད་པ་དེ་ཤེས་ཐུབ། དེར་བརྟེན་དེ་དག་གིས་ཁུངས་རྣམ་དག་ལ་བརྩིས་ཡོད་སྟབས། ཐེག་ཆེན་སངས་རྒྱས་ཀྱིས་གསུངས་པར་ཐག་གཅོད་ཐུབ་པ་ཞིག་ཡིན། དེས་ན་ལོ་རྒྱུས་སྨྲ་བ་དག་གིས་ལོ་རྒྱུས་ཀྱི་ནང་དུ་འཁོད་མི་འདུག་ཅེས་བརྗོད་རྒྱུ་ཞིག་མིན། བཀའ་བསྡུ་མཛད་པ་པོར་ཆ་མཚོན་ནའང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་འཇམ་དབྱངས་ལ་སོགས་པ་དེ་དག་གིས་ཐེག་ཆེན་གྱི་བཀའ་བསྡུས་པ་ཡིན། དེ་ཡང་[3]།
ཀུན་བཟང་འཇམ་དབྱངས་གསང་བདག་བྱམས་སོགས་ཀྱིས། །
ཐེག་ཆེན་བསྡུས་པ་རྟོག་གེ་འབར་བར་བཤད། །
ཅེས་གསུངས་པ་ལྟར། ཡོངས་གྲགས་སུ་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་པའི་དོན་ཞིག་མིན། དེས་ན་ལོ་རྒྱུས་གཙོ་བོར་བྱས་པ་ལས་བརྗོད་བྱར་བསམ་བློ་གང་ཡང་མ་བཏང་ན། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་ཏེ། ལོ་རྒྱུས་ཀྱི་ནང་དུ་མ་འཁོད་པའི་ཕྱིར། ཞེས་བརྗོད་པ་དེ་ལྟར་ཡོང་གིན་ཡོད། རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་ན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཚིག་ལ་མི་རྟོན་དོན་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། དེ་ཡང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་རྟོན་པ་བཞིའི་སྒོ་ནས་བརྟགས་ཤིང་དཔྱོད་སྐབས་ཐེག་ཆེན་གྱི་གཞུང་དེ་དག་གིས་གཞི་དང་། ལམ་དང་། འབྲས་བུའི་རྣམ་གཞག་གསུངས་པ་རྣམས་ལ་རིགས་པའི་རྒྱབ་རྟེན་ཆ་ཚང་ཡོད་པ་ཞིག་ཡིན།
མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་ནང་དུ་དོགས་སློང་མཛད་ཡོད། བྱང་ཕྱོགས་སོ་བདུན་གྱི་ལམ་ཙམ་བསྒོམས་ནས་གཅིག་གིས་ཉོན་མོངས་སྤངས་པའི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། ཅིག་ཤོས་ཀྱིས་སྒྲིབ་གཉིས་སྤངས་པའི་ཐེག་ཆེན་གྱི་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ལམ་གཅིག་གི་ཐོག་ནས་ཡོང་ཐབས་མེད། འབྲས་བུ་ལ་ཁྱད་པར་ཡོད་པ་བཞིན་དུ་རྒྱུ་ལའང་ཁྱད་པར་ཡོད་དགོས་ཞེས་བསྒྲུབས་ཡོད། འདི་རིགས་ནི་དངོས་གནས་དོན་ལ་གནས་ཤིང་། བསམ་བློ་ཞིབ་ཕྲ་བཏང་ན་གཏང་རྒྱུ་ཡོད་པ་ཞིག་ཀྱང་ཡིན། མདོར་ན། པཱ་ལིའི་གཞུང་ཁོ་ནའི་ཐོག་ཏུ་ཕྱིན་ན་གང་ཟག་གི་བདག་མེད་ལས། ཆོས་ཀྱི་བདག་མེད་གསུངས་མེད། དངོས་གནས་བསམ་བློའི་ནང་དུ་བྲོ་བ་ཞིག་སླེབས་པ་ནི་ཆོས་ཀྱི་བདག་མེད་ཀྱི་ཐོག་ནས་སླེབས་དགོས་པ་ཡིན། གང་ཟག་གི་བདག་མེད་དཔྱིས་ཕྱིན་པའམ་ཡོངས་སུ་རྫོགས་པ་ཞིག་རྟོགས་པ་ལའང་ཆོས་ཀྱི་བདག་མེད་རྟོགས་དགོས་པ་ལས། ཆོས་ཀྱི་བདག་མེད་རྟོགས་ནས་ཕུང་པོ་བདེན་པར་འཛིན་པའི་བདེན་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བ་ཞིག་མ་བྱུང་ཚེ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་ཐབས་མེད། དེས་ན་ཐེག་ཆེན་གྱི་གཞུང་རྣམས་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །
དེས་ན་ཐེག་ཆེན་གྱི་ཆོས་སྐོར་གྱི་རིགས་མང་པོ་ཞིག་རྗེ་བཙུན་བྱམས་པ་དང་། རྗེ་བཙུན་འཇམ་དབྱངས་ལ་སོགས་པ་དྲི་བ་དྲིས་ལན་གནང་བའི་གྲས་སུ་ཡོད་ལ། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་བཀའ་བབས་དེ་གཉིས་ནས་མར་བྱུང་བ་ཞིག་ཡིན། དེས་ན་ཤེར་ཕྱིན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་བཀའ་བབས་རྗེ་བཙུན་བྱམས་པ་མགོན་པོ་དང་། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དེ་འཇམ་དཔལ་དབྱངས་ལ་བཀའ་བབས་པ་ཡིན། འདི་ལྟར་དུ་བྱས་ཏེ་བྱམས་པ་དང་། འཇམ་དབྱངས་ལ་བརྟེན་ནས་འཕགས་པ་ཐོགས་མེད་དང་། མགོན་པོ་ཀླུ་སྒྲུབ་གཉིས་ཀྱིས་ཤེར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཆ་ཚང་བཀྲལ་བ་གནང་ཡོད།
རྒྱལ་བའི་ལུང་བཞིན་རྣམ་རིག་ཤིང་རྟའི་སྲོལ། །
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། འཕགས་པ་ཐོགས་མེད་ནི། རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་ཡོད་ཅིང་། ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད། ཅེས་བསམ་བཞིན་དུ་རྒྱལ་བའི་བསྟན་པར་བྱ་བ་མཛད་པ་པོར་སྐུའི་སྐྱེ་བ་བཞེས་ཤིང་། རྒྱལ་བའི་ལུང་གིས་ཟིན་པའི་ཤིང་རྟའི་སྲོལ་འབྱེད་འཕགས་པ་ཐོགས་མེད་ཀྱི་རང་ལུགས་དབུ་མ་པའི་ལྟ་བ་འཛིན་ཅིང་། རྒྱུད་བླ་ཐོགས་འགྲེལ་གྱི་སྐབས་སུ་དགོངས་པ་འགྲེལ་བཤད་བསྐྱོན་སྐབས། དབུ་མའི་ལུགས་ལྟར་གསུངས་ཡོད། རྣམ་རིག་པའི་ལྟ་གྲུབ་རྒྱ་ཆེར་སྤེལ་རྒྱུ་ནི་ཁོང་གི་བཀའ་བབས་ཀྱི་ལས་འགན་ཡིན།
ཁོང་གིས་མཛད་པའི་མངོན་པ་ཀུན་བཏུས་སོགས་ཀྱི་གཞུང་རྣམས་ང་ཚོས་ནམ་རྒྱུན་འཆད་ཉན་བྱེད་བཞིན་ཡོད་ལ། ལྷག་པར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་གཙོ་བོ་བྱམས་ཆོས་དང་འབྲེལ་བའི་གཞུང་མང་པོ་དང་། བྱང་ས་ལ་སོགས་པའི་གཞུང་མང་པོ་མཛད་ནས་རྒྱ་ཆེ་བའི་ལམ་གྱི་རིམ་པའི་རྐང་འཛིན་གནང་མཁན་ཞིག་དང་། མིའི་རྟེན་ཅན་གྱི་ཤིང་རྟའི་སྲོལ་འབྱེད་དམ་འགྲེལ་བྱེད་གཞན་ལ་མ་ལྟོས་པར་གསུང་རབ་རང་དབང་གི་སྒོ་ནས་འདོམས་པར་མཛད་པ་རྒྱལ་སྲས་འཕགས་པ་ཐོགས་མེད་ཀྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་དག་གསལ་བར་མཛད་པས་ན།
འབྱེད་མཛད་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་ཁོང་རང་གི་ཐུགས་བསྐྱེད་དང་བཀའ་བབས་དེ་རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པས། འཕགས་པ་ཐོགས་མེད་ལ་བསྟོད་ཕྱག་བྱས་པ་ཡིན། ལྷག་པར་འཕགས་པ་ཐོགས་མེད་རྒྱལ་བའི་ལུང་གིས་ཟིན་པ་ལྟར། རྣམ་རིག་པའི་ཤིང་རྟའི་སྲོལ་བཏོད་ཅིང་། ཤེར་ཕྱིན་གྱི་མདོའི་ནང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཡིན་ཞེས། གཞི་དང་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པར་མིང་ཙམ་ཡིན་པར་གསུངས་ཤིང་། ཐད་ཀར་མིང་ཙམ་བརྡ་ཙམ་གྱི་ཐོག་ནས་བསམ་བློ་བཏང་ན་ཧ་ལམ་ཆད་མཐར་ལྷུང་ཉེན་ཡོད་པས་ན། དེ་ལ་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། འཁོར་ལོ་མཐའ་མ་མདོ་སྡེ་དགོངས་འགྲེལ་ལས་ཤེར་ཕྱིན་གྱི་གཞུང་ནང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཡིན་ཞེས་གསུངས་པ་དེ་ཉིད་སྒྲ་ཇི་བཞིན་པ་སྟེ། གཟུགས་མེད། སྒྲ་མེད་ཅེས་པ་ལྟར་མིན་པ་དང་། གཟུགས་ངོ་བོ་ཉིད་ཀྱིས་མ་གྲུབ་པ་དང་། སྒྲ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་ཞེས་པ་ལྟར་མིན་པར། ཤེས་བྱའི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་ཕྱེ་སྟེ། དེ་ཡང་ཀུན་བཏགས་དང་། གཞན་དབང་། ཡོངས་གྲུབ་བཅས་ལས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་བཅས་དོན་དམ་པར་ངོ་བོ་ཉིད་ཀྱིས་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས། ཞེས་སྟོན་པ་ཉིད་ཀྱིས་གདུལ་བྱ་ཤེར་ཕྱིན་གྱི་དགོངས་དོན་སྒྲ་ཇི་བཞིན་པའི་ཐོག་ཏུ་ཕྱིན་ན་ཆད་མཐར་ལྷུང་ཉེན་ཡོད་པ་དག་ལ་འདི་ལྟར་གསུངས་ཡོད།
དེ་དག་གི་དགོངས་དོན་གཏན་ལ་འབེབས་པ་ནི། འབྱེད་རྣམ་གཉིས་སོགས་ཀྱིས་རྣམ་རིག་པའི་ལྟ་བ་གཙོ་བོར་གསུངས་པ་དང་། དེ་བཞིན་མདོ་སྡེ་རྒྱན་གྱིས་ཀྱང་རྣམ་རིག་པའི་ལྟ་བ་གཙོ་བོར་གསུངས་ཡོད། མངོན་རྟོགས་རྒྱན་དང་། རྒྱུད་བླ་མ་གཉིས་ཀྱི་དགོངས་པ་མཐར་ཐུག་ནི། མངོན་རྟོགས་རྒྱན་ལས་སྤྱིར་ཉན་ཐོས་ཀྱི་རྟོགས་རིགས་དང་། རང་སངས་རྒྱས་ཀྱི་རྟོགས་རིགས། བྱང་ཆུབ་སེམས་དཔའི་རྟོགས་རིགས་བཅས་རྟོགས་རིགས་མི་འདྲ་བ་གསུམ་དུ་ཕྱེ་ནས་གསུངས་ཡོད། འོན་ཀྱང་དགོངས་པ་མཐར་ཐུག་ནི། ཤེར་ཕྱིན་གྱི་བརྗོད་དོན་ལྟར་གསུངས། རྒྱུད་བླ་མ་ནི་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་རྒྱུད་བླ་མའི་དགོངས་འགྲེལ་གྱི་ནང་དུ་ཧ་ཅང་གསལ་པོ་ཡོད། འདིར་དཔེ་ཆ་བ་གང་འཚམ་ཡོད་སྟབས་འདི་ལྟར་ཞུ་འདོད་བྱུང་།། །།
༡༠༽ སློབ་དཔོན་དབྱིག་གཉེན།
ཆོས་མངོན་སྡེ་བདུན་གཉིས་སྟོང་སྲོལ་བཟུང་ནས། །
ཞེས་སོགས་ཚིགས་སུ་བཅད་པས། འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པ་སློབ་དཔོན་དབྱིག་གཉེན་ལ་བསྟོད་ཕྱག་བྱས་པ་སྟེ། དེ་ཡང་སློབ་དཔོན་དབྱིག་གཉེན་བསམ་གྱིས་མི་ཁྱབ་པའི་རྩ་ཆེ་ཞིང་། མངོན་པ་སྡེ་བདུན་དང་། བྱམས་ཆོས་གཞུང་གི་འགྲེལ་པ་སོགས་མཛད་ནས་བསམ་གྱིས་མི་ཁྱབ་པའི་མཁས་པ་གཟུང་འཛིན་གཉིས་སྟོང་གི་སྲོལ་འཛིན་པ་ཞིག་ཡིན།
རང་རྩོམ་ལ་ཆ་མཚོན་ནའང་། ཡོངས་གྲགས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་པ་དང་། དེ་བཞིན་མངོན་པ་མཛོད་རྩ་འགྲེལ་སོགས་ང་ཚོས་ནམ་རྒྱུན་འཆད་ཉན་བྱ་རྒྱུའི་གཞུང་གཙོ་བོ་ཡིན། འོན་ཀྱང་མཛོད་གནས་གསུམ་པར་འཇིག་རྟེན་ཁམས་གསུངས་པ་དེ་དག་ལས་འགའ་ཞིག་སྒྲ་ཇི་བཞིན་པར་ཁས་བླངས་ན་མངོན་སུམ་ལ་བསྙོན་པ་ཡིན། དེའི་ཐད་ངོས་ནས་སློབ་དཔོན་དབྱིག་གཉེན་ལ་ཕྱག་གསུམ་འཚལ་ཏེ། སྒྲ་ཇི་བཞིན་པ་ཁས་ལེན་ཐུབ་པ་མི་འདུག་ཅེས་ཞུ་བཞིན་ཡོད། དེ་དག་ནི་གནས་ཚུལ་ཧ་ཅང་ཆུང་རིགས་ཡིན་པས་གནད་འགག་གང་ཡང་མེད།
སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལྗགས་རྩོམ་མཛད་སྐབས་དགུང་ལོ་མཐོན་པོར་ཕེབས་ཡོད་ལས་ཆེ། དེས་ན་སྤྱན་གྱིས་དེ་ཙམ་གསལ་པོ་མི་གཟིགས་པའི་དབང་གིས་ཉི་མར་གཟིགས་སྐབས། གནམ་གཤིས་ཅུང་ཟད་འཐིབས་པ་སོགས་ཀྱི་དབང་ལས་ཉི་མ་ཟླ་བ་ལས་ཅུང་ཟད་ཆུང་བ་ལས་དེ་ཙམ་གྱི་ཆེ་ཆུང་གི་ཁྱད་པར་ཆེན་པོ་མེད་པར་གཟིགས་ཏེ། མངོན་པ་མཛོད་ཀྱི་འཇིག་རྟེན་བསྟན་པ་ལས[4]།
ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །
ཞེས་གསུངས། དངོས་ཡོད་གནས་ཚུལ་ལ་དེང་སྐབས་ཚན་རིག་པས་བརྟག་ཞིབ་བྱས་པའི་གྲུབ་དོན་ལྟར་ན། ཉི་མ་ཧ་ལས་པའི་ཆེན་པོ་ཡོད། འོན་ཀྱང་ང་ཚོས་ཆུང་ངུ་ཞིག་ལས་མི་མཐོང་བ་ནི་ཐག་རིང་བའི་དབང་གིས་ཡིན་ལ། དེ་བཞིན་སྐར་མ་རྣམས་ང་ཚོ་དང་བར་ཐག་ཤིན་ཏུ་རིང་བའི་དབང་གིས་ཆུང་ངུ་ལས་མཐོང་གི་མེད་ཅིང་། སྐར་མ་འགའ་ཞིག་གི་འོད་ཟེར་ད་ལྟ་འཛམ་གླིང་གི་ཕྱོགས་སུ་ཚུར་ཡོང་བཞིན་པའི་འོད་ཟེར་དེ་ཉིད་མཐོང་བ་ལས། འོད་ཟེར་དེ་ཉིད་གང་ལས་འབྱུང་བའི་ཐོག་མའི་སྐར་མ་དེ་ཉིད་འགགས་ཟིན་པ་ཡང་ཡོད། དེ་ལྟར་ནམ་མཁའ་དང་། འཇིག་རྟེན་གྱི་ཁམས་ལ་མཐའ་མེད་པར་གསུངས།
དེ་མིན་འཕགས་པ་ཐོགས་མེད་ཀྱིས་མངོན་པ་ཀུན་བཏུས་དང་། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་མངོན་པ་སྡེ་བདུན་གྱི་དོན་རྣམས་ཚུར་བསྡུས་ནས་མངོན་པ་མཛོད་མཛད་པའི་ནང་རང་ལུགས་མདོ་སྡེ་པའི་ཕྱོགས་བཟུང་ཞིང་། བྱེ་བྲག་སྨྲ་བའི་འདོད་པའང་སྐབས་རེར་ཕྱོགས་བསྡུས་ཀྱི་ཚུལ་དུ་ཕྲན་བུ་རེ་གསུངས་པས་ཆོས་མངོན་སྡེ་བདུན་ཞེས་དང་། གཞན་ཡང་དབུས་མཐའི་འགྲེལ་པ་ལ་སོགས་པའི་འགྲེལ་པ་ཁ་ཤས་མཛད་ནས་སེམས་ཙམ་པའི་ལྟ་བ་ཆེས་ཆེར་གསལ་བར་མཛད་མཁན་ཞིག་ཡིན་པས། གཟུང་འཛིན་གཉིས་སྟོང་གི་སེམས་ཙམ་པའི་ལྟ་བའི་སྲོལ་བཟུང་བ་དང་།
བྱེ་མདོ་རྣམ་རིག་གྲུབ་མཐའ་གསལ་མཛད་པ། །
ཀུན་མཁྱེན་གཉིས་པར་གྲགས་པའི་མཁས་པའི་མཆོག །
སློབ་དཔོན་དབྱིག་གཉེན་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ལྟར། ཁོང་གི་རང་གཞུང་ཉི་ཤུ་པ་ལ་སོགས་པ་དེ་དག་མཛད་ནས་རྣམ་རིག་པའི་གྲུབ་མཐའ་གསལ་བར་བཛད། མདོར་ན་ཉི་ཤུ་པ་དང་། སུམ་ཅུ་པའི་གཞུང་དེ་དག་གཞུང་ཉུང་ངུ་ལས་མེད་ཀྱང་། གཞུང་དེ་དག་གི་ཐོག་ནས་བྱེ་མདོ་གཉིས་དང་། རྣམ་རིག་པའི་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཀྱི་ལྟ་བ་གཏན་ལ་ཕབ་པའི་ལེགས་བཤད་རྨད་དུ་བྱུང་བ་ཡིན་པས། སློབ་དཔོན་འདི་ཉིད་མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག། །།
༡༡༽ སློབ་དཔོན་ཕྱོགས་གླང་།
ཐུབ་པའི་གཞུང་ལུགས་དངོས་སྟོབས་རིགས་པ་ཡིས། །
སྟོན་ཕྱིར་ཚད་མའི་སྒོ་བརྒྱ་ལེགས་ཕྱེ་ནས། །
ཞེས་སོགས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོར་གསོལ་འདེབས་བསྟོད་ཕྱག་བྱས་ཤིང་། དིགྣཱགཿ སྟེ་སློབ་དཔོན་ཕྱོགས་གླང་ནི། སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞི་སྟེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན་དང་། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་བཅས་ཀྱི་ཡ་གྱལ་ཚད་མ་རང་ལས་མཁས་པ་དེ་ཡིན། དེ་ལྟར་སློབ་དཔོན་ཕྱོགས་གླང་ནི་ཧ་ཅང་མཁས་པ་ཆེན་པོ་ཞིག་ཡིན་ལ། རིགས་པའི་སྒོ་ནས་དཔྱད་པ་བྱེད་པའི་རྣམ་དཔྱོད་ཕུལ་དུ་ཕྱིན་པ་ཞིག་ཀྱང་རེད་འདུག །ཁོང་གི་རྣམ་དཔྱོད་ཇི་ལྟ་བུ་ཞིག་ཡོད་མེད་ནི། ཁོང་གིས་མཛད་པའི་ཚད་མ་ཀུན་བཏུས་ལ་གཟིགས་ན་མཁྱེན་ཐུབ་པར་མ་ཟད། ལྷག་པར་ཚད་མ་ཀུན་བཏུས་ལས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རིགས་པའི་ལམ་ནས་ངེས་པ་སྐྱེད་ཐབས་མཛད་ཡོད། དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ལས[5]།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པའི་ཚིག་རྐང་གཉིས་པོས་སྟོན་པ་བཅོམ་ལྡན་འདས་ཀྱིས་ལམ་ཇི་ལྟ་བུ་ཞིག་ཉམས་སུ་བླངས་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། དེའི་ཤེས་བྱེད་ཇི་ལྟ་བུ་ཡིན་པ་དེ་དག་མདོར་བསྡུས་པའི་ཚུལ་གྱིས་བསྟན་པའི་གསུང་ཧ་ལས་དགོས་པའི་རྣམ་དཔྱོད་ཅན་གྱི་སྡོམ་ཚིག་རླབས་ཆེན་ཞིག་ཡིན། དེ་ལྟར་མཆོད་བརྗོད་ཚིག་རྐང་གཉིས་ལས་མེད་ཀྱང་། ཧ་ལས་པའི་སྤུས་དག་ལ། རྒྱ་ཆེན་པོ་ཞིག་ཡིན་པར་མ་ཟད། མཆོད་བརྗོད་དེ་ཉིད་ཧ་ཅང་རྫིག་པོ་ཞིག་དང་། སྡོམ་ཆེན་པོ་ཞིག་ཀྱང་རེད་འདུག །སྡོམ་ཆེན་པོ་དེ་ཉིད་དཔལ་ལྡན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་གྱི་ཚད་མ་གྲུབ་པའི་ལེའུའི་ནང་དུ་འགྲེལ་པ་བསྐྱོན་སྐབས། བདེན་བཞིའི་རྣམ་གཞག་སོགས་རིགས་པའི་ལམ་ནས་བཀྲལ་བས། དངོས་གནས་སངས་རྒྱས་བཅོམ་ལྡན་འདས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་ཡོང་བའི་བང་རིམ་བསྒྲིག་སྟངས་ཡ་མཚན་པ་ཞིག་ཡིན། དེ་ལྟར་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་གཅིག་པུར་མཚོན་ནའང་། ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་ནང་འགྲེལ་བཤད་བསྐྱོན་སྐབས་ཧ་ལས་པ་ཞིག་རེད་འདུག །
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པ་ལྟར་གྱི་འགྲེལ་སྟངས་དབུ་མའི་ལུགས་ལྟར་བཀྲལ་བ་དང་། དབུ་མའི་ནང་ནས་ཀྱང་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྩལ་འདོན་གནང་མཁན་གྱི་རང་བཞིན་མེད་པར་སྨྲ་བའི་དབུ་མ་པའི་ལུགས་དེའི་ཐོག་ནས་བཤད་ན། དངོས་གནས་ཡིད་ཆེས་རྙེད་ཐུབ་པ་ཞིག་རེད་འདུག །དེ་ཡང་གཙོ་བོ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཚུལ་འདི་ཤེས་རབ་ཀྱི་གྲོགས་དང་། རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་ཉམས་སུ་ལེན་དགོས་པ་དང༌། རྟོགས་པ་གོང་ནས་གོང་དུ་འཕེལ་དགོས་པ་ཞིག་ཡིན་པས། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་བཏུས་སོགས་མཛད་པའི་ཐོག་ནས་ཚད་མའི་འགྲོ་སྟངས་དེ་དག་དཔྱིས་ཕྱིན་པ་གསུངས་ཤིང་། གཏན་ཚིགས་ཀྱི་རྣམ་གཞག་དེ་དག་ཚད་མ་ཀུན་བཏུས་སྐབས་སུ་ཧ་ཅང་མཁྲེགས་པོ་འདུག་ལ་ཧ་ལས་པ་ཞིག་རེད། དེར་བརྟེན་ཚད་མའི་སྒོ་བརྒྱ་ལེགས་པར་ཕྱེ་ནས་རྣམ་དཔྱོད་ཀྱི་བློ་མིག་སྦྱིན་པར་མཛད་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱིས་མུ་སྟེགས་པའི་འདོད་པ་འགོག་པར་མཛད་ཀྱང་། ཚད་མའི་རྣམ་གཞག་སྟོན་མཁན་གྱི་ཚད་མ་པ་ཞིག་གི་ངོས་ནས་མུ་སྟེགས་པའི་ཚད་མ་བ་དག་གིས་ཀྱང་བརྩི་བཀུར་ཞུ་ཡུལ་ཞིག་ཏུ་གྱུར་ཡོད།
དེ་ལྟར་ཕྱོགས་གླང་ཆོས་གྲགས་གཉིས་ཀྱིས་ནང་པའི་ཚད་མ་རིག་པའི་གཞུང་ལུགས་མང་དུ་མཛད་དེ་མུ་སྟེགས་པའི་གཏན་ཚིགས་ཀྱི་རྣམ་གཞག་དེ་དག་འགོག་ཅིང༌། ཚད་མའི་རྣམ་གཞག་དེ་དག་གསུངས་པའི་རྗེས་ལ་མུ་སྟེགས་པའི་ཚད་མའི་གཞུང་ཡང་ཡར་རྒྱས་ཤུགས་ཆེན་ཕྱིན་པ་རེད་ཅེས་རྗོད་ཀྱིན་འདུག །མདོར་ན། ཕྱི་ནང་ཁྱད་མེད་སྤྱིའི་ཆ་ནས་ཚད་མ་པ་ཞེས་ཧ་ཅང་གཙུག་ཏུ་བཀུར་ཡུལ་ཞིག་ཏུ་གྱུར་པར་བརྟེན།
རྣམ་དཔྱོད་བློ་མིག་སྦྱིན་མཛད་ཚད་མ་པ། །
ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །
ཞེས་བརྗོད་པ་ཡིན། ཡང་ཕྱོགས་ཀྱི་གླང་པོས་མཛད་པའི་ཤེར་ཕྱིན་གྱི་གཞུང་མདོར་བསྡུས་སུ་མཛད་པ་བརྒྱད་སྟོང་དོན་བསྡུས་སུ་དབུ་མའི་སྐོར་ཡང་གསུངས། གཞན་ཡང་སློབ་དཔོན་ཕྱོགས་གླང་གིས་ཚད་མའི་གཞུང་ཆེ་ཆུང་མང་དུ་མཛད་ཡོད་པ་ལས། ཚད་མ་ཀུན་བཏུས་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཅིང་། ཚད་མ་ཀུན་བཏུས་ཀྱི་བཤད་ལུང་ཡོད་པ་ལྟར་ཨུ་ཚུགས་བརྒྱབ་ནས་ཐོབ་ཐུབ་པ་བྱུང་། དེ་བཞིན་ཚད་མའི་གཞུང་ལུགས་རྣམས་ལ་མཚོན་ན། ཕྱོགས་གླང་གིས་མཛད་པའི་ཚད་མ་རིགས་སྒོ་རྒྱའི་སྐད་ཡིག་ཐོག་ཏུ་བསྒྱུར་ཡོད་འདུག་པ་ལས། ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་སྡེ་བདུན་སོགས་ཕལ་ཆེར་རྒྱའི་སྐད་ཡིག་ཐོག་སྔར་བསྒྱུར་ཡོད་བཟོ་མི་འདུག །འོན་ཀྱང་ཕྱིས་སུ་འགའ་ཞིག་བསྒྱུར་ཡོད་འདུག །མདོར་ན། ཚད་མ་མདོ་དང་བཅས་པའི་གཞུང་ལུགས་དེ་དག་བོད་ཡིག་གི་ཐོག་ཏུ་སྔར་ནས་བསྒྱུར་ཡོད། དེ་ལྟར་དཔལ་ནཱ་ལེནྡྲའི་ཚད་མའི་གཞུང་རྣམས་དེང་སྐབས་བོད་གཅིག་པུ་ལས་ཕལ་ཆེར་གཞན་ལ་མེད་པ་ཞིག་དང་། ལྷག་པར་དེ་དག་གི་ཐོག་ལ་སློབ་གཉེར་འདི་ལྟར་བྱེད་སྲོལ་ཡོད་པ་ནི་ཕལ་ཆེར་བོད་གཅིག་པུ་ལས་གཞན་ལ་མེད་པས། དེ་དག་ང་ཚོས་མུ་མཐུད་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད།
གཞན་ཡང་ངོས་ནས་རྟག་ཏུ་ཞུ་མུས་ལྟར། ངོས་རང་ཐའེ་ལན་ཌིའི་དགེ་སློང་སོགས་དང་བར་སྐབས་ཐུག་འཕྲད་བྱ་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། ལོ་ཤས་སྔོན་ཐའེ་ལན་ཌིའི་མཁས་དབང་དང་། འདུལ་བ་འཛིན་པ་བཅས་ཀྱི་བར་འབྲེལ་བ་ཇེ་མང་དུ་ཕྱིན་པ་ལྟར། སྐབས་ཤིག་ཐའེ་ལན་ཌིའི་སྦེན་ཀོག་ནང་པའི་སློབ་གྲྭ་ཆེན་མོའི་གནས་བརྟན་དགེ་སློང་འདུལ་བ་འཛིན་པ་དང་། མཁས་དབང་གང་འཚམ་ཞིག་དང་ལྡི་ལིར་ངོས་རང་དང་ཐུག་འཕྲད་ཀྱིས་གོ་བསྡུར་བཀའ་མོལ་བྱུང་བར། བདེན་བཞིའི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་གྱི་རྣམ་གཞག་རྣམས་ང་ཚོ་དང་གཅིག་མཚུངས་ཡིན་པ་དངོས་སུ་ར་གསལ་པོར་འཕྲོད་ཅིང་། ཁྱེད་རང་ཚོས་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་འགྲེལ་བཤད་བསྐྱོན་སྐབས་ལུང་ཙམ་ལ་བརྟེན་པ་གནང་གིན་ཡོད་དམ། རིགས་པས་སྒྲུབ་ཀྱིན་ཡོད་ཅེས་བཀའ་འདྲི་ཞུས་པར། ལུང་ལ་བརྟེན་པ་ལས་རིགས་པས་སྒྲུབ་རྒྱུ་གང་ཡང་མེད་ཅེས་གསུང་གིན་འདུག །ངོས་ཀྱི་སེམས་ནང་དེ་མ་ཐག་ཏུ་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལེའུ་གཉིས་པའི་ནང་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་རྣམས་རིགས་པས་ཤུགས་ཆེར་བསྒྲུབས་པ་གནང་ཡོད། དངོས་གནས་དཔལ་ཆོས་ཀྱི་གྲགས་པ་བཀའ་དྲིན་ཆེན་པོ་རེད་སྙམ་ནས་དམིགས་བསལ་དད་པ་སྐྱེ་བ་ཞིག་བྱུང་། དེ་ཡང་བདེན་བཞིའི་མི་རྟག་སོགས་བཅུ་དྲུག་རྣམས་ནི། ཚད་མ་རྣམ་འགྲེལ་ལས[6]།
དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །
ཞེས་སོགས་རིགས་པས་ཤུགས་ཆེར་བསྒྲུབས་པ་གནང་ཡོད། བཅོམ་ལྡན་འདས་ཀྱི་ལུང་ཡོད་ཀྱང་། དེ་དག་རིགས་པས་བསྒྲུབས་པ་ནི་ངོ་མཚར་ཆེན་པོ་རེད་འདུག །དེ་ལྟར་ཅུང་ཟད་ལྐོག་གྱུར་རྣམས་རིགས་པས་བསྒྲུབས་ནས་རྗེས་དཔག་སྐྱེ་བ་ཡིན་ལ། རྗེས་དཔག་ནི། རྗེས་དཔག་ལོང་བ་བརྒྱུད་པ། ཞེས་གསུངས་པ་ལྟར། རིགས་པས་སྒྲུབ་སྐབས་མཐར་མངོན་སུམ་གྱི་མྱོང་བ་ལ་གཏུགས་ནས་རིགས་པས་སྒྲུབ་དགོས་པ་ལས། ལུང་ལ་བརྟེན་ནས་རིགས་པས་སྒྲུབ་ཐུབ་པ་དེ་ཙམ་མེད། ནམ་རྒྱུན་ང་ཚོས་ཞེས་གསུངས་པའི་ཕྱིར། ཞེས་བརྗོད་སྐབས། ཞྭ་མོ་ཕུད་ཅིང་གུས་ཞབས་དང་བཅས་ཏེ་འདོད་ཅེས་བརྗོད་སྲོལ་ཡོད། ལྷག་པར་རང་ཉིད་ཀྱི་ཡིག་ཆའི་ལུང་ཞིག་དྲངས་ན། དེར་ཁྱབ་པ་མ་བྱུང་ཞེས་བརྗོད་ན། ཁོས་ཡིག་ཆ་ལ་ལུང་དོན་འཇོག་གིན་འདུག་ཅེས་ཉེས་རྡུང་གཏོང་བའི་ཉེན་ཁ་ཡོད།
དེས་ན་བཅོམ་ལྡན་འདས་ཀྱི་ཆོས་བརྒྱུད་ཀྱི་རྗེས་འབྲང་གཅིག་པ་ཡིན་ནའང་། པཱ་ལིའི་གཞུང་རྣམས་སུ་ཚད་མ་རིག་པ་དེ་ཙམ་མི་འདུག་ཅིང་། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་རྣམས་ཀྱིས་མཛད་པའི་ལེགས་སྦྱར་གྱི་ཆོས་བརྒྱུད་ནང་ཡོད་པ་རྣམས་གོང་ཞུས་ལྟར་ཚད་མའི་གཞུང་ཟུར་དུ་ཡོད་པས་ན། ཧ་ཅང་རླབས་ཆེན་རེད་འདུག །དེ་ལྟར་ཡོང་དགོས་པ་དེ་ཡང་། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས།
དགེ་སློང་དག་གམ་མཁས་རྣམས་ཀྱིས། །
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
བླང་བར་བྱ་ཡི་གུས་ཕྱིར་མིན། །
ཞེས་ངའི་ཆོས་འདིར་ཁྱེད་རང་ཚོས་དད་པ་དང་མོས་གུས་ཀྱི་ཐོག་ནས་ཡིད་ཆེས་བྱེད་མི་དགོས་པར། ངས་བཤད་པ་རྣམས་ལ་རིགས་པའི་ལམ་ནས་བརྟག་དཔྱད་དང་། ཚོད་ལྟ་བྱེད་དགོས་ཞེས་གསུངས་ཡོད། འདི་ནི་འཛམ་གླིང་འདིའི་ཐོག་སྟོན་པ་མང་དུ་བྱོན་ཡོད་ཀྱང་། འདི་ལྟར་གསུང་མཁན་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ལས་སྟོན་པ་གཞན་མེད། སྟོན་པ་རང་རང་གིས། ངས་ཆོས་བསྟན་པ་རྣམས་ལ་ཁྱེད་རང་ཚོས་ཡིད་ཆེས་བྱེད་དགོས་ཞེས་གསུངས་པ་ལས། བརྟག་དཔྱད་བྱེད་དགོས་ཞེས་གསུང་མཁན་བཅོམ་ལྡན་འདས་ཁོ་ན་ཡིན།
དེས་ན་ནཱ་ལེནྡྲའི་མཁས་པའི་དབང་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པ་སོགས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ། དཔེར་ན། མདོ་སྡེ་དགོངས་འགྲེལ་ལྟ་བུ་སྒྲ་ཇི་བཞིན་པར་ཁས་བླངས་ན་མི་འགྲིག་ཅེས་གསུངས་ཡོད། དེ་དག་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་། སྒྲ་ཇི་བཞིན་པ་སྟེ། གང་ཞིག་གསུངས་པ་ལྟར་ཁས་བླངས་ན་རིགས་པས་གནོད་ཀྱིན་འདུག །བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་རིགས་པའི་གནོད་པ་འབབ་པར་བརྟེན་སྒྲ་ཇི་བཞིན་པར་ཁས་བླང་མི་རུང་ཞེས་གསུངས་ཡོད། དེ་ནི་ཧ་ཅང་རླབས་ཆེན་ཞིག་རེད་འདུག །
ཡོངས་འཛིན་རིན་པོ་ཆེ་སྐྱབས་སུ་མཆི། སྐབས་རེ་པཎ་ཆེན་གྱི་ཡིག་ཆ་ལས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་ཁ་གསལ་བ་ལྟ་བུ་ཞིག་ཡོད་པས། རྒན་ཉི་མས་དེ་ལྟར་ཞལ་བཞེས་གནང་བཞིན་ཡོད། ཡོངས་འཛིན་གླིང་རིན་པོ་ཆེར་པཎ་ཆེན་གྱིས་འདི་ལྟར་གསུངས་པ་དང་། ཀུན་མཁྱེན་བླ་མས་འདི་ལྟར་གསུངས་འདུག་ཅེས་ཞུ་སྐབས། ཡོངས་འཛིན་རིན་པོ་ཆེ་བློ་གསལ་གླིང་ནས་ཡིན་སྟབས། པཎ་ཆེན་གྱི་ཡིག་ཆ་གཞན་དང་མི་འདྲ་བ་ཞིག་ཡོད་ཅེས་གསུང་གིན་ཡོད།
མདོར་ན། སྔར་ཝཱ་རཱ་ཎ་སཱིར་རྟགས་གསལ་གཏོང་སྐབས་ཤིག་ལ་རྒན་པདྨ་རྒྱལ་མཚན་ཡང་ཡོད། སྐབས་དེར་ང་ཚོ་དམ་བཅའ་ཞིག་འཚོགས་ཏེ། དོ་དགོང་དམ་བཅར་རིགས་པ་ཁོ་ནས་སྒྲུབ་པ་ལས། ལུང་གཏན་ནས་དྲང་རྒྱུ་མེད་པ་བྱེད་ཀྱི་ཡིན་ཞེས་ངོས་ནས་ཞུས་མྱོང་། ལུང་དྲངས་ན་ཁྱབ་པ་མ་བྱུང་ཞེས་བརྗོད་ཆོག་ཀྱང་། ཕལ་མོ་ཆེས་ལུང་དྲངས་ན་འདོད་ཅེས་དེའི་ཐོག་ཏུ་འགྲོ་བཞིན་འདུག །མཐར་གཏུགས་ན་རིགས་པས་སྒྲུབ་བཞིན་ཡོད་པས། ངོས་ཀྱི་ངོ་ཤེས་དང་ངོས་ཀྱི་གཉེན་ཚན་ཞིག་ཀྱང་རེད། ཁོང་ལོ་མང་གོང་ནས་འདས་གྲོངས་སུ་ཕྱིན་ཟིན་པ་རེད། ཁོང་གིས་ནང་པའི་དཔེ་ཆའི་ནང་རིགས་པས་བསྒྲུབ་རྒྱུ་ཡོད། འོན་ཀྱང་མཐར་ཐུག་དེར་ཡིད་ཆེས་ལ་གཏུག་གིན་ཡོད་ཅེས་བརྗོད་བྱུང་། ལུང་ལ་བརྟེན་ན་ཡིད་ཆེས་ལ་གཏུག་པ་ལྟ་བུ་ཆགས་ཡོད། ང་ཚོས་མྱོང་བ་ལ་གཏུག་དགོས།
ངོས་རང་ལ་ཆ་མཚོན་ན། ཉམས་ལེན་ལ་རང་གཅེས་འཛིན་དང་། བདེན་འཛིན་གཉིས་པོ་དེ་དག་ནང་གི་དགྲ་བོ་གཙོ་བོར་བརྩིས་ནས་དེ་གཉིས་ལ་ཁ་གཏད་གཅོག་བཞིན་ཡོད། དེ་ལ་བཅོམ་ལྡན་འདས་ཀྱིས་ཞེས་གསུངས་པའི་ཕྱིར། ཞེས་བརྗོད་ནའང་རང་གཅེས་འཛིན་གྱིས་ལགས་སོ་ཞེས་མི་ཞུ་ལ། དེ་བཞིན་བདེན་འཛིན་གྱིས་ཀྱང་ལགས་སོ་ཞེས་ཞུ་ཡི་མི་འདུག །དེས་ན་རིགས་པས་བསྒྲུབས་ནས་སྤྱོད་འཇུག་ལས་གསུངས་པའི་བདག་གཞན་མཉམ་བརྗེའི་སྐབས་ཀྱི་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཕན་ཡོན་བཅས་གཅེས་འཛིན་གཉིས་ཀྱི་སྐྱོན་དང་ཡོན་ཏན་རྣམས་མྱོང་བ་ལ་གཏུགས་ནས་རིགས་པས་སྒྲུབ་སྐབས། རང་གཅེས་འཛིན་ཁ་སྐྱེངས་པོར་གྱུར་ཏེ་རིམ་བཞིན་དཔའ་ཞུམ་ནས་འགྲོ་བ་ཞིག་འདུག །
ལྷག་པར་བདེན་འཛིན་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་བདག་མེད་པ་རེད་ཅེས་གསུངས་པའི་ཕྱིར་ཟེར་ན། བདེན་འཛིན་གྱིས་ཁ་ལ་ཉན་རེ་གཏན་ནས་མེད། དེ་ནི་དྲང་དོན་རེད་ཅེས་བཤད་ཐུབ་པ་དང་། རིགས་པས་བསྒྲུབས་ནས། ཤེས་རབ་སྙིང་པོ་ལས[7]། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པ་ནས་བཟུང་སྟེ། དེ་བཞིན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ལས་[8]ཀྱང་།
བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །
དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །
ཞེས་སོགས་རིགས་པས་བསྒྲུབས་ཡོད། དེང་སྐབས་ངོས་ལ་ཆ་མཚོན་ན། ཚན་རིག་པའི་རྒྱབ་རྟེན་འཚོལ་བཞིན་ཡོད། ལྷག་པར་ཚད་རྡུལ་དངོས་ཁམས་རིག་པས་དེ་རང་རྗོད་ཀྱིན་འདུག །ཕྱི་དོན་བཀག་ནས་སེམས་ཙམ་པའི་ལྟ་བ་དང་འདྲ་མཚུངས་རྗོད་ཀྱིན་ཡོད། མིང་རྐྱང་བཏགས་ཡོད་ཙམ་འཇོག་མ་ཤེས་པས་ན། ཆོས་གང་ཞིག་ཡིན་ནའང་བཏགས་དོན་བཙལ་ན་ཡུལ་སྟེང་ནས་རྙེད་དགོས་ཞེས་བརྗོད་ཅིང་། ཕྱི་དོན་བཏགས་དོན་བཙལ་བས་ཡུལ་སྟེང་ནས་མི་རྙེད་པར་འདོད། ཐ་སྙད་དེ་ལྟར་བརྗོད་མི་ཤེས་པ་མ་གཏོགས། ཤེས་པ་དང་རྫས་གཅིག་ཅིང་རང་འཛིན་རྟོག་པའི་དབང་གིས་ཤར་བ་ཞིག་སྟེ། རྟོག་པ་དང་བདག་ཉིད་གཅིག་དང་རྫས་གཅིག་ཡིན་པར་རྗོད་ཀྱིན་འདུག་ཀྱང་། འདི་ལྟ་བུའི་ཚིག་གསལ་པོ་མེད། གང་ལྟར་ཕྱི་དོན་མེད་པ་ཚན་རིག་པས་ཀྱང་ཏག་ཏག་རྗོད་ཀྱིན་འདུག །ཚན་རིག་པས་བརྟག་དཔྱད་བྱ་རྒྱུའི་རིགས་རྣམས་མཐོང་བ་མངོན་གྱུར་བ་ཡིན། དེས་ན་དབུ་མའི་གཞུང་ནས་རིགས་པ་བཀོད་པ་རྣམས་མཐར་མཐོང་བ་མངོན་གྱུར་ལ་གཏུག་དགོས་པས་ན། ཚན་རིག་པས་བརྗོད་པ་དང་གཅིག་མཚུངས་སུ་གྱུར་ཡོད། ངོས་རང་ཚན་རིག་པར་ཧ་ཅང་དགའ་པོ་ཡོད།
ནམ་རྒྱུན་འུད་ཤོབ་དང་སྦྲགས་ཏེ། ངོས་རང་ཕྱེད་ཀ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་དང་། ཕྱེད་ཀ་ཚན་རིག་པ་ཡིན་ཞེས་རྗོད་ཀྱིན་ཡོད། ཚན་རིག་དང་མི་མཐུན་པ་དཔེར་ན། མངོན་པ་མཛོད་དང་། མངོན་པ་སྡེ་བདུན་སོགས་ནས་གླིང་བཞི་གླིང་ཕྲན་སོགས་ཀྱི་རྣམ་གཞག་གསུངས་པ་རྣམས་ནི། དེའི་ཚེ་དེའི་དུས་སུ་རྒྱ་གར་ནང་གྲགས་ཚོད་དང་བསྟུན་ནས་གསུངས་པ་ཞིག་ཡིན་པ་ལས། སྒྲ་ཇི་བཞིན་པ་མིན་ཞེས་ངོས་ཀྱིས་ཁས་ལེན་མི་བྱེད་པར། ཚན་རིག་པའི་ཕྱོགས་སུ་ལང་བཞིན་ཡོད། ཁ་སྔོན་ལ་དྭགས་གླེ་རུ་སྐྱབས་རྗེ་རི་རྫོང་རིན་པོ་ཆེས་རི་རབ་ཡོད་པའི་ཕྱོགས་ལྟ་བུ་ཞིག་གསུངས་སོང་། ཁོང་གི་དྲུང་ནས་ངོས་ཀྱིས་ཆོས་མང་དུ་ཞུས་པ་ཡིན། ཁོང་བསམ་གྱིས་མི་ཁྱབ་པ་རེད། ངོས་ནས་རི་རབ་མེད་ཅེས་རྗོད་ཀྱིན་ཡོད།
རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས[9]། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། མངོན་སུམ་ལ་བསྙོན་དགོས་པ་ཞིག་ཁས་བླངས་ན། སྨྲ་བ་པོ་ཚད་མའི་སྐྱེས་བུར་རུང་བ་ཤིན་ཏུ་དཀའ་ལ། རིགས་པ་དང་འགལ་ཚེ་མི་འགྲིག་ན། མངོན་སུམ་ལ་བསྙོན་ན་དེ་བས་ཀྱང་ཚད་མའི་སྐྱེས་བུ་ཡོང་ཐབས་མེད། འདི་རིགས་ང་ཚོས་ངེས་པར་དུ་ཤེས་དགོས།
མཐོང་བ་མངོན་གྱུར་ལ་བསྙོན་དགོས་བྱུང་ན། ང་རང་ཚོའི་ཚད་མའི་གཞུང་དུ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཞེས་གསུངས་པ་དེ་ཏག་ཏག་འགྲོ་བཞིན་ཡོད། ཚད་མའི་གཞུང་ནས་མི་སྣང་བ་མ་དམིགས་པའི་གཏན་ཚིགས་ཏེ། དཔེར་ན། རྒྱང་འཕེན་པས་སྐྱེ་བ་སྔ་ཕྱི་མ་མཐོང་བའི་ཕྱིར། ཞེས་མི་སྣང་མ་དམིགས་པའི་གཏན་ཚིགས་ཀྱི་ཐོག་ནས་སྐྱོན་བརྗོད་ཐུབ་ལ། རི་རབ་ལ་སོགས་པ་རྣམས་མངོན་པའི་གཞུང་ནས་གསུངས་པ་ལྟར་མེད་པ་སྣང་རུང་མ་དམིགས་པའི་གཏན་ཚིགས་ཀྱི་ཐོག་ནས་སྒྲུབ་ཐུབ་པ་ཡིན། དེ་ལྟར་རིགས་པའི་ལམ་ནས་བསྒྲུབས་པ་གནང་བས་ཧ་ཅང་རྩ་ཆེན་པོ་རེད་འདུག །དེས་ན་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག། །།
༡༢༽ དཔལ་ལྡན་ཆོས་གྲགས།
ཕྱི་ནང་ཚད་མའི་གནད་ཀུན་ལེགས་དགོངས་ཤིང་། །
མདོ་སེམས་ཟབ་རྒྱས་ལམ་ཀུན་རིགས་ལམ་ནས། །
ངེས་སྟེར་རྨད་བྱུང་ཆོས་ཚུལ་འདོམས་མཁས་པའི། །
ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །
དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། དངོས་གནས་རིགས་ལམ་མཐར་ཕྱིན་པའི་མཁས་པའི་སྐྱེས་མཆོག་ཅིག་ཡིན་པར་མ་ཟད། ཕྱི་ནང་གི་གྲུབ་མཐའ་ཀུན་དང༌། དེའི་ནང་ནས་ཚད་མའི་གནད་ཀུན་ལེགས་པར་དགོངས་ཤིང༌། དེ་བཞིན་དུ་ཚད་མ་རྣམ་འགྲེལ་གྱི་སྐབས་སུ་མདོ་སེམས་ཀྱི་ལུགས་དང་འབྲེལ་བའི་ཟབ་རྒྱས་ཀྱི་ལམ་ཀུན་རིགས་པའི་ལམ་ནས་དཔྱིས་ཕྱིན་པར་སྟོན་པར་མཛད་དེ། ངེས་པ་བདེ་བླག་ཏུ་སྟེར་བར་མཛད་པའི་རྨད་དུ་བྱུང་བའི་ཆོས་ཚུལ་འདོམས་པར་མཁས་པའི་ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། ཞེས་བསྟོད་ཕྱག་བྱས་པ་ཡིན།
དེ་ལྟར་སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་གཞུང་ལ་མཚོན་ན་ཚད་མ་སྡེ་བདུན་ཏེ། རྒྱས་པར་མཛད་པ་ཚད་མ་རྣམ་འགྲེལ་དང་། འབྲིང་དུ་མཛད་པ་ཚད་མ་རྣམ་ངེས། བསྡུས་པར་མཛད་པ་ཚད་མ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ་དང་། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ། ཚད་མ་སྡེ་བདུན་ཆ་ཚང་སྔར་ནས་བོད་ཡིག་ཏུ་བསྒྱུར་ནས་ཡོད་ལ། དེ་ཡང་ཁོང་གིས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དང་། འབྲིང་དུ་བཀྲལ་བ་ཚད་མ་རྣམ་ངེས། བསྡུས་པ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་ཁྲོད་ནས་ཚད་མ་རྣམ་འགྲེལ་ལ་ལེའུ་བཞི་ཡོད་པ་ལས། ལེའུ་གཉིས་པར[10]།
ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །
ཞེས་པའི་རྐང་པ་གཉིས་ཀྱི་འགྲེལ་པ་མཛད་སྐབས་ཧ་ལས་པའི་འགྲེལ་བཤད་ཟབ་པོ་ཞིག་ཡོད། དངོས་གནས་ནང་པ་སངས་རྒྱས་པའི་ཆོས་བདེན་བཞིའི་རྣམ་གཞག་ནས་བཟུང་སྟེ་ཡིད་ཆེས་ཐོབ་པ་ཞིག་ཁོང་གི་གཞུང་ལ་བརྟེན་ནས་ཡོང་གིན་ཡོད་ལ། མ་རིག་པའི་ངོས་འཛིན་སྟངས་དང་། མ་རིག་པ་དང་དམིགས་པ་གཅིག་ལ་དམིགས་ནས་འཛིན་སྟངས་དངོས་འགལ་དུ་ཞུགས་པའི་སྟོང་ཉིད་ཀྱི་ལྟ་བའི་རྣམ་གཞག་རྣམས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ནས་གསུངས་པའི་རྟེན་འབྱུང་གི་ལྟ་བ་དང་སྦྱར་ན་གཞན་དང་མི་འདྲ་བ་ཞིག་ཡོད་པར་མ་ཟད། བསྟན་པའི་གནད་ལ་ངེས་པ་བརྟན་པོ་རྙེད་ཐུབ་པའི་ཁྱད་པར་ཆེན་པོ་ཡོད།
ཚད་མ་རྣམ་འགྲེལ་ཧ་ལས་པའི་གཞུང་བཟང་ཞིག་དང་། གཞུང་ཧ་ཅང་མཁྲེགས་པོ་ཞིག་ཡིན་པས་ཚད་མ་རྣམ་འགྲེལ་ལ་ཚིག་འགྲེལ་ཞིག་རྒྱག་དགོས་བྱུང་ན་ཁག་པོ་ཡོད། འདི་ལོའི་ལོ་མཇུག་བཀྲ་ཤིས་ལྷུན་པོར་ཚད་མ་རྣམ་འགྲེལ་གྱི་བཤད་ལུང་བྱ་རྒྱུའི་འཆར་གཞི་ཞིག་ཡོད་ཀྱང་། ངོས་ནས་ཁུངས་ལེགས་པོ་ཞིག་འཁྱོལ་དཀའ་བས་བྱིན་རླབས་ཆེན་པོའི་ཐོག་ནས་བཤད་པ་ཐར་ཐོར་ཞིག་གི་ཐོག་ནས་ཕྱིན་ན་འགྲིག །སྔར་སོག་པོ་བློ་བཟང་གིས། དེང་སྐབས་ཚད་མ་རྣམ་འགྲེལ་མགོ་ནས་མཇུག་བར་ཚིག་འགྲེལ་ཆ་ཚང་ཐོན་མཁན་གཅིག་ཀྱང་མེད་ཅེས་བརྗོད་སོང་བས་དེ་ལྟ་བུར་འགྱུར་ཉེན་ཡོད།
དེ་ལྟར་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མ་སྡེ་བདུན་མཛད་པ་སོགས་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་མཁས་པའི་དབང་པོ་ཧ་ལས་པ་ཞིག་ཡིན་སྟབས། རྗེ་བདག་ཉིད་ཆེན་པོས་མཛད་པའི་རྟོགས་བརྗོད་མདུན་ལེགས་མ་ལས[11]།
བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །
སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །
མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །
བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །
འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །
དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །
འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །
གསུང་གི་གནང་བ་སྩལ་པའང་ཚད་མར་བྱེད། །
ཅེས་སོགས་བསྔགས་བརྗོད་ཆེན་པོ་གནང་ཡོད་ལ། ཕལ་ཆེར་གྱིས་དེ་ལ་རྣམ་གྲོལ་སྒྲུབ་པའི་ལམ་གལ་གནད་ཆེ་བ་གང་ཡང་མེད་ཅེས་བརྗོད་སྐབས། འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ་ཁྱོད་ཀྱིས་འདི་འདྲ་རྩོམས་དང་། མ་འོངས་པ་ན་མིག་ཕྱེ་བ་ནང་བཞིན་ཡོང་གི་རེད་ཅེས་གསུངས་པ་དེ་དང་འགལ་འདུ་རེད་འདུག་དགོངས་ནས་རྗེ་རིན་པོ་ཆེས་ཞིབ་འཇུག་གནང་བའི་སྐབས། རྟོགས་བརྗོད་མདུན་ལེགས་མ་ལས[12]།
དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །
མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །
ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །
ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །
རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །
ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །
བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །
ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །
ལམ་གྱི་གནད་ཀུན་འདྲིལ་བར་རིགས་ལམ་ནས། །
ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །
ཅེས་གསུངས་ཏེ་བསྔགས་བརྗོད་ཆེན་པོ་གནང་ཡོད། དེ་ལྟར་རྗེ་རིན་པོ་ཆེའི་གསུང་རྣམས་ཚིག་གི་ཆ་ནས་རྩུབ་པོ་གཏན་ནས་མེད་པར་ཧ་ཅང་གསུང་འཇམ་པོ་ཞིག་ཡོད། འོན་ཀྱང་ནང་དོན་རྣམས་གནག་པོ་ཞིག་གསུངས་ཡོད། དེར་བརྟེན་རྟོགས་བརྗོད་མདུན་ལེགས་མའི་ཚིག་དེས་བོད་གངས་ཅན་གྱི་ལྗོངས་ལ་གཞུང་མང་པོ་ཞིག་གཟིགས་པའི་མཁས་དབང་ཚོར་གཞན་སྡེ་ཚར་གཅོད་པ་ལ་ཚད་མ་ཞེས་ཡོངས་སུ་གྲགས་ཀྱང་། རྣམ་གྲོལ་སྒྲུབ་པ་ལ་ཚད་མའི་གཞུང་དེ་ཙམ་འབྲེལ་བ་མེད་ཅེས་བརྗོད་མཁན་དག་ལ། སློབ་དཔོན་ཕྱོགས་གླང་གིས་དང་པོ་ཚད་མ་ཀུན་བཏུས་མཛད་སྐབས། རྒྱ་གར་ལ་ཐོ་ལེ་ཀོར་ཞེས་ཡི་གེ་གསལ་བའི་རྡོ་ལེབ་ཅིག་གི་སྟེང་དུ་འབྲི་བའི་ལུགས་སྲོལ་ཞིག་ཡོད་ཅིང་། སློབ་དཔོན་ཕྱོགས་གླང་གིས་ཐོག་མར་ནམ་རྒྱུན་ཡི་གེ་འབྲི་སའི་རྡོ་ནག་ཅིག་གི་སྟེང་དུ་བརྩམས་པ་ན། མུ་སྟེགས་པའི་མཁས་པས་ཀླན་ཀ་བཙལ་བས། སློབ་དཔོན་ཕྱོགས་གླང་རང་ཉིད་ཀྱིས་ཀྱང་དེས་ཕན་ཐོགས་ཅང་ཡོང་བ་མི་འདུག་དགོངས་པའི་སྐབས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་ཁྱོད་ཀྱིས་དཔེ་ཆ་དེ་རྩོམས་ཤིག །མ་འོངས་པ་ན་དཔེ་ཆ་དེས་ཕན་ཐོགས་རྒྱ་ཆེན་པོ་ཡོང་གི་རེད་ཅེས་ལུང་བསྟན་པ་དེ་ཡང་ཚད་མའམ། དངོས་ཡོད་གནས་ཚུལ་སྒྲ་ཇི་བཞིན་པར་ཁས་བླངས་པ་དེ་ལ་འགལ་འདུ་ཡོད་པ་དང་། རྗེ་རིན་པོ་ཆེས་རྩ་བ་ཚད་མ་ཀུན་བཏུས་དང་། དེའི་འགྲེལ་པ་ཚད་མ་རྣམ་འགྲེལ་སོགས་གཟིགས་ནས་ཉམས་ཞིབ་གནང་བ་ན། ཚད་མ་དེ་ཧ་ལས་པའི་ཕན་ཐོགས་ཡོད་པས།
དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །
ཞེས་གོང་གི་བཤད་ཚུལ་དེ་དག་རིགས་པ་དང་མི་ལྡན་པའམ་མི་རིགས་པ་ཞིག་ཡིན་པར་གསུངས། ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་རྣམ་འགྲེལ་ལེའུ་གཉིས་པ་དེ་ཧ་ལས་པ་ཞིག་འདུག །ངོས་ནས་ཀྱང་བར་མཚམས་སུ་ཀློག་བཞིན་ཡོད། རྗེ་རིན་པོ་ཆེས།
ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །
ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །
རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །
ཚད་མར་བསྒྲུབས་ཤིང་། །
ཞེས་སོགས་གསུངས་པ་ལྟར། རྗེ་རིན་པོ་ཆེའི་ཐུགས་ལ་ཧ་ཅང་ངེས་པ་རྙེད་པ་ཞིག་བྱུང་སྟེ། ཚད་མའི་གཞུང་ལ་བསྔགས་བརྗོད་ཆེན་པོ་གནང་འདུག །
བོད་ལ་ས་སྐྱ་པཎ་ཆེན་གྱིས་ཚད་མ་རིགས་གཏེར་མཛད་པ་སོགས། སྔོན་གྱི་བོད་ཀྱི་མཁས་པ་ཚོས་ཚད་མའི་གཞུང་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་འདུག །རྒྱ་ནག་གི་ཤཱོན་ཙང་ (Hiuen Tsang ཕྱི་ལོ་ ༦༣༩ ལོར་སེར་པུར་ལ་འབྱོར།) ངམ་ཐང་སན་གྱིས་མཚོན་པའི་རྒྱ་ཡི་མཁས་པ་དེ་དག་གིས་ཚད་མའི་གཞུང་ལ་དེ་ཙམ་ཐུགས་སྣང་གནང་ཡོད་བཟོ་མི་སྣང་། དེར་བརྟེན་དེང་སང་གི་དུས་ཚོད་ལ་ཚད་མའི་གཞུང་ལ་ལོ་མང་སློབ་སྦྱོང་བྱས་ཤིང་། དེ་ཡང་རྩ་བ་བློར་བཟུང་། ཚད་མའི་གཞུང་གི་འགྲེལ་པ་འདྲ་མིན་ཡོད་ལ། རིགས་གཏེར་གྱིས་མཚོན་པའི་བོད་འགྲེལ་གྱི་ཚད་མའི་གཞུང་ཡང་མང་དུ་ཡོད་པ་དེ་དག་ལ་བལྟས་ཏེ་རྟགས་གསལ་བཏང་། རྟགས་གསལ་གྱི་ཐལ་དང་ཕྱིར་ཞེས་པའི་འགྲོ་སྟངས་དེ་ཕྱྭ་པ་ཆོས་སེང་གི་སྐབས་སུ་གསར་གཏོད་བྱས་པ་ཞིག་རེད། དེ་ཡང་ཚད་མ་རྣམ་འགྲེལ་ལས[13]།
ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །
མེད་པ་མི་འབྱུང་ངེས་ཕྱིར་རོ། །གཏན་ཚིགས་ལྟར་སྣང་དེ་ལས་གཞན། །
ཞེས་སོགས་ཚུལ་གསུམ་གྱི་རྣམ་གཞག་ཞིབ་ཚགས་པོའི་ཐོག་ནས་རྟགས་གསལ་གཏོང་བ་དེ་ཕྱྭ་པ་ཆོས་སེང་གཙོ་བོ་རེད། བོད་པ་གཅིག་པུ་མ་གཏོགས་ནང་པའི་ཡུལ་གྲུ་ཚང་མའི་ནང་ལ་རྟགས་གསལ་གཏོང་རྒྱུ་གཅིག་ཀྱང་མི་འདུག །བོད་ནས་སོག་པོ་ལ་དར་ན་ཡང་རྟགས་གསལ་གཏོང་བ་དེ་བོད་ལ་ཤུགས་ཆེ་ཤོས་རེད་འདུག
ཕྱིས་སུ་སངས་རྒྱས་ཀྱི་བསྟན་པ་དེ་བོད་ནས་སོག་ཡུལ་ལ་དར་བས། སོག་པོ་དག་གིས་ཀྱང་ཚད་མའི་གཞུང་སྦྱངས་ནས་རྟགས་གསལ་གཏོང་བའི་མིག་ལྟོས་དར་འཕེལ་བྱུང་སྟེ། རྟགས་གསལ་ཧ་ཅང་ཡག་པོ་གཏོང་། སོག་པོའི་དགེ་བཤེས་དམ་བཅའ་འཇོག་མཁན་ཚོས་གཞུང་དེ་དང་དེ་ངེས་ལ་མ་ངེས་པ་བྱས་ན་སོག་སྐད་ཇེ་དམ་དུ་འགྲོ་བཞིན་ཡོད། གང་ལྟར་སེ་འབྲས་ལ་སློབ་སྦྱོང་བྱས་ནས་དབུས་སྐད་བདེ་པོ་ཡོད་ཀྱང་། རྟགས་གསལ་གཏོང་སྐབས་དོན་དག་ཅུང་ཟད་ཤེས་ལ་མ་ཤེས་བྱས་ན། སོག་སྐད་ཇེ་དམ་དུ་བཏང་སྟེ་ལག་པ་དབྱི་ས་ཞིག་བཟོ་ཡིན་འདུག་ཅེས་མཚན་ཞབས་པ་ཚོས་ངོས་ལ་གསུངས་མྱོང་། སྔར་སོག་པོའི་དགེ་བཤེས་དམ་བཅའ་འཇོག་མཁན་ཞིག་གིས་རྟགས་གསལ་བཏང་བར། སོག་པོ་ཞིག་གིས་ལན་ཡག་པོ་ཞིག་མ་ཐེབས་པར། ངའི་ཁ་ནས་ཐོན་གྱི་མི་འདུག་མ་གཏོགས་སེམས་ནང་ལ་ཡོད་ཅེས་བརྗོད་པའི་ལོ་རྒྱུས་ཀྱང་ཡོད། སོག་པོ་ལ་གསར་བརྗེ་ལངས་ནས་ཧ་ལས་པའི་ཉམས་ཉེས་ཕྱིན་ཏེ། ཚད་མ་རིག་པ་གཙོར་འདོན་བྱས་ནས་སྦྱོང་མཁན་བོད་པ་གཅིག་པུ་ཡིན།
དེང་སང་འཛམ་བུའི་གླིང་འདིའི་སྟེང་ལ་སངས་རྒྱས་པའི་ཆོས་རིགས་པའི་ལམ་ནས་འགྲེལ་བཤད་བྱེད་སྐབས་ཚན་རིག་དང་ཡང་འབྲེལ་བ་བྱེད་ཐུབ། སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཀྱང་རིགས་པའི་ལམ་ནས་བསམ་བློ་གཏོང་སྐབས། ཟླ་བ་གྲགས་པས་ཀྱང་གནས་བརྟན་དབྱིག་གཉེན་དང་། ཕྱོགས་ཀྱི་གླང་པོ་ལ་སོགས་པ་དེ་དག་གིས་ཀྱང་རྟེན་འབྱུང་གི་དེ་ཁོ་ཉིད་ཕྲ་མོ་དེ་ཐུགས་ལ་མ་ཆུད་པས། དེ་ཁོ་ན་ཉིད་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་བཞིན། བོད་ཀྱི་མཁས་པ་ཚོས་མཁས་པ་མང་པོའི་གཞུང་ལ་རིགས་པའི་ལམ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་མི་བདེ་བ་ཡོང་སྐབས་དེ་ལ་དོགས་གཅོད་བྱས་ཏེ་དགག་བཞག་གི་གཞུང་མང་དུ་མཛད་ཡོད།
ཐའེ་ལན་ཌི་དང་འབར་མ་ལ་སོགས་པ་དེ་དག་པཱ་ལིའི་གཞུང་ལ་བརྟེན་པ་དང་། པཱ་ལིའི་གཞུང་ནས་སངས་རྒྱས་པའི་བསླབ་པ་གསུམ་དང་སྣེ་སྣོད་གསུམ་གསུངས་ཡོད་ཀྱང་ཚད་མའི་གཞུང་ལུགས་མེད། སྔ་མོ་བོད་ལ་ནང་ཆོས་མ་དར་སྔོན་ནས་རྒྱ་ནག་ལ་ནང་ཆོས་དར་འཕེལ་བྱུང་ཟིན་ཡོད་ལ། ཤཱོན་ཙང་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཡིན་ཀྱང་ཚད་མ་རིག་པར་ཐུགས་སྣང་མ་གནང་བ་དེ་ནི་ཡ་མཚན་ཆེན་པོ་རེད་འདུག །དེ་སྔོན་ངོས་ལ་དཔེ་གསར་ལྟ་བུ་ཞིག་བྱུང་བ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་ནག་པུར་གྲོང་ཁྱེར་ཁུལ་དུ་རྒྱ་གར་ཤར་ཕྱོགས་སུ་རྒྱུག་བཞིན་པའི་ཆུ་བོའི་གཞུང་མཚམས་དེ་ནས་ཐང་སན་བླ་མ་རྒྱ་ནག་ཏུ་གྲུ་གཟིངས་ཐོག་ཕེབས་པ་རེད་ཅེས་རྗོད་ཀྱིན་འདུག་ལ། རྒྱབ་རི་ཞིག་ཡོད་པ་དེར་མགོན་པོ་ཀླུ་སྒྲུབ་ཀྱིས་སྒྲུབ་པ་མཛད་ནས་བཞུགས་མྱོང་བའི་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གྲགས་པའི་ནང་ཕྱིན་ནས་རྩ་བ་ཤེས་རབ་འདོན་པ་དང་། བསམ་བློ་ཅུང་ཟད་བཏང་བ་བཅས་བྱེད་སྐབས་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་དེའི་སྟེང་ཕྱོགས་སུ་སྦྲུལ་དཀར་པོ་ཞིག་ཡོད་པ་འགའ་ཞིག་གིས་མཐོང་འདུག་ལ། ངོས་རང་བྲག་ཕུག་ནས་ཕྱི་ལ་ཐོན་ཏེ་གཙང་པོའི་ཕྱོགས་སུ་བསྐྱོད་སྐབས་དུང་དཀར་ཞིག་རྙེད་བྱུང་བས། དེ་ནི་ངོས་ནས་རྟེན་འབྲེལ་བཟང་པོ་ཞིག་ལ་བརྩིས་ཤིང་། དེ་ཡང་སྒྲུབ་ཕུག་གི་གཤམ་ངོས་སུ་རྩིག་པ་ཞིག་སྟེང་དུ་རྒྱུ་མཚན་གང་ཡང་མེད་པར་དུང་དཀར་ཞིག་འདུག་པས། མི་ཡོད་ན་དུང་དཀར་དེ་ཉིད་སློང་དགོས་སྙམ་པ་ཞིག་བྱུང་ཡང་། དེའི་གཡས་གཡོན་དུ་མི་སུ་ཡང་མི་འདུག །དེ་ལྟར་ཐང་སན་བླ་མ་ཀླུ་སྒྲུབ་ཀྱི་སློབ་མའམ་རྗེས་འབྲང་པ་ཡིན་ལ། ཁོང་གིས་རྒྱ་ནག་ཏུ་བསྟན་པ་སྤེལ་སྐབས་དང་། ལྷག་པར་དབུ་མ་རྩ་བ་ཤེས་རབ་སློབ་ཁྲིད་གནང་སྐབས་རྟགས་གསལ་གྱི་འགྲོ་ལུགས་ཤེས་དགོས་པ་ཞིག་ཡིན་ནའང་། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་སོགས་ཚད་མའི་གཞུང་རྣམས་རྒྱ་སྐད་དུ་བསྒྱུར་མི་འདུག །མདོར་ན་ཚད་མའི་ཐོག་ལ་དམིགས་བསལ་ཐུགས་སྣང་གནང་མི་འདུག །
ང་ཚོ་བོད་ཀྱི་མཁས་པ་ཚོས་ཚད་མའི་གཞུང་ལུགས་དེ་དག་སྦྱངས་ནས་ཚད་མའི་གཞུང་རྣམས་བོད་སྐད་དུ་བསྒྱུར་བ་ཙམ་དུ་མ་ཟད་སློབ་གཉེར་བྱས་ཏེ། སེ་འབྲས་དགའ་གསུམ་གཙོ་བོར་གྱུར་པ་དང་། སྔར་ས་སྐྱ་ལའང་ཚད་མའི་སློབ་གཉེར་དར་སྲོལ་ཆེན་པོ་ཡོད་ཀྱང་ཕྱིས་སུ་ཅུང་ཟད་ཉམས་པ་རེད། རིམ་པས་ཚད་མའི་གཞུང་གི་རྩོད་པ་བྱེད་མཁན་ཤུགས་ཆེ་ཤོས་རི་བོ་དགེ་ལྡན་པ་ཡིན་འདུག །དགེ་ལུགས་པའི་དགོན་པ་དབུས་གཙང་ཁུལ་ལ་ཡོད་པ་ལྟ་ཅི་སྨོས། མདོ་སྟོད་སྨད་ཀྱི་ས་ཁུལ་ལ་ཡོད་པའི་དགེ་ལུགས་པའི་དགོན་པ་དེ་དག་ཚང་མར་རྟགས་གསལ་གཏོང་རྒྱུ་ཡོད། དེར་བརྟེན་ང་ཚོ་བོད་པས་ཚད་མའི་གཞུང་ལ་བདག་པོ་ཧ་ལས་པ་བརྒྱབ་ཡོད། འདུལ་བ་དང་མཛོད་གཉིས་ཚད་མའི་གཞུང་ལ་བརྟེན་ནས་རྟགས་གསལ་གཏོང་རྒྱུ་དེ་ཙམ་མེད་ཀྱང་། གཙོ་བོ་དབུ་ཕར་གཉིས་ནི་ཚད་མའི་གཞུང་ལ་བརྟེན་ནས་རྟགས་གསལ་བཏང་ནས་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེས་ན་བོད་ལ་ཚད་མའི་གཞུང་དར་འཕེལ་བྱུང་ནས་ཚད་མའི་གཞུང་ལ་སློབ་གཉེར་བྱ་རྒྱུ་དེ་བཞིན་སེ་འབྲས་དགེ་གསུམ་གཙོ་བོར་གྱུར་པའི་དགོན་པ་དེ་དག་གིས་ལོ་མང་རིང་ཚད་མའི་གཞུང་ལ་སློབ་སྦྱོང་བྱེད་བཞིན་ཡོད་པ་དེས། དངོས་གནས་དྲང་གནས་བསྟན་པ་ལ་ཞབས་འདེགས་ཆེན་པོ་བསྒྲུབས་ཡོད།
དེང་སྐབས་ཀྱང་ང་ཚོ་རང་ཡུལ་དང་བྲལ་ནས་བཙན་བྱོལ་བར་གྱུར་ཡོད་ཀྱང་། རྒྱ་གར་ལྷོ་ཕྱོགས་ལ་གདན་ས་རྣམས་རྨང་གཞི་བརྟན་པོ་ཚུགས་ཏེ། སློབ་གཉེར་ཧུར་ཐག་འབད་ཐག་བྱས་ནས་ཧ་ཅང་ཡག་པོ་འདུག །ངོས་ནས་ཚན་རིག་ཀྱང་སློབ་དགོས་ཞེས་བསམ་འཆར་བཤད་ཅིང་། འབོད་སྐུལ་ཞུས་པ་ལའང་དོ་སྣང་ཧ་ཅང་ཡག་པོ་གནང་སོང་། མདོར་ན། དུས་ད་ལྟ་ཡང་དཔལ་ནཱ་ལེནྡྲའི་སངས་རྒྱས་པའི་ཕྱག་སྲོལ་དྲི་མ་མེད་པ་དེ་གདན་ས་རྣམས་ཀྱིས་གཅེས་ཉར་གནང་ཡོད། དེའི་ཐོག་ཏུ་སྔར་མེད་ཚན་རིག་གི་རྣམ་གཞག་ཀྱང་ཞར་བྱུང་དུ་སློབ་སྦྱོང་བྱ་རྒྱུ་ཡོད།
ད་ལྟ་སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བའི་དུས་སྐབས་ཤིག་ཡིན་པ་དང་། བོད་དང་སོག་པོར་ཆ་མཚོན་ན། སོ་སོས་ནང་ཆོས་ལ་དོ་སྣང་མ་བྱས་པ་མིན་པར། བསྟན་པ་ལ་ཆེད་དུ་གཉེར་ནས་དམ་བསྒྲགས་བྱེད་མཁན་ཞིག་བྱུང་སྟེ། དབང་སྒྱུར་བྱེད་མཁན་དེས་དམིགས་བསལ་གྱིས་དམ་བསྒྲགས་བྱས་པ་ལ་བརྟེན་ནས། སློབ་གྲྭ་ཁག་གི་ནང་དུའང་ཚད་ཉིད་བསླབས་ན་མི་འགྲིག་པ་དང་། ནང་ཆོས་བསླབས་ན་མི་འགྲིག་པའི་གནས་ཚུལ་བྱུང་སྟེ། ཧ་ཅང་ཉག་ཕྲའི་གནས་སྟངས་བྱུང་ཡོད་ཀྱང་། བཙན་བྱོལ་བའི་ཁྲོད་དུ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་དེ་དག་གིས་གང་ཐུབ་ཀྱིས་སློབ་སྦྱོང་བྱེད་པ་དང་། ཧི་མ་ལ་ཡའི་དགོན་ཁག་དེ་དག་ཚང་མས་ཚོགས་པ་ཞིག་བཙུགས་འདུག་པའི་འགོ་ཁྲིད་ལོ་ཆེན་རིན་པོ་ཆེ་རེད། ཧི་མ་ལ་ཡའི་རི་རྒྱུད་ཁག་ཚང་མས་སློབ་གཉེར་བྱེད་ས་ཡོད་པའི་སློབ་གཉེར་ཁང་བཟོ་ཡི་ཡིན་ཞེས་གསུངས་སོང་བས། ངོས་ནས་དེར་བསྔགས་བརྗོད་ཆེན་པོ་བྱས་པ་ཡིན། དེའི་རྗེས་ལ་ཅི་འདྲ་བྱས་ཡོད་མེད་ཞིབ་ཕྲ་ངོས་ནས་ཤེས་རྟོགས་མ་བྱུང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་དེ་དག་སོ་སོར་ལུང་པ་ཡོད།
ངོས་རང་ལོག་རྟོག་ཚ་དྲགས་པ་མིན་ནམ། མཁན་ཆེན་ཞི་བ་འཚོས་བོད་ལ་དབུ་ཚད་ཟུང་འབྲེལ་གྱི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་བསྟན་པ་ཞིག་སྤེལ་བ་དེར། ཕྱིས་སུ་བོད་ནས་ལོ་ཙཱ་བ་མང་པོ་རྒྱ་གར་ལ་ཕེབས་ཏེ། གསང་སྔགས་ཀྱི་ཆོས་མང་པོ་ཞིག་དར་སྤེལ་གནང་བ་དང་། ལྷག་པར་གསང་སྔགས་བླ་མེད་ཀྱིས་ལོ་གསུམ་ཕྱོགས་གསུམ་ལ་འཚང་རྒྱ་ཡི་རེད་ཅེས་བརྗོད་པས། བོད་པ་རྣམས་འུར་ལངས་ནས་གསང་སྔགས་ཀྱི་བསྟན་པ་བོད་ལ་དར་སོ་ཧ་ལས་པ་ཞིག་བྱུང་བར་བརྟེན། གཞུང་ཆེན་ལྟ་རྒྱུར་འཐུས་ཤོར་ཕྱིན་མེད་དམ་སྙམ།
དེང་སང་ཧི་མ་ཡ་ལའི་རི་རྒྱུད་རྣམས་ནས་ཀྱང་དོ་སྣང་དམིགས་བསལ་ཞིག་གནང་གིན་ཡོད་པ་ཧ་ཅང་ཡག་པོ་རེད། དེང་སང་རྩོད་པ་བརྩད་ནས་རྟགས་གསལ་གཏོང་བ་དེ་བོད་པ་གཅིག་པུ་དང་། ནང་པ་གཅིག་པུ་མིན་པར། སློབ་གྲྭ་ཁག་གི་ནང་ལའང་རྟགས་གསལ་གཏོང་རྒྱུ་བྱུང་ན་ལེགས་ཞེས་བསམ་འཆར་བཤད་ཅིང་འབོད་སྐུལ་བྱས་པ་ལ་བརྟེན་ནས། ས་དྷར་རྗི་བྱིས་པ་ཞིག་ཡོད་པ་དེས་ཀྱང་རྟགས་གསལ་ཧ་ཅང་ཡག་པོ་གཏོང་བར་མ་ཟད། རྟགས་གསལ་གཏོང་མཁན་གྱི་རྒྱ་གར་གྱི་དགེ་སློང་ཁ་ཤས་ཀྱང་ཡོད་པ་དེ་དག་གིས་ཀྱང་གདན་ས་འགྲིམས་ནས་རྟགས་གསལ་གཏོང་བའི་སོན་རྩ་ལྟ་བུར་གྱུར་ཡོད། རིམ་པར་རྟགས་གསལ་གྱི་འགྲོ་སྟངས་དེ་ཆོས་གཅིག་པུའི་ཐོག་ལ་མ་ཡིན་པར་རིག་གནས་གཞན་དག་གི་ནང་ལའང་ཁྱབ་དང་མ་ཁྱབ། བསྡུས་གྲྭ་སློབ་པའི་སྐབས་སུ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གང་ཡིན་ཞེས་ཆུང་ངུའི་སྐབས་ནས་རྗོད་ཀྱིན་ཡོད་པ་ལྟར། དེ་ལྟའི་སློབ་སྦྱོང་དེ་རྒྱ་གར་གྱི་སྤྱིར་བཏང་གི་སློབ་ཚན་ཁག་གི་ཐོག་ཏུའང་ངོ་སྤྲོད་སློབ་ཁྲིད་ཐུབ་པ་ཞིག་བྱུང་ན་ཞེས་ངོས་ནས་རེ་བ་རྒྱག་བཞིན་ཡོད།
གོང་དུ་བརྗོད་པ་བཞིན། སེམས་ཁམས་རིག་པ་དེ་རྒྱ་གར་ནས་བྱུང་བ་རེད། རིམ་པས་རྒྱ་གར་གྱི་སློབ་གྲྭ་ཁག་གི་ནང་ལ་དེ་དག་སློབ་ཁྲིད་བྱེད་ཐུབ་ན། དུས་རབས་སྔ་མའི་ནང་ལ་གན་དྷིས་འཚེ་མེད་ཞི་བའི་ལྟ་བ་དེ་འཛམ་བུའི་གླིང་འདིའི་ཐོག་ཏུ་སྲོལ་བཏོད་ནས། མིག་ལྟོས་ཧ་ཅང་བཟང་པོ་ཞིག་བཟོས་པ་གནང་ཡོད། ད་ལྟ་ང་ཚོའི་མི་རབས་འདིས་ཚད་མ་རིག་པའི་འགྲོ་སྟངས་དང་། དེ་བཞིན་དུ་སེམས་ཁམས་རིག་པ་དེ་དག་ཆོས་དད་ཡོད་མེད་དང་། ཆོས་ལུགས་ཅི་ཞིག་ཡིན་མིན་ལ་ཁྱད་པར་ཅི་ཡང་མེད་པར། རྒྱ་གར་གྱི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་ལམ་སྲོལ་དེའི་ཐོག་ནས། ཤེས་ཡོན་གྱི་སྡེ་ཚན་ལ་བཞག་སྟེ་སློབ་སྦྱོང་བྱ་རྒྱུ་ཞིག་རྒྱ་གར་ནང་སྤེལ་ཐུབ་ན་སྙམ་ནས་ངོས་ཀྱིས་རེ་བ་རྒྱག་བཞིན་ཡོད། ངོས་ནས་རྒྱ་གར་བ་ཚོར་རྩེད་མོ་དང་བཅས་ཏེ། སྔ་མོ་རྒྱ་གར་བ་རྣམས་ང་ཚོའི་དགེ་རྒན་ནམ་གུ་རུ་དང་ང་ཚོ་སློབ་མ་རེད། དེང་སང་གུ་རུ་རྣམས་དོ་སྣང་ཅང་མེད་པར། སློབ་མ་དག་གིས་ད་ལྟའི་བར་དུ་བདག་པོ་བརྒྱབ་ནས་བསྡད་པས། ག་ལེར་གུ་རུའམ་དགེ་རྒན་རྣམས་སློབ་མར་གྱུར་པ་ལྟ་བུ་ཞིག་འདུག །སྔ་མོའི་རྒྱ་གར་བའི་དགེ་རྒན་རྣམས་ཀྱི་སློབ་མ་རྣམས་དེང་སང་དགེ་རྒན་དུ་གྱུར། སྔ་མོ་ང་ཚོས་རྒྱ་གར་དགེ་རྒན་ལ་བརྩིས་པ་དེ་དག་གིས་གཞི་ནས་བསླབ་དགོས་པས་སློབ་མར་གྱུར་པ་ལྟ་བུ་ཞིག་འདུག་ཅེས་རྗོད་ཀྱིན་ཡོད། བོད་པས་རྒྱ་གར་མཁས་པའི་རིག་གཞུང་དེ་དག་ལ་ཧ་ལས་པའི་བདག་པོ་བརྒྱབ་འདུག
ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར། ཐོས་པས་གནས་ཚུལ་ཤེས་པར་བྱས། བསམ་བྱུང་གིས་རྟགས་གསལ་གཏོང་བ་སོགས་བྱས་ནས་སྒྲོ་འདོགས་བཅད་དེ། ཡིད་ཆེས་གཏིང་ནས་རྙེད་པ་དེ་ལ་ཡང་ནས་ཡང་དུ་གོམས་འདྲིས་བརྟེན་ནས་སྒོམ་བྱུང་གི་ཡོན་ཏན་གང་ལ་གང་འཚམ་སྐྱེ་ཐུབ་པས། དབུ་མ་འཇུག་པ་ལས[14]།
དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པ། །
རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །
སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །
རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །
ཞེས་གསུངས་པ་ལྟར། དཔེ་ཆར་བལྟས་ནས་ཉམས་ལེན་ཡང་ཅུང་ཙམ་བྱེད་མཁན་ཚོའི་འགྲོ་སྟངས་ཀྱང་གཅིག་པ་ཡིན་པས་དེ་དག་གི་རྒྱུད་ལ། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་པའི་འགོག་པ་རྗེས་མཐུན་པ་ཞིག་འཇོག་གི་མེད་དམ་སྙམ།
པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་དགེ་སློང་འདུལ་བ་འཛིན་པ་ཧ་ལས་པའི་ཡག་པོ་ཡོད་པས་རྗེས་སུ་ཡི་རང་ཡོད། ལོ་ཤས་སྔོན་རྒྱ་གར་ལྷོ་ཕྱོགས་སུ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་གྱི་ཤྲཱི་ལངྐའམ་སིངྒ་ལའི་དགེ་སློང་རྣམས་ཀྱིས་པཱ་ལིའི་སྐད་ཡིག་ཐོག་ནས་ཞལ་འདོན་བསྐྱོར་ཅིང་། གསུང་བཤད་གནང་བར་ངོས་རང་དད་པ་རྩེ་གཅིག་ཏུ་བསྒོམས་པ་ཡིན། ནམ་རྒྱུན་ངོ་ཤེས་པའི་ཐའེ་ལན་ཌིའི་དགེ་སློང་དང་། འབར་མའི་དགེ་སློང་ཁ་ཤས་ལ་ངོས་ནས་རྩེད་མོ་དང་བཅས་ཏེ། ཁྱེད་རྣམས་ལ་ཚད་མ་རིག་པ་མེད་པར་བརྟེན་མི་ལ་སོ་མེད་པ་ལྟ་བུ་རེད། ལྟོ་ཆས་མཁྲེགས་པོ་ཞིག་ཟ་དགོས་བྱུང་ན་མུར་ནས་སྡོད་རྒྱུ་ལས་སོས་བལྡད་རྒྱག་རྒྱུ་མེད། བོད་པ་རྣམས་ཀྱིས་ཚད་མ་རིག་པ་སྦྱངས་ནས། རྟགས་གསལ་བཏང་སྟེ་བརྟག་དཔྱད་བྱེད་ཤུགས་ཆེན་པོ་ཡོད་པས་ང་ཚོར་སོ་ཡོད་པ་ལྟར། ལྟོ་ཆས་མཁྲེགས་པོ་ཇི་ཙམ་ཟ་དགོས་བྱུང་ཡང་སོ་བརྒྱབ་ནས་ཟ་ཐུབ་པ་ལྟ་བུ་ཡིན་ཞེས་བརྗོད་མྱོང་། དེ་དག་གི་སྐབས་སུ་དབུ་མ་འཇུག་པ་ལས[15]།
རྟག་ཏུ་འགོག་པར་གཏོགས་པའི་བསམ་གཏན་ཡིན་མོད་ཀྱི། །
འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །
དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །
མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །
ཞེས་གསུངས་པ་དེ་དག་བློ་ངོར་ཤར་ཡོང་གིན་འདུག །དེར་བརྟེན་མཁན་ཆེན་ཞི་བ་འཚོ་དང་། ཆོས་རྒྱལ་དེ་དག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། སངས་རྒྱས་པའི་ཆོས་རིགས་པའི་ལམ་ནས་གཏན་ལ་འབེབས་རྒྱུ་དང་། གཞུང་ཆེན་དེ་དག་ལ་སློབ་པའི་མིག་ལྟོས་བཟང་པོ་ཞིག་མཛད་པ་དེ་ནི་ཧ་ལས་པའི་བཀའ་དྲིན་ཆེན་པོ་རེད། ང་ཚོ་བཙན་བྱོལ་ལ་གནས་ཡོད་ཀྱང་། གདན་ས་གསུམ་གཙོ་བོར་གྱུར་པའི་བཀྲ་ཤིས་ལྷུན་པོ་དང་། རིས་མེད་གདན་ས་ཁག །ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ་ཁག་གིས་ཐུགས་སྣང་གནང་ནས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་ཐུགས་ཁུར་བཞེས་པ་དེར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་ལྟར་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་སྔར་རྒྱ་ཡིག་ཏུ་བསྒྱུར་གནང་མི་འདུག་ཅིང་། ཕྱིས་སུ་སྒྱུར་མཁན་གྱི་རིགས་བྱུང་ཡོད། དེ་ཡང་ཚད་མ་སྡེ་བདུན་ཆ་ཚང་བོད་ཡིག་ཐོག་སྔར་ནས་ཡོད་མུས་མ་ཟད། ཚད་མ་རྣམ་འགྲེལ་གྱི་ཐོག་ནམ་རྒྱུན་ནས་སློབ་གཉེར་ཤུགས་ཆེ་གནང་སྲོལ་ཡོད། ངོས་ནས་ཞུ་འདོད་པ་ཞིག་ལ། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་རྣམ་གཉིས་ཀྱིས་མཛད་པའི་ཚད་མའི་གཞུང་ལུགས་དེ་དག་གི་ཐོག་ནས་ཚད་མའི་སློབ་གཉེར་ཡོད་པ་ནང་པ་དུང་ཕྱུར་བཅུ་ཙམ་སྟེ། རྒྱ་ནག་ཁོ་ནར་ནང་པ་དུང་ཕྱུར་བཞི་ཙམ་དང་། ཐའེ་ལན་ཌི་དང་འབར་མ་སོགས་ལ་དུང་ཕྱུར་གཅིག་ཙམ་ཡོད་ལས་ཆེ། རིམ་བཞིན་རྒྱ་གར་ནང་གི་རིགས་དམན་མང་པོ་ཞིག་ནང་པར་བསྒྱུར་བ་སོགས་ཕལ་ཆེར་དུང་ཕྱུར་བཅུ་ཙམ་མེད་དམ་སྙམ། ལོ་ངོ་མང་པོའི་གོང་དུ་ནང་པ་དུང་ཕྱུར་གཉིས་ཙམ་ཡོད་ཚུལ་རྗོད་ཀྱིན་འདུག །བར་སྐབས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་ཤུགས་ཆེ་བྱུང་སྟེ་ནང་པ་དུང་ཕྱུར་བཞི་ཙམ་འདུག །དེ་ལྟར་དེང་སྐབས་ནང་པ་དུང་ཕྱུར་བཅུ་ཙམ་ཞིག་ཡོད་ན། དེ་དག་གི་ནང་དུ་ཚད་མའི་གཞུང་ལ་སློབ་གཉེར་བྱེད་མཁན་བོད་པ་དང་སོག་པོ་གཉིས་ལས་མེད།
དེས་ན་གཞུང་ལུགས་འདི་དག་ལ་ང་ཚོས་ཐོས་བསམ་སློབ་གཉེར་མ་བྱས་ན་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་སྐུ་ངལ་མང་དུ་བསྐྱོན་ནས་སྒྲ་སྒྱུར་གནང་ཡོད་པས། ང་ཚོས་འཆད་ཉན་གྱི་ཐོག་ནས་བདག་པོ་མ་བརྒྱབ་པར་རང་དགར་བཞག་ན་ལོ་ཙཱ་དེ་དག་ལའང་ངོ་ཚ་དགོས་པ་ལྟ་བུ་ཞིག་ཡིན། དེ་བཞིན་ང་ཚོ་བོད་པ་ཞིག་ཡིན་པའི་ངོས་ནས་ཆ་བཞག་ན། འདི་དག་ནི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་དུ་ངོམ་འོས་པ་ལྟ་བུ་ཡིན་པར་མ་ཟད། དངོས་གནས་དྲང་གནས་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་འགྲེལ་བཤད་རྩོམ་མཁན་བོད་པ་ལྟ་བུ་ཕལ་ཆེར་བྱུང་ཨེ་ཡོད་སྙམ།
དེ་ཡང་ལོ་ངོ་སྟོང་ཕྲག་གི་རིང་ལ་བོད་ཀྱི་མཁས་པས་མཛད་པའི་དབུ་མའི་གཞུང་དང་། ཕར་ཕྱིན་གྱི་གཞུང་། ཚད་མའི་གཞུང་དང་བཅས་པ་པོ་ཏི་སྟོང་ཕྲག་མང་པོ་ཞིག་ཡོད། གསུང་འབུམ་ཁག་རྣམས་ཕྱོགས་བསྡོམས་བྱས་ན་པོད་ཇི་ཙམ་ཡོད་མེད་ང་ཚོས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་འདུག །གཅིག་བྱས་ན་པོ་ཏི་ཁྲི་གཅིག་ཙམ་ལོངས་ཀྱི་མེད་དམ་སྙམ། ད་དུང་པར་དུ་མ་འཁོད་པའི་གསུང་གི་རིགས་ཀྱང་མང་པོ་ཞིག་ཡོད་ངེས་ཡིན། དེ་དག་ལ་བསམ་བློ་བཏང་ན་ཧ་ལས་པ་ཞིག་རེད་འདུག། །།
༡༣༽ འཕགས་པ་གྲོལ་སྡེ།
ཐོགས་མེད་སྐུ་མཆེད་ལས་འོངས་ཤེར་ཕྱིན་དོན། །
ཡོད་མེད་མཐའ་བྲལ་དབུ་མའི་སྲོལ་བཞིན་དུ། །
རྒྱན་གྱི་གཞུང་དོན་སྣང་བའི་སྒྲོན་མེ་སྦར། །
འཕགས་པ་གྲོལ་སྡེའི་ཞབས་ལ་གསོལ་བ་འདེབས། །
འཕགས་པ་གྲོལ་སྡེ་ནི། སློབ་དཔོན་དབྱིག་གཉེན་གྱི་རང་མཁས་སློབ་མ་བཞིའི་ཡ་གྱལ་ཕར་ཕྱིན་རང་ལས་མཁས་པ་དེ་ཡིན་ཅིང་། ཁོང་གིས་མཛད་པའི་གསུང་ནི། རྒྱན་གྱི་གཞུང་དོན་སྣང་བ། ཞེས་པ་ལྟར་སེངྒེ་བཟང་པོའི་རྒྱན་སྣང་དང་། འཕགས་པ་གྲོལ་སྡེ་རང་ཉིད་ཀྱིས་མཛད་པའི་ཉི་སྣང་གཉིས་ཏེ། ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་སྣང་བ་རྣམ་གཉིས་ཞེས་སུ་གྲགས་པ་དེ་གཉིས་དང་། དེ་གཉིས་ཀྱི་བརྗོད་བྱ་མདོར་བསྡུས་སུ་མཛད་པ་འགྲེལ་པ་དོན་གསལ་ཡིན། ཕར་ཕྱིན་ལྟ་སྐབས་སྣང་བ་རྣམ་གཉིས་ཞེས་པ་ལྟར། འཕགས་པ་གྲོལ་སྡེའི་གཞུང་ཉི་སྣང་དང༌། སློབ་དཔོན་སེངྒེ་བཟང་པོའི་གཞུང་རྒྱན་སྣང་གཉིས་པོ་གཙོ་བོར་གྱུར་ཡོད་སྟབས། ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ལས། དབུ་མའི་རྒྱན་གྱུར་ཀླུ་སྒྲུབ་དང་ཐོགས་མེད། མངོན་པའི་རྒྱན་གྱུར་ཐོགས་མེད་དང་དབྱིག་གཉེན། ཚད་མའི་རྒྱན་གྱུར་ཕྱོགས་གླང་དང་ཆོས་གྲགས། འདུལ་བའི་རྒྱན་འགྱུར་ཡོན་ཏན་འོད་དང་ཤཱཀྱ་འོད། བཅས་གཞུང་ཆེན་བཀའ་པོད་ལྔ་ལས་ཕར་ཕྱིན་གྱི་རྒྱན་གྱུར་དེ་དག་གི་ཁོངས་སུ་མེད་སྟབས་སྐབས་འདིར་ཕར་ཕྱིན་གྱི་རྒྱན་གྱུར་འཕགས་སེང་གཉིས་སྣོན་མ་བརྒྱབ་པ་ཡིན། དེ་ཡང་ཐོགས་མེད་སྐུ་མཆེད་ལས་འོངས་པའི་ཤེར་ཕྱིན་གྱི་དོན་རྣམ་རིག་ཙམ་དུ་བཀྲལ་བ་མ་ཡིན་པར་དབུ་མའི་ལུགས་སུ་བཀྲལ་ནས་ཡོད་མེད་ཀྱི་མཐའ་མཐའ་དག་དང་བྲལ་བའི་དབུ་མའི་སྲོལ་བཞིན་དུ། རྒྱན་གྱི་གཞུང་དོན་གསལ་བར་བྱེད་པ་འཕགས་པ་གྲོལ་སྡེས་ཉི་སྣང་མཛད།
ལྷག་པར་སློབ་དཔོན་དབྱིག་གཉེན་རང་གི་ཐུགས་ལ་ཐུན་མོང་གདུལ་བྱའི་སྣང་ངོར་གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་གཙོ་བོར་མོས་པ་ཤུགས་ཆེན་པོ་ཡོད་སྟབས། དྲང་ངེས་ལེགས་བཤད་སྙིང་པོར་གསུངས་པ་བཞིན་ཡུམ་དོན་དེ་ཉིད་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་གཉིས་སྟོང་གི་དེ་ཁོ་ན་ཉིད་ཚུར་བཀྲལ་ནས་གསུངས་པ་དེ་ཉིད་ཡུམ་མདོའི་དོན་མིན་པ་ཞིག་ཏུ་གཟིགས་ཏེ། སློབ་དཔོན་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་དགོངས་དོན་རྣམ་རིག་གམ་སེམས་ཙམ་པའི་ལུགས་སུ་བཀྲལ། དེས་ན་འཕགས་པ་གྲོལ་སྡེས་རང་ཉིད་ཀྱི་བླ་མ་སློབ་དཔོན་དབྱིག་གཉེན་གྱིས། རང་གི་མོས་པ་གཙོ་བོར་བྱས་ནས་རྣམ་རིག་པའི་བཞེད་པ་བཞིན་དུ་བཀྲལ་བ་དེ་ཉིད་མ་འགྲིགས་པར་གཟིགས་ནས་དབུ་མའི་ལུགས་སུ་བཀྲལ། དེའི་སྐོར་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས[16]།
འགྲོ་ལ་ཆགས་པས་ཀུན་ཆགས་མཛད། །འཕགས་པ་ཐོགས་མེད་སྐྱོབ་ཉིད་ཀྱིས། །
མི་ཕམ་མགོན་ལ་གསན་ནས་ནི། །བསྟན་བཅོས་ཆེན་པོའི་རྣམ་བཤད་མཛད། །
འགྲོ་དོན་རྩ་ལག་དབྱིག་གི་གཉེན། །རང་གི་མོས་པ་གཙོར་བྱེད་པས། །
ཤེས་བྱ་ནང་གི་ཡིན་པ་ལ། །ཡང་དག་བརྟེན་ནས་རྣམ་པར་བཀྲོལ། །
འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །
དེས་བྱས་བྱས་པ་མིན་མཐོང་ནས། །དབུ་མར་གནས་པའི་བློས་རྣམ་ཕྱེ། །
དེ་ཡི་འོག་ཏུ་རྣམ་གྲོལ་སྡེ། །དད་པའི་ས་ལ་གནས་པ་ཡིས། །
བསྟན་བཅོས་མཐའ་དག་མ་རྙེད་པར། །རང་དང་རྗེས་མཐུན་རྣམ་བཤད་བྱས། །
ཞེས་འགྲེལ་པ་དོན་གསལ་གྱི་དབུར་ལོ་རྒྱུས་ཀྱི་སྐབས་སུ་གསལ་བར་གསུངས་ཡོད། རང་གི་སློབ་དཔོན་མཁས་མཆོག་དབྱིག་གཉེན་གྱིས་ཤེར་ཕྱིན་གྱི་ལྟ་བ་དེ་སེམས་ཙམ་པའི་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་གཟིགས་ཤིང་། དགེ་རྒན་གྱིས་གསུངས་པ་དེ་ཅི་མཛད་ལེགས་མཐོང་མིན་པར། རིགས་པའི་གནོད་པ་ཡོད་པ་དང་། ཀླུ་སྒྲུབ་ཀྱི་དགོངས་པ་དང་མི་མཐུན་པར་བརྟེན་དབུ་མའི་ལུགས་སུ་བཀྲལ་ནས་ཞལ་གསལ་གསུངས་པ་དེ་བཀའ་དྲིན་ཤིན་ཏུ་ཆེ་ལ། འཕགས་པ་གྲོལ་སྡེ་ཧ་ཅང་གྱོང་པོ་ཞིག་ཀྱང་རེད་འདུག །འདི་ལྟར་བསམས་ན་རྒྱ་གར་མཁས་པའི་རྣམ་དཔྱོད་ཧ་ལས་པ་ཞིག་དང་། དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་ལས[17]།
རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །
དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །
ཅེས་གསུངས་པའི་རྣམ་པ་དེ་ལྟའི་མདོ་སྡེ་ཞེས་པའི་ནང་དུ་འཇུག་པ་རང་འགྲེལ་དུ་མདོ་སྡེ་ཁག་འགའ་ཞིག་དྲངས་པའི་ཁྲོད་དུ་མདོ་སྡེ་དགོངས་འགྲེལ་ཡང་དྲངས་འདུག །མདོ་སྡེ་དགོངས་འགྲེལ་དྲང་དོན་གྱི་མདོ་ཡིན་པ་ལས། ངེས་དོན་གྱི་མདོ་སྡེ་མིན་པར་གསུངས་ཡོད། དེ་ལྟར་དཔལ་ནཱ་ལེནྡྲའི་མཁས་པ་རྣམས་ནི་དངོས་ནས། སྟོན་པ་ཉིད་ཀྱིས་ཀྱང་མདོ་ལས།
བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །
ལེགས་པར་བརྟགས་ལ་ང་ཡི་བཀའ། །
ཞེས་གསུངས་པ་ཇི་བཞིན་ལག་བསྟར་གནང་འདུག །དེ་ནི་ཧ་ཅང་གལ་གནད་ཆེ་ལ། དེང་སྐབས་དེ་བས་ཀྱང་ཤིན་ཏུ་གལ་འགངས་ཆེན་པོ་རེད་འདུག །དེ་ལྟར་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ་དང་། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་གླང་། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་བཞི་བྱོན་པ་ལས། རང་ཉིད་ཀྱི་སློབ་དཔོན་གྱིས་ཕར་ཕྱིན་གྱི་ལྟ་བ་སེམས་ཙམ་པའི་ལུགས་སུ་བཀྲལ་བ་དེ་མ་འགྲིགས་པར་གཟིགས་ནས་དབུ་མའི་ལུགས་སུ་བཀྲལ་བར་གསུངས་ལ། འཕགས་པ་གྲོལ་སྡེས་སློབ་དཔོན་དབྱིག་གཉེན་ལ་དགག་པ་བསྐྱོན་ནས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་དེ་མ་འགྲིགས་པར་བརྩིས་པས། དེས་ན་འཕགས་པ་གྲོལ་སྡེ་བཤེས་གཉེན་བསྟེན་ཚུལ་ལོག་པ་ཡིན་ནམ་མིན། དེ་ནི་དཔེ་མཚོན་ཞིག་ཡིན།
ཁ་སྔོན་རྒྱ་རིགས་འགའ་ཞིག་དང་ཐུག་འཕྲད་བྱུང་བར། རྒྱ་རིགས་ཀྱི་ཁྲོད་བླ་མ་གང་བྱུང་བྱེད་མཁན་རེ་ཟུང་བྱུང་སྟེ། དེ་དག་ལ་སྐྱོན་བརྗོད་དང་མ་མོས་པ་བྱེད་སྐབས་བཤེས་གཉེན་བསྟེན་ཚུལ་གྱི་སྐད་ཆ་བཤད་ནས་ཅི་མཛད་ལེགས་མཐོང་དང་། ཅི་གསུངས་བཀའ་བཞིན་སྒྲུབ་དགོས་ཞེས་རྗོད་མཁན་བྱུང་ཟེར། ངོས་ནས་འདི་ལྟའི་བློ་སྦུག་དོག་པོ་བྱེད་དགོས་དོན་མེད། བསམ་བློ་དེ་ལྟར་གཏོང་དགོས་བྱུང་ན། འཕགས་པ་གྲོལ་སྡེས་སློབ་དཔོན་དབྱིག་གཉེན་ལ་ཅུང་ཟད་མ་བརྩིས་པ་ལྟ་བུར་གྱུར་ཡོད་པས་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་དམ་ཞེས་བརྗོད་རྒྱུ་བྱུང་། བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། ངའི་བཀའ་ལ་ཁྱེད་རང་ཚོས་རིགས་པས་བརྟག་དཔྱད་བྱས་ཏེ་གལ་སྲིད་རིགས་པའི་གནོད་པ་ཡོད་ཚེ་ངའི་བཀའ་ཁས་ལེན་བྱེད་མི་དགོས་ཞེས་གསུངས་ཡོད། ང་རང་ཚོའི་བླ་མ་ཆུང་ངུ་ཞིག་གིས་ངས་གང་བཤད་ཉན་དགོས་པ་དང་། ངས་གང་བྱས་ལ་དག་སྣང་སྦྱོང་དགོས་ཞེས་གསུངས་ན་བཅོམ་ལྡན་འདས་ཀྱི་ཆོས་དེ་སླ་པོ་ཞིག་ཏུ་འགྱུར། འདི་རིགས་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད་འདུག །
རིགས་ལམ་སློབ་གཉེར་ཁང་གི་སློབ་དཔོན་དོལ་རྒྱལ་རྗེས་འབྲང་པས་བསད་པ་བློ་བཟང་རྒྱ་མཚོས་ངོས་ལ་འདི་ལྟར་བརྗོད་མྱོང་། སྔར་འབྲས་སྤུངས་ཀྱི་ཁང་ཚན་གཅིག་ལ་བླ་མ་མང་པོ་ཡོད་པ་དེ་དག་ལ་ཁང་ཚན་རྒན་གྱིས།
ཅི་མཛད་ལེགས་པར་མཐོང་དགོས་ན། །
མི་གནང་དགུ་གནང་མ་གནང་ཞིག །
ཅི་གསུངས་བཀའ་བཞིན་སྒྲུབ་དགོས་ན། །
མི་གསུང་དགུ་གསུང་མ་གསུངས་ཤིག །
ཅེས་ཚོགས་གཏམ་བཏང་བ་རེད་ཅེས་བརྗོད་བྱུང་། དེ་ཡག་པོ་འདུག །བླ་མ་ཚོས་ལ་མ་ཚོས་དག་གིས་རང་དགར་བཤད་པ་དང་། སྤྱོད་པ་ཡང་གང་བྱུང་བྱས་ཏེ་རང་གི་སློབ་མ་རྣམས་ལ་བླ་མའི་མཛད་པ་ཡིན་པས་ཅི་མཛད་ལེགས་མཐོང་བྱེད་དགོས་ལ། ཅི་གསུངས་བཀའ་བཞིན་སྒྲུབ་དགོས་ཞེས་བརྗོད་ན་ནོར་འཁྲུལ་ཡིན།
དཔལ་ནཱ་ལེནྡྲའི་མཁས་པ་དེ་དག་གིས་དངོས་གནས་བློ་གཟུ་བོར་གནས་པའི་ཐོག་ནས་རྣམ་དཔྱོད་ཀྱིས་དཔྱད་པ་གནང་སྟེ། རང་ཉིད་ཀྱི་བླ་མས་མཛད་པ་ཞིག་ཡིན་ནའང་། དེ་ཉིད་རིགས་པ་དང་མི་ལྡན་ཞིང་། གཞུང་གི་དགོངས་པ་དང་མི་མཐུན་པ་ཞིག་ཡིན་ན་མི་འགྲིག་པ་ཞིག་ལ་རྩི་བཞིན་ཡོད། དེ་ནི་ཧ་ཅང་རྩ་ཆེན་པོ་ཞིག་རེད་འདུག །དེ་ནི་རང་ཉིད་ཀྱི་སློབ་དཔོན་ལ་མ་གུས་པ་མིན་པར་གུས་པ་ཆེན་པོའི་ཐོག་ནས་སློབ་དཔོན་གྱིས་དགོངས་གཞི་དགོས་པ་འདི་དང་འདིའི་ཐོག་ནས་མཛད་པ་རེད་ཅེས་གསུང་གིན་ཡོད། དཔེར་ན། མདོ་སྡེ་དགོངས་འགྲེལ་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ན་ཡང་སྒྲ་ཇི་བཞིན་པར་ཁས་མ་བླངས་པར་དྲང་དོན་དུ་བཀྲལ་བ་ནི། བཅོམ་ལྡན་འདས་ལ་མ་གུས་པས་གཏན་ནས་མིན། དེ་རིགས་ཧ་ཅང་གལ་གནད་ཆེ་ཞིང་། རྣམ་དཔྱོད་ཕུལ་དུ་བྱུང་བའི་རྟགས་མཚན་ཧ་ཅང་གསལ་པོ་ཞིག་རེད་འདུག། །།
༡༤༽ སློབ་དཔོན་སེངྒེ་བཟང་པོ།
ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །
མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །
ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །
སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས། །
ཞེས་པ་ནི། སློབ་དཔོན་སེངྒེ་བཟང་པོར་བསྟོད་ཕྱག་གསོལ་འདེབས་བྱས་པ་སྟེ། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ནི། གདན་ས་ཁག་གི་ཕར་ཕྱིན་སློབ་གཉེར་བ་ཕལ་མོ་ཆེས་གཙོ་བོར་ལྟ་བཞིན་ཡོད་ལ། ཕར་ཕྱིན་གྱི་སྐབས་སུ་རྒྱན་སྣང་དང་ཉི་སྣང་གཉིས་ནི་མེད་དུ་མི་རུང་བའི་གཞུང་གཙོ་བོ་ཞིག་ཏུ་བརྩིས་ཏེ་འཆད་ཉན་བྱེད་བཞིན་ཡོད་ལ། འགྲེལ་པ་དོན་གསལ་ལས[18]།
ཤེས་རབ་ཕ་རོལ་ཕྱིན་པ་ལ། །དེའི་རྒྱན་ཚིག་ལེའུར་བྱས་པ་དག །
ཀུན་གྱི་རྒྱན་དུ་འགྱུར་བར་ནི། །རྣམ་པར་དབྱེ་ཕྱིར་གུས་ཕྱག་འཚལ། །
ཞེས་གསུངས་པ་བཞིན་ཡུམ་གསུམ་གའི་རྒྱན་དུ་གྱུར་པ། ཞེས་ཁྱད་ཆོས་དེ་ལྟར་གསུངས་ཡོད་སྟབས། རྒྱན་སྣང་འགྲེལ་པ་དོན་གསལ་བཅས་ཕར་ཕྱིན་ལ་སློབ་གཉེར་བྱེད་མཁན་དག་གིས་གཞུང་འདི་དག་གཙོ་བོར་འཆད་ཉན་བྱེད་བཞིན་པར་མ་ཟད། འགྲེལ་པ་དོན་གསལ་བློ་འཛིན་བྱེད་མཁན་ཡང་མང་པོ་ཞིག་ཡོད།
སྔ་ལོ་བལ་ཡུལ་ཀོ་པན་བཙུན་དགོན་ནས་བཙུན་མ་མང་པོ་ཞིག་མཇལ་བཅར་དུ་སླེབས་ཤིང་། བཙུན་མ་དེ་དག་གིས་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་བཞིན་ཡོད་སྟབས། ངོས་ནས་དབུ་མ་འཇུག་པ་དང་། མངོན་རྟོགས་རྒྱན་བློ་ཐོག་ཏུ་ཡོད་པ་ཇི་ཙམ་ཡོད་མེད་སྐད་ཆ་དྲིས་པར། བཙུན་མ་དེ་དག་ཚང་མས་བློ་འཛིན་བྱས་འདུག །འགྲེལ་པ་དོན་གསལ་བློ་འཛིན་བྱས་པ་ཡོད་མེད་དྲིས་པར། དེ་དག་གི་ཁྲོད་ནས་བཙུན་མ་ཉི་ཤུ་རྩ་ལྔ་ཙམ་གྱིས་བློ་འཛིན་བྱས་པ་ཡིན་ཞེས་རྗོད་ཀྱིན་འདུག །ངོས་རང་འགྲེལ་པ་དོན་གསལ་བློ་འཛིན་བྱེད་མྱོང་མེད་སྟབས། ཁྱེད་རང་ཚོ་ངོས་ལས་ལྷག་པ་རེད་ཅེས་བསྔགས་བརྗོད་བྱས་པ་ཡིན། ངོས་རང་མངོན་རྟོགས་རྒྱན་དང་། དབུ་མ་འཇུག་པ། མཛོད་ཀྱི་རྩ་བ་བཅས་བློ་འཛིན་བྱས་པ་ལས་རྣམ་འགྲེལ་གྱི་རྩ་བ་དང་། འདུལ་བ་མདོ་རྩ་བ་ཐར་ཐོར་ཞིག་ལས་བློ་འཛིན་བྱས་མེད། དེ་ལྟར་འགྲེལ་པ་དོན་གསལ་བློ་འཛིན་བྱས་མེད་སྟབས། བཙུན་མ་རྣམས་ཧ་ཅང་གྱོང་པོ་འདུག་སྙམ་པ་བྱུང་། ཁྱེད་རང་ཚོ་༸རྒྱལ་བ་རིན་པོ་ཆེ་ལས་ལྷག་པ་ཡིན་འདུག་ཅེས་བརྗོད་རྒྱུ་བྱུང་ལ། གྲྭ་ས་ཁག་ཏུའང་འགྲེལ་པ་དོན་གསལ་བློ་ངོར་ཡོད་པ་མང་པོ་ཡོང་གིན་འདུག་ཅིང་། དེ་རིགས་དོ་སྣང་གིས་བློ་འཛིན་སོགས་སློབ་གཉེར་བྱས་པ་ཧ་ཅང་ཡག་པོ་རེད་འདུག།
དེ་ལྟར་ཡུམ་གསུམ་ཀུན་གྱི་རྒྱན་དུ་གྱུར་པ་འགྲེལ་ཆུང་དོན་གསལ་དང༌། འགྲེལ་ཆེན་རྒྱན་སྣང་མཛད་པས་ན། འཕགས་པ་གྲོལ་སྡེ་དང༌། སློབ་དཔོན་སེངྒེ་བཟང་པོ་གཉིས་ཡོངས་གྲགས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད་ཀྱང༌། ཕར་ཕྱིན་ལ་སློབ་གཉེར་བྱེད་མཁན་དག་གིས་སྣང་བ་རྣམ་གཉིས་ཞེས་ཕར་ཕྱིན་གྱི་འགྲེལ་པ་གཙོ་བོ་འདི་གཉིས་ཡིན་པས་ན། སློབ་དཔོན་བཀའ་དྲིན་ཅན་འདི་གཉིས་ཀྱང་ངོས་ནས་སྣོན་མ་བརྒྱབ་སྟེ། ཤེར་ཕྱིན་གྱི་གཞུང་མཆོག་གསལ་བར་མཛད་པ་སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས་སོ་ཞེས་པའོ།། །།
༡༥༽ སློབ་དཔོན་ཡོན་ཏན་འོད།
འདུལ་བ་འབུམ་སྡེའི་དགོངས་དོན་ལེགས་བསྡུས་ནས། །
ཐམས་ཅད་ཡོད་སྨྲའི་ལུགས་བཞིན་སོ་སོ་ཐར། །
མ་ནོར་ལེགས་འདོམས་བརྟན་མཁས་མཆོག་གྱུར་པ། །
ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་པ་ནི། སློབ་དཔོན་ཡོན་ཏན་འོད་ལ་བསྟོད་ཕྱག་བྱས་པ་སྟེ། རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཡོན་ཏན་འོད་ཀྱིས། འདུལ་བ་ལུང་སྡེ་བཞིའི་ནང་དོན་རྣམས་བསྡུས་ནས་དཔྱིས་ཕྱིན་པར་གཏན་ལ་ཕབ་སྟེ་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་ནི་འདུལ་བ་མདོ་རྩ་བ་ཡིན་ལ། ལེགས་སྦྱར་གྱི་སྐད་ལ་ཡོད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་སོར་ཐར་པའི་མདོའི་དོན་དཔྱིས་ཕྱིན་པར་འདོམས་པར་མཛད་པར་མ་ཟད། བརྟན་པའི་ཡོན་ཏན་དང་། མཁས་པའི་ཡོན་ཏན་མཆོག་ཏུ་གྱུར་པ་ཡོན་ཏན་འོད་ཀྱི་ཞབས་ལ་གསོལ་བ་འདེབས་ཞེས་བསྟོད་ཕྱག་བྱས་པ་ཡིན།
སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་སྒྱུར་བ་པོ་ལེགས་པོ་མ་བྱུང་བ་རེད་ཅེས་གསུང་སྲོལ་འདུག །པ་ཚབ་ལོ་ཙཱ་བ་ལྟ་བུ་ཞིག་གིས་བསྒྱུར་ཡོད་ཚེ་འདུལ་བ་མདོ་རྩ་བ་ད་ལྟའི་འདི་ལས་འགྱུར་ལེགས་པ་ཡོང་གི་རེད། ཅེས་མཚན་ཞབས་དངོས་གྲུབ་ཚོགས་གཉིས་ཀྱིས་གསུངས་མྱོང་ཞིང་། དངོས་གྲུབ་ཚོགས་གཉིས་ཀྱིས་འདུལ་བ་མདོ་རྩ་བ་བློ་འཛིན་གནང་བས་ན། འདུལ་བ་མདོ་རྩ་བར། ལ་ལར་ཡིན་ནོ། །ཡོད་དོ་ལྟ་བུ་རིགས་མང་པོ་ཞིག་ཡོད་སྟབས། བློ་འཛིན་བྱ་རྒྱུ་ཧ་ཅང་ཁག་པོ་བྱུང་ཞེས་གསུངས་བྱུང་། དོན་སྙིང་གང་ཞིག་ཡིན་རུང་ང་ཚོས་འཆད་ཉན་བྱེད་བཞིན་པའི་འདུལ་བའི་རྩ་བ་ལྟ་བུ་མཛད་མཁན་ནི་སློབ་དཔོན་ཡོན་ཏན་འོད་ཡིན།
ང་ཚོའི་འདུལ་བའི་ཉམས་ལེན་རྣམས་སློབ་དཔོན་ཡོན་ཏན་འོད་དང་། ཤཱཀྱ་འོད་རྣམ་གཉིས་ཀྱིས་མཛད་པའི་འདུལ་གཞུང་རྣམས་ཀྱི་ཁྲོད་ནས། འདུལ་བ་མདོ་རྩ་བ་ལྟ་བུ་བློར་འཛིན་པ་སོགས་ཀྱི་ཐོག་ནས་དཔེ་ཆ་ལྟ་བ་དང་། ཀུན་མཁྱེན་མཚོ་སྣ་བས་མཛད་པའི་མཚོ་ཊཱིཀ་དང་། ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པས་མཛད་པའི་དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་སོགས་ང་ཚོས་ལྟ་བཞིན་ཡོད། གཞན་ཡང་འདུལ་བ་རྒྱ་ཆེར་འགྲེལ་ལ་སོགས་པ་ནམ་རྒྱུན་ང་ཚོས་འདུལ་བའི་གཞུང་ལ་སློབ་གཉེར་བྱེད་སྐབས་འདུལ་གཞུང་འདི་དག་ལ་འཆད་ཉན་བྱེད་བཞིན་ཡོད། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་དང་དེའི་རང་འགྲེལ་བཅས་མཛད་ནས་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་སོ་ཐར་གྱི་ཚུལ་ཁྲིམས་ཐོག་མར་ཇི་ལྟར་བླང་བའི་ཚུལ་དང་། བར་དུ་ཇི་ལྟར་སྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པའི་ཚུལ་ལ་སོགས་པ་དེ་དག་ཞིབ་ཅིང་ཕྲ་བ་གསུངས་ནས་བཀའ་དྲིན་གྱིས་བསྐྱངས་ཡོད།
ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་ནི། གཙོ་བོ་འཁོར་ལོ་དང་པོའི་སྐབས་སུ་གསུངས་པའི་འདུལ་བའི་ཉམས་ལེན་གྱི་རིགས་ཆ་ཚང་ཡོད་ཅིང་། འདུལ་བ་ལ་བྱེ་བྲག་སྨྲ་བའི་རྩ་བའི་སྡེ་པ་བཞི་ཡོད་པ་ལས། མཁན་ཆེན་ཞི་བ་འཚོས་བོད་དུ་བསྣམས་ཕེབས་པའི་སྡོམ་རྒྱུན་ནི། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་ཡིན་ལ། སློབ་དཔོན་ཡོན་ཏན་འོད་དང་། སློབ་དཔོན་ཤཱཀྱ་འོད་སོགས་ཀྱིས་མཛད་པའི་གཞུང་རྣམས་ལེགས་སྦྱར་ཐོག་མཛད་ནས་བཞུགས་ཡོད་ལ། ང་ཚོའི་སོ་ཐར་གྱི་མདོ་དེ་ཡང་ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་ཡོད། ཐའེ་ལན་ཌི་དང་། འབར་མ། ཤྲཱི་ལངྐ་སོགས་ཀྱི་སོ་ཐར་གྱི་མདོ་རྣམས་པཱ་ལིའི་སྐད་ཡིག་ཐོག་ཡོད། དེ་ལྟར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། གནས་བརྟན་པའི་སྡེ་པ་བཅས་བར་ཅུང་ཟད་མི་འདྲ་བ་དང་། དེ་བཞིན་རྒྱ་ནག་ཏུའང་འདུལ་བའི་སྡོམ་རྒྱུན་འགའ་ཞིག་ཆོས་སྲུང་སྡེ་པ་དང་། མང་བཀུར་བའི་སྡེ་པ་ལྟ་བུ་ཕྲན་བུ་མི་འདྲ་བ་ཡོང་གིན་ཡོད། མདོར་ན། དེ་དག་འཁོར་ལོ་དང་པོའི་དགོངས་འགྲེལ་ཡིན་ལ། དེ་དག་ཆ་ཚང་ང་ཚོ་བོད་ལ་ཡོད། དེ་ལ་ཡང་གནད་འགག་ཅིག་ཡོད།
བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་འདུལ་བའི་སྡོམ་རྒྱུན་དེ་ཉིད་མཁན་ཆེན་ཞི་བ་འཚོ་རང་ཉིད་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སྡོམ་རྒྱུན་བཞེས་པ་ཞིག་ཡིན་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་དེ་ནི། བསྟན་པའི་བདག་པོ་བཅོམ་ལྡན་འདས་དང་། དེ་ནས་ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན། དེ་རྗེས་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ་བཅས་དེ་དག་ནས་བརྒྱུད་དེ་གངས་ཅན་བསྟན་པའི་ཉི་མ་མཁན་ཆེན་ཞི་བ་འཚོས་བཞེས་ཤིང་། མཁན་ཆེན་ཞི་བ་འཚོས་བོད་གངས་ཅན་གྱི་ལྗོངས་སུ་སད་མི་བདུན་ལ་ཐོག་མར་འདུལ་བའི་བསླབ་སྡོམ་གནང་བ་དེ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་སྡོམ་རྒྱུན་ཡིན། ངོས་ནས་རྒྱུན་དུ་ཐེག་པ་ཆེ་ཆུང་དང་། ཐེག་ཆེན་ཐེག་དམན་གྱི་ཐ་སྙད་དེ་དག་མི་དགོས་པ་བྱས་ཏེ་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་ཅེས་གཉིས་སུ་ཕྱེ་ནས་བརྗོད་བཞིན་ཡོད། པཱ་ལིའི་ཆོས་བརྒྱུད་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན།
གོང་ཞུས་ལྟར་སྔར་ཨོ་སི་ཀྲོ་ལི་ཡར་འཛམ་གླིང་ནང་པའི་ཚོགས་ཆེན་ཞིག་འཚོགས་ཤིང་། སྐབས་དེར་འབར་མའི་དགེ་སློང་གཉིས་ཕེབས་འདུག་པས། ཁོང་གཉིས་ཀྱིས་ངོས་རང་དང་ཐུག་དགོས་ཡོད་ཅེས་གསུངས་པ་ལྟར། དེ་ཉིན་མགྲོན་ཁང་ནང་ངོས་ནས་ཆོས་གོས་གྱོན་ཅིང་། ཁོང་གཉིས་དང་མཇལ་ནས་བཀའ་མོལ་འཕྲོས་སྐབས། དགེ་སློང་རྣམ་གཉིས་ནས་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་པ་རེད། འོན་ཀྱང་མི་འདྲ་བ་མང་དུ་ཡོད་ཅེས་གསུངས་པར། ངོས་ནས་ཕྲན་བུ་མི་འདྲ་བ་ཡོད་ཀྱང་། སངས་རྒྱས་བསྟན་པའི་གཞི་མ་འདུལ་བས་འཛིན་དགོས་ཤིང་། འདུལ་བའི་ཆ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། འཕགས་པ་གནས་བརྟན་པའི་སྡེ་པ། ཕལ་ཆེན་པའི་སྡེ་པ། མང་བཀུར་བའི་སྡེ་པ་བཅས་སྡེ་པ་མི་འདྲ་བ་བཞི་ཡོད་པ་ལས། ཁྱེད་རྣམས་འཕགས་པ་གནས་བརྟན་པའི་སྡེ་པ་དང་། ང་ཚོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན། དེ་ལྟར་ཅུང་ཟད་མི་འདྲ་བ་ཙམ་ལས། སོ་ཐར་གྱི་ཉམས་ལེན་བྱ་རྒྱུའི་རིགས་རྣམས་ང་ཚོ་ཚང་མའི་རྨང་གཞི་རེད་ཅེས་ཞུས་པར། དགེ་སློང་ཁོང་གཉིས་ཧང་སངས་པ་ལྟ་བུས་ཁྱེད་རང་ཚོར་འདུལ་བའི་ཉམས་ལེན་ཡོད་དམ་ཞེས་ཟེར། ང་ཚོ་བོད་ལ་འདུལ་བའི་ཉམས་ལེན་མེད་པ་ལྟ་བུ་དང་། དུང་རྒྱ་གཏོང་བ་དང་། གར་འཆམ་འཁྲབ་པ། བགེགས་ཚར་གཅོད་པ་སོགས་འདྲ་མིན་བྱས་ཤིང་། སྔགས་ཀྱི་ཆོ་ག་དར་རྒྱས་ཤུགས་ཆེ་བས་འདུལ་བའི་ཐོག་ལ་ཐུགས་སྣང་དེ་ཙམ་མ་བྱུང་བ་འདྲ་འདུག །ང་ཚོ་ཚང་མ་སྔགས་འཆང་རལ་པ་ཅན་ལྟར་སྡོད་ཀྱིན་ཡོད་པ་ཞིག་བློ་ངོར་འཁོར་ཏེ། བོད་ཀྱི་ཆོས་དེ་གསང་སྔགས་ཀྱི་ཆོས་ཡིན་པས། བླ་མའི་ཆོས་ལུགས་རེད་དགོངས་པ་འདྲ་འདུག །ངོས་ནས་འདུལ་བའི་ཐོག་ལ་ཉམས་ལེན་ཡོད་ཚུལ་ཞུས་པ་ཡིན། དེ་རྗེས་ངོས་ནས་ཅུང་ཟད་ཀྲོག་ཀྲོག་ལྟ་བུས། ཕམ་པ་དང་། ལྷག་མ། སྤང་ལྟུང་སོགས་ཀྱི་འགྲེལ་བཤད་ཅུང་ཟད་ཞུས་པ་ཡིན།
མདོར་ན་པཱ་ལིའི་ཆོས་བརྒྱུད་དང་། ལེགས་སྦྱར་གྱི་ཆོས་བརྒྱུད་གཉིས་ཡོད་པ་ལས། མཁས་པའི་དབང་པོ་དེ་དག་གིས་གཙོ་བོ་ལེགས་སྦྱར་གྱི་ཆོས་བརྒྱུད་གཙོ་བོར་གནང་བ་སྟེ། དཔེར་ན་མགོན་པོ་ཀླུ་སྒྲུབ་ལ་ཆ་མཚོན་ན། ཁོང་གིས་མཛད་པའི་ལེགས་སྦྱར་གྱི་གཞུང་ལུགས་ཧ་ཅང་སྤུས་དག་ཅིང་ཚད་མཐོ་པོ་འདུག་ཅེས་ལེགས་སྦྱར་ལ་མཁས་པ་དག་གིས་གསུང་གིན་འདུག་ལ། ནང་པ་ཡིན་པའི་དབང་གིས་ཀླུ་སྒྲུབ་ཀྱི་ལྟ་གྲུབ་སྦྱངས་པ་མིན་པར། ཀླུ་སྒྲུབ་ཀྱི་ལེགས་སྦྱར་གྱི་རྩོམ་གཤིས་རྣམས་ཧ་ཅང་ཡག་པོ་འདུག་ཅེས་དགའ་མོས་ཆེན་པོ་བྱེད་མཁན་འདུག །དེ་བཞིན་དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེགས་སྦྱར་གྱི་རྩོམ་གཤིས་དེ་ཡང་ཧ་ཅང་ཡག་པོ་འདུག་ཅེས་རྗོད་ཀྱིན་འདུག །དེས་ན་ངོས་ནས་རེ་བ་བྱེད་བཞིན་པ་གཅིག་ནི། རྒྱ་གར་ནང་དུ་རྒྱ་གར་བ་རང་ཉིད་ཀྱི་གནའ་རབས་ཀྱི་ཚད་མའི་གཞུང་དང་། སེམས་ཁམས་རིག་པ། ལྟ་གྲུབ་ཀྱི་རྣམ་གཞག་རྣམས་བསྐྱར་གསོ་ཞིག་བྱ་རྒྱུར་ངོས་ནས་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་བ་དོན་གཉེར་ཅན་དེ་རིགས་ལ་ཚད་མ་སོགས་སློབ་ཁྲིད་བྱ་རྒྱུ་འདི་ལོའི་ནང་འགོ་འཛུགས་བྱེད་ཐུབ་པ་ཞིག་མི་ཡོང་ངམ་སྙམ། དེ་ཡང་ང་རང་ཚོའི་ཁྲོད་ནས་ལེགས་སྦྱར་གྱི་སྐད་ཡིག་ཤེས་མཁན་གྱི་དགེ་རྒན་འགའ་ཞིག་ཝཱ་རཱ་ཎ་སཱི་ནས་ཡོང་བའི་རེ་བ་བྱེད་བཞིན་ཡོད། དེ་དག་འགྲིགས་པ་ཞིག་བྱུང་ན། བསླབ་གཞིའི་གཞུང་དེ་ཉིད་ཀྱང་སྔ་མོའི་ལེགས་སྦྱར་དེ་གའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དང་། དེ་ལྟར་འགྲེལ་བཤད་བྱེད་ཐུབ་མཁན་རྒྱ་གར་བའི་ནང་གཅིག་ཀྱང་མེད། ང་ཚོ་བོད་པས་ཚད་མ་སོགས་ཀྱི་གཞུང་ཆེན་པོ་ཏི་ལྔར་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་སྦྱངས་པ་བྱས་པ་རྣམས་ཀྱིས་འགྲེལ་བཤད་བྱེད་ཐུབ་པ་ཡིན། ངོས་ནས་དེ་ལྟར་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
ཡང་སྔར་ངོས་རང་ཐའེ་ལན་ཌིའི་མཁས་དབང་འགའ་ཞིག་དང་མཇལ་འཕྲད་བྱུང་བར། སྐབས་དེར་ངོས་ནས་ང་ཚོ་ཚང་མ་སྟོན་པའི་རྗེས་འབྲང་གཅིག་གྱུར་རེད། མི་འདྲ་བ་ཅུང་ཟད་རེ་ཡོད་ཅེས་བརྗོད་ཅིང་། དེ་རྗེས་ངོས་ནས་འདུལ་བའི་ཉམས་ལེན་སྐོར་དང་། རྩ་བའི་སྡེ་པ་བཞི་གསུངས་པའི་ནང་ནས་ང་ཚོ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། ཁྱེད་རང་ཚོ་ཐའེ་ལན་ཌི་སོགས་འཕགས་པ་གནས་བརྟན་པའི་སྡེ་པ་ཡིན་པས། སྡེ་པ་མི་འདྲ་བར་གྱུར་ཡོད་པས་ཁྱེད་རང་ཚོའི་པྲ་ཏི་མོ་ཀྵཿསྟེ་སོ་སོར་ཐར་པའི་མདོ་རྣམས་པཱ་ལིའི་སྐད་ཡིག་ཐོག་ཏུ་ཡོད་ཅིང་། ང་ཚོའི་འདུལ་བའི་གཞུང་ལུགས་རྣམས་ལེགས་སྦྱར་གྱི་སྐད་ཡིག་ཐོག་བཞུགས་ཡོད། དེ་ལྟར་ལེགས་སྦྱར་གྱི་སྐད་ཡིག་ཐོག་གི་ང་ཚོའི་སོ་ཐར་མདོའི་དངོས་བཅད་ལྟུང་བ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པ་སྟེ། དེ་དག་ཀྱང་ཕམ་པ་བཞི་དང་། ལྷག་པ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། ཉེས་བྱས་བརྒྱ་དང་བཅུ་གཉིས། སོར་གཤགས་བཞི་བཅས་ཡོད་ཚུལ་ཞུས་པ་ཡིན།
ངོས་ནས་པཱ་ལིའི་མདོའི་ནང་བཞུགས་པའི་དངོས་བཅད་ཀྱི་ལྟུང་བ་དང་། ལེགས་སྦྱར་ནང་བཞུགས་པའི་དངོས་བཅད་ཀྱི་ལྟུང་བ་རྣམས་ཀྱི་ཐད་ལ་ཞིབ་འཇུག་དཔྱད་བསྡུར་ཅུང་ཟད་བྱེད་མྱོང་ཞིང་། གཙོ་ཆེ་བ་རྣམས་གཅིག་མཚུངས་ཡིན། འདུལ་ཁྲིམས་དངོས་གཞི་གསུང་སྐབས་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་ལས། ཁོང་རྣམ་པར་འབའ་ཞིག་པར་གོ་གཉིས་དང་། ཉེས་བྱས་དོན་ལྔ་བཅས་ཀྱི་ཁྱད་པར་ཅུང་ཟད་ཡོད། དེ་རྣམས་ནི་དབྱེ་བསྡུ་མི་འདྲ་བ་ཙམ་ཞིག་ཡིན། དཔེར་ན། པཱ་ལིའི་གཞུང་ནང་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ། །ཞེས་པ་གཅིག་པུས་འཐུས་པ་གནང་ཡོད། ལེགས་སྦྱར་གྱི་གཞུང་ནང་། ཤམ་ཐབས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། འབྲུའི་ཕུང་པོ་ལྟར་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་གོས་བགོ་བ་ལས་གྱུར་པའི་སྡེ་ཚན་གྱི་སྡོམ་ལས[19]
ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་པ་ནི་རྣམ་པ་གསུམ། །
ཞེས་གསུངས་པ་ལྟར། དབྱེ་བསྡུ་ཕྲན་བུ་མི་འདྲ་བ་ཙམ་ལས་འགལ་བ་ཆེ་བ་མི་འདྲ་བ་གང་ཡང་མེད་པར། པཱ་ལིའི་འདུལ་བའི་གཞུང་རྣམས་དང་གཅིག་པ་ཡིན་ཚུལ་ངོ་སྤྲོད་ཞུས་པར། ཁོང་གིས་ཧ་ལས་ལས་ལྟ་བུས། ཁྱེད་རང་ཚོར་འདུལ་བའི་ཉམས་ལེན་ཞིབ་ཚགས་དེ་ལྟར་ཡོད་དམ། ཞེས་གསུང་གིན་འདུག །དེས་ན་ཕྱི་རྒྱལ་བ་བོད་ཀྱི་ལོ་རྒྱུས་འབྲི་མཁན་དེ་རིགས་ཀྱིས་བོད་ཀྱི་ཆོས་དེ་བླ་མའི་ཆོས་ལུགས་རེད། ཅེས་སྡོམ་པ་ཡང་དེ་ཙམ་མེད་པར་ཁྲི་མཐོན་པོའི་ཐོག་ཏུ་བཞུགས་པ་ལྟ་བུའི་ཆོས་ལུགས་ཤིག་ལ་མཐོང་གིན་ཡོད། དེས་ན་འདུལ་བའི་གཞུང་ལུགས་རྣམས་ཧ་ཅང་གལ་གནད་ཆེན་པོར་རེད་འདུག །ང་ཚོས་དེ་སྔ་དེ་རིགས་དང་དེ་ཙམ་འབྲེལ་བ་མ་བྱུང་བར་ལྷག་ཡོད།
མདོར་ན། འདུལ་བའི་ཉམས་ལེན་གཅིག་གྱུར་ཡོད་པ་ཞིག་ཆགས་ཡོད། མི་འདྲ་བ་ནི་འཁོར་ལོ་བར་པའི་ཤེར་ཕྱིན་གྱི་མདོ་རྣམས་ལེགས་སྦྱར་གྱི་ནང་དུ་མ་གཏོགས་མེད། དེས་ན་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་ཤེར་ཕྱིན་གྱི་མདོ་རྣམས་མེད། དེང་སྐབས་གཞི་ནས་ཐུགས་སྣང་གནང་མཁན་ཡོང་བཞིན་འདུག །བདག་མེད་པ་གསུངས་པ་ལས་སྟོང་པ་ཉིད་ཀྱི་དོན་དག་དེ་ཙམ་གསལ་པོ་མེད། བོད་གངས་ཅན་གྱི་ལྗོངས་སུ་དེ་དག་ཆ་ཚང་ཡོད་པ་ཞིག་དང་། དེ་ཡང་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་གུང་བསྒྲིགས་ནས་བལྟས་ན། དངོས་གནས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོད།
ངོས་ལ་ཆ་མཚོན་ན། ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ལ་གང་འཚམ་བལྟས་ཡོད་ལ། ཉིན་རེ་བཞིན་དུ་བསམ་བློ་ཡང་ཤུགས་ཆེར་གཏོང་བཞིན་ཡོད། སྤྱིར་ལྷ་ཡི་རྣལ་འབྱོར་གྱི་རིགས་མང་དུ་འདོན་གྱི་ཡོད་ཀྱང་། ལྟོ་ཆས་ལ་ཆ་མཚོན་ན་རྒྱུན་ལྟོ་ལྟ་བུ་གཙོ་བོ་ནི། སྤྱོད་འཇུག་ཏུ་གསུངས་པའི་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་སྒོམ་པ་དང་། རྩ་བ་ཤེས་རབ་ལས་གསུངས་པའི་སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་གཉིས་གཙོ་བོར་བྱེད་བཞིན་ཡོད། ད་ནི་ལོ་ངོ་བཅུ་ཕྲག་མང་པོ་ཕྱིན་མཚམས་འདིར་ཏན་ཏན་སེམས་ལ་འགུལ་བསྐྱོད་ཐེབས་ཀྱི་འདུག །ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བ་ཉུང་དུ་འགྲོ་བ་དང་། དེའི་དབང་གིས་ཆགས་སྡང་ཧ་ལམ་སྐྱེ་རྒྱུ་མེད་པ་ཆགས་ཀྱི་འདུག །
སྟོང་ཉིད་ལ་དམིགས་པའི་སྒོམ་བྱུང་ངམ། ཞི་གནས་ཀྱི་ཉམས་ལེན་ཅུང་ཟད་བྱུང་ན། ཐེག་ཆེན་སྦྱོར་ལམ་ཐོབ་ཐུབ་པ་ཞིག་མི་ཡོང་ངམ་སྙམ་པའི་རེ་བ་རྒྱག་བཞིན་ཡོད། འདི་དག་ཨུ་ཚུགས་བརྒྱབ་སྟེ་བསམ་བློ་ཡང་ཡང་བཏང་ནས་བྱུང་བ་ཞིག་ཡིན། བསམ་བློ་བཏང་ན་འདི་ལྟར་ཡོང་རྒྱུ་ཞིག་ཡོད། དཔེ་ཆའི་ནང་མང་དུ་ཡོད་ཚུལ་གསུངས་པ་ཙམ་ལ་ཆ་འཇོག་མི་བྱེད་པར། རང་ཉིད་ཀྱིས་ཉམས་ལེན་བྱེད་པ་དང་། བསམ་བློ་བཏང་ན་ཏན་ཏན་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་དང་། སེམས་ལ་ངེས་པ་རྙེད་པ་ཞིག་ཡོང་གི་འདུག །འགོག་བདེན་ཞེས་པ་དེ་ཡང་ཏན་ཏན་ཡོང་བ་འདུག་སྙམ་པ་དྲན་གྱི་འདུག །དེ་བཞིན་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ལམ་སྒོམ་པར་བྱ། འགོག་པ་མངོན་དུ་བྱ། ཞེས་གསུངས་པ་དེ་དག་ཏག་ཏག་འགྲོ་ཐུབ་པ་ཞིག་ཡོད།
དེ་ལྟར་བར་སྐབས་ཤྲཱི་ལངྐའི་མཁས་དབང་དང་ང་ཚོའི་བར་འབྲེལ་བ་ཡོང་བཞིན་ཡོད་ལ། ང་ཚོས་ཐེག་དམན་ཞེས་ཕར་མི་འཇོག་པར། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དང་འདུལ་བའི་ཉམས་ལེན་གྱི་ཐོག་ལ་རིམ་བཞིན་བགྲོ་གླེང་བྱེད་པ་དང་། ཁོང་རྣམ་པའི་སྐད་ཡིག་ཐོག་ཡོད་ཀྱང་བོད་སྐད་དུ་མ་བསྒྱུར་བའི་གཞུང་ལུགས་ཡོད་སྲིད་པས་དེ་རིགས་བསྒྱུར་རྒྱུ་དང་། ཡང་བོད་ཡིག་ཐོག་ཡོད་པའི་འདུལ་གཞུང་ཕར་སྒྲ་སྒྱུར་བྱ་རྒྱུ་ལྟ་བུ་ང་ཚོས་བྱེད་ཐུབ་ན། ཐེག་པ་ཆེ་ཆུང་ཡོངས་རྫོགས་གཅིག་གྱུར་ཞིག་གི་ཐོག་ཏུ་འགྲོ་ཐུབ་པ་ཞིག་ཡོད་པ་ནི། ཚུལ་ཁྲིམས་ཀྱི་བསླབ་པ་དང་། དེ་བཞིན་ཏིང་ངེ་འཛིན་གྱི་བསླབ་པའི་ཐོག་ནས་ཀྱང་འགྲོ་བཞིན་ཡོད། ཤེས་རབ་ཀྱི་བསླབ་པའི་ཐོག་ནས་མངོན་པའི་སྡེ་སྣོད་ལ་ཐུན་མོང་མ་ཡིན་པའི་མངོན་པ་ཞེས་བརྗོད་སྐབས། ཤེར་ཕྱིན་གྱི་གཞུང་ལུགས་རྣམས་ཆགས་ཡོད། དེ་དག་མི་འདྲ་བ་ཆགས་ཡོད་པ་ལས། དེ་མིན་འདུལ་བའི་གཞུང་རྣམས་ང་ཚོ་ཚང་མའི་ཐུན་མོང་གི་རྨང་གཞི་གཅིག་གྱུར་ཞིག་ཆགས་ཡོད། དེས་ན་འདུལ་བའི་གཞུང་ནི་ཐུན་མོང་གི་ཉམས་ལེན་བྱེད་པ་དང་། ཐུན་མོང་ལ་གོ་རྟོགས་སྤེལ་བ་སོགས་འདིའི་ཐོག་ནས་འགྲོ་དགོས་པ་ཡིན། དེ་རིགས་ལ་ང་ཚོས་ལས་འགུལ་མང་ཙམ་སྤེལ་ཐུབ་ན་སྙམ།
མདོར་ན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་ཀྱི་སོ་སོར་ཐར་པ་སྟེ། འདུལ་བའི་གཞུང་ལ་མཚོན་ན། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ་བ་དང་། སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ། ཞེས་བྱ་བ་ལ་སོགས་པ་མང་དུ་མཛད་ནས་བཀའ་དྲིན་གྱིས་བསྐྱངས་ཡོད།། །།
༡༦༽ སློབ་དཔོན་ཤཱཀྱ་འོད།
བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་ལ་དབང་། །
འདུལ་བསྟན་དྲི་མེད་རིང་དུ་སྤེལ་བའི་སླད། །
རྒྱ་ཆེན་གཞུང་དོན་ལེགས་བཀྲལ་འདུལ་འཛིན་མཆོག །
ཤཱཀྱ་འོད་ཀྱི་ཞབས་ལ་གསོལ་བ་འདེབས། །
ཞེས་པའི་ཚིགས་སུ་བཅད་པ་འདིས། མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ལ་གསོལ་འདེབས་པ་སྟེ་བསྟོད་ཕྱག་བྱས་པ་ཡིན། རྒྱན་དྲུག་མཆོག་གཉིས་ལས་མཆོག་གཉིས་ཀྱི་ཡ་གྱལ་སློབ་དཔོན་ཤཱཀྱ་འོད་ཀྱི་གསུང་ལ་མཚོན་ན། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་དང་། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། གཞན་ཡང་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་སུམ་བརྒྱ་པ་སོགས་ཚིགས་བཅད་ཀྱི་ཐོག་ནས་གཞུང་ལུགས་ཧ་ཅང་ཡག་པོ་མཛད་འདུག། །།
༡༧༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
ཐུབ་གསུང་ཟབ་རྒྱས་བཀའ་སྲོལ་མ་ལུས་པ། །
སྐྱེས་བུ་གསུམ་གྱི་ལམ་དུ་འདོམས་མཛད་དེ། །
གངས་ལྗོངས་ཐུབ་བསྟན་སྤེལ་བའི་དྲིན་ཅན་རྗེ། །
ཇོ་བོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །
ཞེས་པས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས་པ་སྟེ། གོང་དུ་བརྗོད་ཟིན་པ་ལྟར། ཇོ་བོ་ཨ་ཏི་ནས་བཟུང་སྟེ་བཀའ་གདམས་གཞུང་པ་བ་དང་། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་གསུམ་བྱུང་ཞིང་། བསྟན་པའི་ཁོག་འབུབས་པའི་དབང་དུ་བྱས་ན་བཀའ་གདམས་གཞུང་པ་བའི་འགྲོ་ལུགས་ལྟར་བྱེད་དགོས་ལ། བཀའ་གདམས་ལམ་རིམ་པས་སྟན་ཐོག་གཅིག་ལ་ལམ་ཡོངས་སུ་རྫོགས་པ་ཉམས་ལེན་བྱེད་ཚུལ་ཞིག་གསུང་གིན་ཡོད། ནམ་རྒྱུན་ང་ཚོས་བློ་ལྡོག་རྣམ་བཞི་དང་། ལམ་འབྲས་གསུང་སྐབས་སྣང་གསུམ་ཞེས་གསུངས་པ་དེ་དག་ལམ་རིམ་གཞིར་བཞག་གིས་གསུངས་པ་ནི་བཀའ་གདམས་ལམ་རིམ་པ་དང་། བཀའ་གདམས་མན་ངག་པའི་འགྲོ་ལུགས་ཡིན། དེའི་རྒྱབ་རྟེན་བཀའ་གདམས་གཞུང་པ་བའི་འགྲོ་ལུགས་དེ་ཧ་ཅང་གལ་གནད་ཆེན་པོ་རེད།
བཀའ་གདམས་གཞུང་པ་བར་བཀའ་གདམས་གཞུང་དྲུག་ཅེས་གསུངས་པ་ལས། གཙོ་བོ་གོང་ཞུས་ལྟར་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་མཛད་པའི་གཞུང་རྣམས་ཚུར་བསྡུས་ནས་ཉམས་ལེན་གྱི་རིམ་པར་བསྒྲིགས་སྐབས་མངོན་རྟོགས་རྒྱན་གྱི་གདམས་ངག་གི་འགྲོ་ལུགས་དེ་ཡིན། དེ་ཡང་རྗེ་བཙུམ་བྱམས་མགོན་གྱིས་མཛད་པའི་མངོན་རྟོགས་རྒྱན་ལས[20]།
སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། །
མ་ཞེན་ཡོངས་སུ་མི་ངལ་དང་། །ལམ་ནི་ཡོངས་སུ་འཛིན་པ་དང་། །
སྤྱན་ལྔ་དང་ནི་མངོན་ཤེས་ཀྱི། །ཡོན་ཏན་དྲུག་དང་མཐོང་ལམ་དང་། །
སྒོམ་ཞེས་བྱ་ལ་གདམས་ངག་ནི། །བཅུ་ཡི་བདག་ཉིད་ཤེས་པར་བྱ། །
ཞེས་གསུངས་པ་ལྟར་དང་། དེ་བཞིན་རིགས་ཀྱི་རྣམ་གཞག་སོགས་ཐོན་ཡོང་གིན་ཡོད། བློ་ལ་ཉམས་མྱོང་ཇི་ལྟར་སྐྱེ་སྟངས་ཀྱི་འགྲོ་ལུགས་རྣམས་ཧ་ཅང་གལ་གནད་ཆེན་པོ་ཡིན།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི། ནཱ་ལེནྡྲའི་མཁས་པའི་གྲས་ཤིག་ཡིན་ཅིང་། ཕྱིས་སུ་བི་ཀྲ་མ་ཤཱི་ལར་ཕེབས་ཡོད། མདོར་ན། ཇོ་བོ་རྗེ་ཡན་ཆད་ཀྱི་མཁས་པའི་དབང་པོ་དེ་དག་ཐམས་ཅད་དཔལ་ནཱ་ལེནྡྲའི་མཁས་པ་ཤ་སྟག་ཡིན། དེ་བཞིན་བོད་གངས་ཅན་ལྗོངས་ཀྱི་བཀའ་བརྒྱུད་པར་ཆ་བཞག་ན། གྲུབ་ཆེན་ནཱ་རོ་པར་ཁུངས་གཏུག་གིན་ཡོད་ལ། ནཱ་རོ་པ་ཡང་དཔལ་ནཱ་ལེནྡྲའི་མཁས་གྲུབ་རེད། དཔལ་ས་སྐྱ་པའི་ལམ་འབྲས་ཀྱི་ཁུངས་གཏུག་ས་གྲུབ་ཆེན་བིར་ཝ་པའམ་དཔལ་ལྡན་ཆོས་སྐྱོང་ཡིན་ལ། ཁོང་ཡང་དཔལ་ནཱ་ལེནྡྲའི་མཁས་གྲུབ་རེད།
སྔ་འགྱུར་རྙིང་མར་མདོ་སྔགས་གཉིས་སུ་ཕྱེ་ན། མདོ་ཕྱོགས་ནས་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པ་དང་། སྔགས་ཕྱོགས་ནས་སློབ་དཔོན་རིན་པོ་ཆེ་ནས་བརྒྱུད་པ་གཉིས་ཡོང་གིན་ཡོད། སློབ་དཔོན་རིན་པོ་ཆེས་དཔལ་ནཱ་ལེནྡྲར་སློབ་གཉེར་གནང་བའི་ལོ་རྒྱུས་གསུང་རྒྱུན་དེ་ཙམ་མི་འདུག་ཀྱང་། མཁན་ཆེན་ཞི་བ་འཚོ་ནི་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་གི་ནོར་བུ་ལྟ་བུ་ཞིག་ཡིན། བོད་གངས་ཅན་ལྗོངས་ཀྱི་བཀའ་གདམས་གསར་རྙིང་གཉིས་ཀ་ཇོ་བོ་རྗེར་ཁུངས་གཏུག་གིན་ཡོད། ཇོ་བོ་རྗེས་ཁུངས་གཏུག་ས་དེ་གོང་གི་མཁས་པའི་དབང་པོ་དེ་དག་གི་གསུང་ལ་བརྟེན་པ་ཤ་སྟག་རེད། དེར་བརྟེན་ཇོ་བོ་རྗེ་ནས་མར་བརྒྱུད་པའི་ཆོས་བརྒྱུད་དེ་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་གཙོ་ཆེ་བ་དེ་དག་དཔལ་ནཱ་ལེནྡྲ་ནས་བརྒྱུད་ཡོང་བ་རེད།
བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོར་ཆ་མཚོན་ནའང་། རྒྱལ་སྲས་ནཱ་ལེནྡྲ་པ་ཞེས་པ་ཞིག་ཡོད། དུས་ཞབས་པ་ཆུང་བའི་སྲས་ནཱ་ལེནྡྲ་པའམ། མཚན་དངོས་བོདྷི་བྷ་ཏྲས་དཔལ་ནཱ་ལེནྡྲའི་གནས་གཞིའི་བདག་པོ་མཛད་པས། མཚན་ལའང་རྒྱལ་སྲས་ནཱ་ལེནྡྲ་པ་ཞེས་མཚན་ཐོགས་ཤིང་། དཔལ་ནཱ་ལེནྡྲ་ནས་བརྒྱུད་ཡོང་བ་ཡིན། དེ་ནས་བཟུང་སྟེ་དུས་ད་ལྟ་བར་དུ་གཞུང་ཆེན་ཞིག་བལྟ་དགོས་བྱུང་ན། བསྟན་འགྱུར་ནང་དུ་བཞུགས་པའི་གཞུང་དེ་དག་བློར་བཟུང་ནས་རྩ་བ་དེ་དག་གཞིར་བཞག་སྟེ་དེ་དག་གི་འགྲེལ་པ་རྣམས་ལ་ལྟ་བཞིན་ཡོད།
ང་ཚོའི་གྲྭ་ས་ཁག་ལ་ཆ་བཞག་ན། རྒན་སྟོང་དཔོན་རིན་པོ་ཆེ་ལྟ་བུས་འབྲས་སྤུངས་ཚོགས་ཆེན་ཐོག་ཁར་བསྟན་འགྱུར་བཞུགས་པ་དེ་གཡར་པོ་གནང་ནས་ཡང་ཡང་གཟིགས་ཀྱིན་ཡོད་ཚུལ་ཡོངས་འཛིན་རིན་པོ་ཆེས་བཀའ་གནང་བྱུང་། དེ་ལྟ་བུའི་དགེ་བཤེས་མཁས་པ་རྣམས་ཀྱིས་བསྟན་འགྱུར་གཟིགས་རྒྱུར་ཧ་ཅང་དམ་དོན་གནང་སྲོལ་ཡོད། ཕྱིས་སུ་དུས་ཚོད་མེད་པ་སོགས་ཀྱི་དབང་ལས་དེ་ལྟར་བྱེད་མཁན་དཀོན་པོ་རེད་འདུག །ཝཱ་རཱ་ཎ་སཱིར་ཆོས་དགེར་ཕེབས་མཁན་ཁ་ཤས་ལ་གསུང་རྒྱུ་འདུག །ཝཱ་རཱ་ཎ་སཱིར་རྒྱ་གཞུང་གཙོ་བོ་བྱས་ནས་བལྟ་སྐབས་བློ་བསྐྱེད་ཆེན་པོ་ཡོང་གིན་འདུག་ཟེར། གང་ལྟར་རྒྱ་གཞུང་ཁག་ལ་ལྟ་ཀློག་བྱ་རྒྱུ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །སྔར་ནས་རེ་སྐུལ་དང་བསམ་འཆར་ཞུས་དང་ཞུ་མུས་ཡིན་ནའང་། ངོས་ནས་རེ་སྐུལ་བྱས་པ་ལྟར་ཡོང་གི་མི་འདུག །
ལྷག་པར་རིགས་གཅིག་རྐང་འཛིན་བྱ་རྒྱུ་གལ་གནད་ཤིན་ཏུ་ཆེན་པོ་ཡིན། དཔེར་ན། དབུ་མ་རིགས་གཅིག་རྐང་འཛིན་དང་། ཕར་ཕྱིན་རིགས་གཅིག་རྐང་འཛིན་ལྟ་བུ་བྱེད་ཐུབ་ན་དབུ་མ་རིགས་གཅིག་རྐང་འཛིན་པ་དེས་དབུ་མ་གཙོ་བོར་བྱས་ནས་ཁྲིད་པ་དང་། དབུ་མ་འཁྲིད་སྐབས་བསྟན་འགྱུར་ནང་དུ་བཞུགས་པའི་དབུ་མའི་གཞུང་དང་། དེ་ནས་བཀའ་འགྱུར་ནང་དུ་བཞུགས་པའི་དབུ་མའི་གཞུང་ལ་གཏུགས་ནས་བཀའ་དང་བསྟན་བཅོས་ཚང་མ་གུང་བསྒྲིགས་ནས་དགེ་རྒན་གྱིས་ཀྱང་བསམ་བློ་བཏང་། སློབ་མ་རྣམས་ལའང་དེ་ལྟར་སློབ་ཁྲིད་བྱ་གལ་ཆེ།
དེ་བཞིན་ཕར་ཕྱིན་རིགས་གཅིག་རྐང་འཛིན་བྱེད་མཁན་དག་གིས་ཡུམ་རྒྱས་འབྲིང་བསྡུས་གསུམ་གཙོ་བོ་ཉི་ཁྲིར་བརྟེན་པ་དང་། སྣང་བ་རྣམ་གཉིས་ལ་སོགས་པ་དེ་དག་ལ་གོམས་འདྲིས་བྱེད་ཐུབ་ན་ལེགས། རྗེ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་དུ་རྒྱ་འགྲེལ་ཉེར་གཅིག་ཅེས་གསུངས་ཡོད་ལ། རྗེ་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་གཟིགས་སྟངས་དེ་བཀའ་འགྱུར་དང་བསྟན་འགྱུར་དེ་དག་ལ་ཡང་ཡང་གཟིགས་ཏེ་བསྡོམས་བརྒྱབ་ནས་གསུངས་ཡོད། ཕར་ཕྱིན་གཟིགས་སྐབས། ཕར་ཕྱིན་གྱི་ལྡེ་མིག་ལྟ་བུ་དེ་ལེགས་བཤད་གསེར་ཕྲེང་ཡིན་ཅིང་། ལེགས་བཤད་གསེར་ཕྲེང་གིས་རྒྱ་འགྲེལ་ཉེར་གཅིག་ལས་གཙོ་ཆེ་བ་དེ་དག་དང་། ཐུན་མོང་མ་ཡིན་པ་དེ་རིགས་ནས་ཚུར་རྡོག་སྒྲུག་བསྐྱོན་ནས་གསུངས་པ་དེས་ལྡེ་མིག་ལྟ་བུ་བྱས་ནས་བསྟན་འགྱུར་ནང་དུ་བཞུགས་པ་དེ་དག་ལྟ་ཐུབ་ན་ཧ་ཅང་ཡག་པོ་ཡོང་བ་དང་། ལྷག་པར་པཎ་གྲུབ་དེ་དག་ལ་སེམས་ཐག་ཀྱང་ཉེ་པོ་ཞིག་ཏུའང་འགྱུར་ངེས་ཡིན། དེ་ལ་བརྟེན་ནས་སྟོན་པ་བཅོམ་ལྡན་འདས་ལ་ཡང་སེམས་ཐག་ཉེ་པོ་ཡོང་གིན་ཡོད།
དེ་མིན་བཀའ་འགྱུར་ཞེས་བརྗོད་སྐབས་ཧ་ཅང་ཐག་རིང་པོ་ཞིག་དང་། བསྟན་འགྱུར་ཞེས་བརྗོད་སྐབས་དེ་ལས་ཅུང་ཟད་ཐག་ཉེ་བ། མདོར་ན། བཀའ་བསྟན་དེ་དག་ཀྱང་ཐག་རིང་པོར་གནས་པ་དང་། ང་རང་ཚོ་བོད་ཀྱི་མཁས་པ་ཚོས་མཛད་པའི་གཞུང་དང་། དེའི་ནང་ནས་རྗེ་རིན་པོ་ཆེའི་གསུང་འབུམ་ནང་དུ་གྲོང་ཆོག་རྒྱུག་བྱེད་ཧ་ལམ་མེད། སྟོབས་པོ་ཆེ་ལ་བརྟེན་པའི་ཆར་འབེབས་རྗེའི་མན་ངག་ཞལ་ཤེས་ལྟ་བུ་ནི་འདོན་མཁན་དེ་ཙམ་ཨེ་ཡོད་སྙམ། དེ་མིན་གྲོང་ཆོག་རྒྱུག་མཁན་ཞིག་ལ་རྗེ་རིན་པོ་ཆེའི་གསུང་འབུམ་པོད་བཅོ་བརྒྱད་ཀྱི་ཐོག་ནས་བྱ་བ་བྱ་རྒྱུ་གང་ཡང་མེད།
སྙན་བརྒྱུད་ཚད་ལྡན་དེ་རིགས་ཡོང་ངེས་ཀྱང་། སྙན་བརྒྱུད་སུ་ལ་ཡོད་མེད་མི་ཤེས། རྗེ་རིན་པོ་ཆེས་རྫོགས་རིམ་རིམ་ལྔ་གསལ་སྒྲོན་ལས། ཡང་སྒོས་སྒྱུ་ལུས་ཀྱི་མན་ངག་རྣམས་མུན་ཁུང་དུ་སྒྲོན་མེ་སྤར་བ་ལྟར་ཤིན་ཏུ་གསལ་བར་མཛད་པར་མ་ཟད། རྩ་བཤད་དང་འཕགས་སྐོར་གྱི་གཞུང་གང་དུའང་མ་འཁོད་པར་བླ་མའི་མན་ངག་ཅེས་རྣ་ཁུང་གཅིག་ནས་གཅིག་ཏུ་བརྒྱུད་པའི་གདམས་པ་ལོགས་སུ་ཡོད་པར་བཟུང་བ་སོགས་གཞུང་ལུགས་གདམས་པར་འཆར་བའི་གོལ་ས་མཐའ་དག་ཀྱང་ལེགས་པར་བཀག་ནས་རྩ་བཤད་ཀྱི་རྒྱུད་རྣམས་གདམས་ངག་ཏུ་འཆར་བ་ནི་དགོས་པའི་གཙོ་བོའོ། །ཞེས་བཀའ་གནང་འདུག །རྗེ་རིན་པོ་ཆེ་ཁོང་རང་གི་གསུང་པོ་ཏི་བཅོ་བརྒྱད་ཀྱི་ནང་དུ་ཡོད་པའི་མདོ་སྔགས་ཀྱི་སྐོར་པོ་ཏི་བཅོ་བརྒྱད་ནང་ཡོད་པ་རྣམས་སྙན་བརྒྱུད་དངོས་རེད། རྫོགས་རིམ་རིམ་ལྔ་གསལ་སྒྲོན་དེ་སྙན་བརྒྱུད་མིན་ན་གང་ཞིག་ཡིན། དེ་མིན་རིམ་ལྔ་གདན་རྫོགས་དང་། ལཱུ་ཨི་པའི་རྫོགས་རིམ་རྣལ་འབྱོར་ཆེན་པོ་བཅས་ནི་སྙན་བརྒྱུད་ངོ་མ་དེ་རེད་འདུག །
ང་རང་ཚོ་བོད་རང་གི་རང་བྱུང་གི་བླ་མ་ཚོའི་གཞུང་གཙོ་ཆེ་བ་དེ་དག་ཕར་ཐག་རིང་དུ་ཕྱིན། ལམ་རིམ་ཆེན་མོའི་ནང་དུ་ལུང་དྲངས་པའི་བཀའ་གདམས་གོང་མའི་གསུང་སྒྲོས་སུ་ཡོད་པ་ལྟར། བེའུ་བུམ་ལག་མཐིལ་ཙམ་པ་རེ་སྟོན་པ་ཙུག་སྤེད་པ་ཙུག་བྱས་པས་གར་ཡང་མི་ཕྱིན། ཅེས་པ་ལྟར་བྱས་ནས་བསྡད་ན་ཕ་ཤུལ་བུ་འཛིན་ཐུབ་རྒྱུ་ཤིན་ཏུ་དཀའ། དེས་ན་བཀའ་བསྟན་གྱི་གཞུང་འདི་དག་བལྟ་རྒྱུ་གལ་གནད་ཧ་ཅང་ཆེན་པོ་རེད་འདུག
ཡང་ང་ཚོས་ཤེས་དགོས་པ་ཞིག་ལ། བོད་སིལ་བུར་ཐོར་ཏེ་བོད་གངས་ཅན་ལྗོངས་ཀྱི་སྔར་གྱི་ནུས་ཤུགས་ཡོངས་སུ་ཉམས་དམས་དང་། བོད་ཀྱི་རྒྱལ་ཕྲན་ཁག་སིལ་བུར་གྱུར་ཏེ་ཆོས་རྒྱལ་གྱི་གདུང་བརྒྱུད་ལ་ལྷ་རྒྱ་རིའི་གདུང་རྒྱུད་དང་། མངའ་རིས་སུ་ཆོས་རྒྱལ་གྱི་གདུང་རྒྱུད་གཅིག་བཅས་ཁག་གཉིས་སུ་གྱེས་པ་ལས། མངའ་རིས་ཆོས་རྒྱལ་ལ་རྒྱལ་ཕྲན་ཆུང་ངུ་ཞིག་ཡོད་པའི་སྐབས་སུ་སྔར་མེས་པོ་དམ་པ་རྣམས་ཀྱིས་བོད་ལ་སངས་རྒྱས་ཀྱི་བསྟན་པ་གསར་དུ་བཙུགས་ཤིང་། རྒྱ་ཆེར་སྤེལ་ཏེ་རྟེན་དང་བརྟེན་པའི་དགོན་གནས་དང་། མཐའ་འདུལ་དང་ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་སོགས་མང་དུ་བཞེངས་པར་མཛད། མངའ་རིས་ཀྱི་ཆོས་རྒྱལ་རྒྱལ་ཕྲན་ཤིན་ཏུ་ཆུང་ངུར་བརྟེན། ཆབ་སྲིད་ཀྱི་ནུས་པ་གང་ཡང་མེད་ཀྱང་སྙིང་སྟོབས་ཁྱད་དུ་འཕགས་པ་ཞིག་བཞེས་ནས་འབད་བརྩོན་དུ་མའི་སྒོ་ནས་དེའི་ཚེ་དེའི་དུས་ཀྱི་རྒྱ་གར་ལ་གྲགས་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན་སྟབས། ཇོ་བོ་རྗེ་བོད་གངས་ཅན་གྱི་ལྗོངས་སུ་གདན་ཞུ་གནང་། ལོ་རྒྱུས་དེ་དག་ལ་བསམ་བློ་བཏང་ན་སེམས་པ་ཧ་ཅང་སྐྱོ་པོ་ཞིག་ཡོང་གིན་འདུག །ཞེ་ས་མ་ཞུས་ན། སྐབས་དེར་བོད་ཁམས་སིལ་བུར་གྱུར་ཏེ་ལུང་པ་རེར་རྒྱལ་ཕྲན་རེ་ལྟ་བུའི་རྒྱལ་ཕྲན་ཆུང་ངུ་ཞིག་གི་ཆོས་རྒྱལ་དེས་ཐུགས་ཁུར་བསྐྱེད་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྒྱ་གར་འཕགས་ཡུལ་ནས་བོད་དུ་གདན་ཞུ་གནང་ཞིང་། བོད་དུ་ཕེབས་རྗེས་ཇོ་བོ་རྗེར་ཆོས་རྒྱལ་གྱིས་བོད་སྤྱི་ལ་ཕན་པའི་ཆོས་ཤིག་གསུངས་རོགས་གནང་ཞེས་ཞུས་པ་ལྟར། ཇོ་བོ་རྗེས་བྱང་ཆུབ་ལམ་སྒྲོན་ལྗགས་རྩོམ་མཛད་པ་ཞིག་ཡིན། ཇོ་བོ་རྗེས་མཛད་པའི་ལམ་སྒྲོན་ནི། གཞུང་མདོར་བསྡུས་ཤིག་ཡིན་ཅིང་། ཇོ་བོའི་གསུང་གི་མཚན་ལའང་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཞེས་བརྗོད་སྲོལ་ཡོད།
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞལ་བཞུགས་པའི་སྐབས་སུ་ཆོས་རྒྱལ་གྱིས་སྐུལ་མ་གནང་སྟེ། སློབ་དཔོན་ཀ་མ་ལ་ཤཱི་ལས་ལྗགས་རྩོམ་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ་དང་། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་སྐུལ་མ་མཛད་པ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ལྗགས་རྩོམ་མཛད་པའི་བྱང་ཆུབ་ལམ་སྒྲོན་གཉིས་བསྡུར་ན། དེའི་ཚེ་དེའི་དུས་ཀྱི་བོད་ཁམས་ཀྱི་ཁོར་ཡུག་གི་གནས་སྟངས་མི་འདྲ་བ་ཡོད་པ་ཧ་ཅང་གསལ་པོ་འདུག །སློབ་དཔོན་ཀ་མ་ལ་ཤཱི་ལས་སྒོམ་རིམ་ཐོག་མཐའ་བར་གསུམ་མཛད་སྐབས་ཕྱོགས་སྔ་ནང་པ་ཡིན་སྟབས་མཁས་པའི་རྣམ་དཔྱོད་ཀྱིས་ལུང་དང་རིགས་པའི་སྒོ་ནས་དགག་བཞག་སྤོང་གསུམ་དང་བཅས་གསུངས་པའི་གཞུང་རྒྱ་ཆེན་པོ་ཞིག་ཡིན།
དེ་ལྟར་ཇོ་བོ་རྗེ་བོད་དུ་ཕེབས་ནས་རྟོག་གེ་འབར་བའི་འཆད་ཉན་མང་དུ་གནང་བ་སོགས་གཞུང་ལུགས་ཆེན་པོ་རྣམས་འཆད་ཉན་གནང་བ་སོགས་ཇོ་བོ་རྗེ་ནི། རྒྱ་གར་གྱི་པཎ་གྲུབ་བཅུ་བདུན་གྱི་གཞུང་རྣམས་ལ་སྦྱངས་པ་མཛད་ཡོད་པ་ཞིག་ཀྱང་རེད་འདུག །ཇོ་བོས་ལམ་སྒྲོན་སོགས་ཀྱི་གཞུང་ཡང་མང་དུ་མཛད་ཅིང་། མངའ་རིས་ཆོས་རྒྱལ་གྱིས་ལམ་སྒྲོན་མཛད་པར་སྐུལ་མ་མཛད་སྐབས་རྩ་བ་བོད་སྤྱི་ལ་དགོངས་པ་ཡིན་ནའང་། མངའ་རིས་རྒྱལ་ཕྲན་ཆུང་བའི་ཁར། བསླབ་པ་སློབ་གཉེར་སོགས་རྒྱ་ཆེན་པོ་ཞིག་ཡོད་བཟོ་མི་སྣང་བས། བོད་སྤྱི་ལ་ཕན་པའི་ཆོས་ཤིག་གསུངས་རོགས་གནང་ཞེས་ཞུས་པས་ན། ཇོ་བོ་རྗེས་ཀྱང་མཇུག་ཏུ་ལྷག་མཐོང་སྐོར་གསུངས་སྐབས་དབུ་མ་རྩ་བ་ཤེས་རབ་སོགས་ཀྱི་འགྲེལ་པ་བསྐྱོན་ཡོད་པ་ལས། སྤྱི་ཡོངས་ནས་མདོར་བསྡུས་སུ་གསུངས་པའི་གཞུང་ཆུང་ངུ་ཞིག་ཡིན། དེ་དག་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད་འདུག། །།
འཕྲོས་བཞི་པར་གཟིགས་པར་འཚལ།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༤༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༣༤
[2] བཀའ་འགྱུར་དཔེ་བསྡུར་མ། ཤེས་རབ་སྣ་ཚོགས། ༼ཀ༽ དེབ་ཨང་ ༣༤ པ། ༢༠༠༩ ལོ། ཤོག་གྲངས་ ༤༠༥
[3] འདུལ་སྡོམ། སེར་སྨད་དཔེ་མཛོད་ཁང་། ༢༠༠༩ ལོ། ཐེ་ཝན་པར་མ། ཤོག་གྲངས་ ༦
[4] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པ། ༢༠༠༨ ལོ། ཤོག་གྲངས་ ༢༠
[5] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༣
[6] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༥༢༣
[7] བཀའ་འགྱུར་དཔེ་བསྡུར་མ། ཤེས་རབ་སྣ་ཚོགས། ༼ཀ༽ དེབ་ཨང་ ༣༤ པ། ༢༠༠༩ ལོ། ཤོག་གྲངས་ ༤༠༣
[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༣
[9] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༠༠
[10] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༡༠༡ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༩༤
[11] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག །གླེགས་བམ་གཉིས་པ། ༢༠༡༢ ལོ། ཤོག་གྲངས་ ༣༩༠
[12] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག །གླེགས་བམ་གཉིས་པ། ༢༠༡༢ ལོ། ཤོག་གྲངས་ ༣༩༠
[13] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ༢༠༠༨ ལོ། ཤོག་གྲངས་ ༤༦༩
[14] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༥༨༦
[15] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༥༨༧
[16] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༥
[17] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༢༠༠༨ ལོ། ཤོག་གྲངས་ ༥༢༩
[18] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ཨང་ ༥༢ པ། ༢༠༠༨ ལོ། ཤོག་གྲངས་ ༢༠༥
[19] བསྟན་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཡུ༽ དེབ་ཨང་ ༩༡ པ། ༢༠༠༨ ལོ། ཤོག་གྲངས་ ༡༥༧
[20] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ པ། ༢༠༠༨ ལོ། ཤོག་གྲངས་ ༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༣ ནས་ ༣༠༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།