ན༽ ལོ་ཙཱ་བའི་དཀའ་སྤྱད་དང་། རྗེས་རབས་པའི་མིག་དཔེ།

ན༽ ལོ་ཙཱ་བའི་དཀའ་སྤྱད་དང་། རྗེས་རབས་པའི་མིག་དཔེ།

 

དེ་ལྟའི་བཀའ་བསྟན་གསུང་རབ་རྣམས་ལས་སླ་བཅོས་བདེའི་ངང་བྱུང་བ་ཞིག་མིན་པར་ལོ་ཙཱ་བ་རྣམས་ཀྱིས་དཀའ་བ་ཁྱད་བསད་དང་། ངལ་བ་དང་ལེན་གྱིས་བསྐྲུན་པ་ཞིག་སྟེ། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པའམ་པདྨ་བཀའ་ཡི་ཐང་ཡིག་ལས[1]། ཐུགས་རྗེ་ལྡན་པའི་ཁྲི་སྲོང་ལྡེའུ་བཙན་གྱིས༔ དམ་ཆོས་ཚོལ་བའི་བདག་པོར་བདག་བསྐོས་ནས༔ གྱོན་པར་དཀའ་བའི་གསེར་གྱི་པ་ཏྲ་གྱོན༔

བགྲོད་པར་དཀའ་བའི་རྒྱ་གར་ཡུལ་དུ་བགྲོད༔ འཛེག་པར་དཀའ་བའི་མཐའ་ལམ་གཟར་མོ་འཛེགས༔ གཤག་པར་དཀའ་བའི་ཁ་བ་བུ་ཡུག་གཤགས༔ སོས་པར་དཀའ་བའི་མཐའ་ནད་མིག་སེར་སོས༔ བཟའ་བར་དཀའ་བའི་མཐའ་ཟས་མང་པོ་ཟོས༔ ཞེས་དང་། ཡང་དེ་ཉིད་ལས[2]། ཡ་རབས་བློ་དང་ལྡན་པའི་སྐལ་ལྡན་ལ༔ སེམས་ཀྱི་ཉི་མ་གསལ་བར་བྱ་བའི་ཕྱིར༔ བསམ་པ་བཟང་པོ་གསེར་དང་འདྲ་བ་ཡིས༔ བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་བར་ལ༔ དཀའ་བ་བཅུ་དྲུག་བསྡོས་ནས་མན་ངག་བཙལ༔ ཞེས་སོགས་བྱུང་བ་ལྟར། ལོ་ཆེན་བཻ་རོའི་རྣམ་ཐར་ལས་དཀའ་བ་མང་དུ་སྤྱད་ཚུལ་གསལ་བ་ལྟར། བསྟན་པ་སྔ་དར་སྐབས་ལོ་ཙཱ་བ་རྣམས་བཙན་པོའི་སྲིད་གཞུང་ནས་འགྲོ་གྲོན་བཏང་སྟེ་གསོ་སྐྱོང་དང་། ཕྱི་རྒྱལ་ཁག་ཏུ་ལོ་ཙཱའི་སློབ་གཉེར་གནང་བར་ཕེབས་པ་ཤ་སྟག་ཡིན་ལ། བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་རྣམས་ཀྱི་ནང་ནས་སྟོད་མངའ་རིས་ཀྱི་ལྷ་བླ་མ་ནས་སྔ་རྗེས་སུ་མི་གྲངས་ཉི་ཤུ་རྩ་དྲུག་(རྩ་གཅིག)མངགས་པ་ཕུད། དེ་རྗེས་སོ་སོ་སྒེར་གྱིས་གསེར་མང་པོ་བཙལ་ནས་འགྲོ་གྲོན་བཏང་སྟེ་ཕེབས་པ་ཤ་སྟག་ཡིན་ཅིང་། (ཆ་སྙོམས་དགུང་ལོ་ ༡༥ ནས་ ༡༧ བར།) སྐབས་དེར་རྒྱ་གར་དཀྱིལ་རྒྱུད་དུ་རྒྱལ་ཁབ་མང་པོ་ཁ་འཐོར་ཏེ་གནས་པ་དང་། ཕྱི་ནས་ཏ་ཟིག་ཨ་རབ་ཀྱི་དམག་གིས་རྒྱ་གར་ནུབ་བྱང་ཧིན་དྷུ་ཆུ་བོའི་རྒྱུད་དུ་བཙན་འཛུལ་ཡང་ཡང་ཡོད་པ་བཅས་ཡིན་ཀྱང་། རྒྱ་གར་དཀྱིལ་རྒྱུད་དང་། ཤར་ཕྱོགས། ལྷོ་ཕྱོགས་བཅས་བཙན་བཟུང་བྱེད་ཐུབ་མེད་ཀྱང་ཉེན་ཁ་ཆེ་བའི་སྐབས་ཡིན་པས། བོད་དང་བལ་ཡུལ། བལ་ཡུལ་དང་རྒྱ་གར་བཅས་ཀྱི་ལམ་བར་འགྲིམ་འགྲུལ་གནད་ཆེ་སར་འཕྲང་སྲུང་བ་དང་། ཇག་པ་དང་། རྐུན་མ། གནས་ཚང་གཡར་ཏེ་ལྐོག་གསོད་གཏོང་མཁན་སོགས་མང་ཞིང་། གསང་ལམ་ནས་ཕྱིན་ན་གཅན་གཟན་དང་། དུག་སྦྲུལ། དུག་ཆུ་སོགས་ལ་རང་སྲོག་བློས་བཏང་བྱས་ནས་འགྲོ་དགོས་པ། ལ་མང་པོ་རྒྱག་དགོས་པ། ཆུ་མེད་པའི་མྱ་ངམ་གྱི་ཐང་དང་། བྲག་གཡང་གཟར་ཐོག་སོ་མང་པོ་མཐོང་བ་ཙམ་གྱིས་མགོ་ཡུ་འཁོར་བ་སོགས་ཀྱི་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་ཕེབས་ཤིང་། ལོ་ཙཱ་བ་ཁོང་རྣམས་རྒྱ་གར་དུ་ཕེབས་དུས་འཕྲལ་སྐད་སྦྱངས་ཏེ་བལ་ཡུལ་དུ་ཚ་བ་གོམས་ཆེད་ལོ་གསུམ་ཙམ་བཞུགས། དེ་ནས་རྒྱ་གར་དུ་ཕེབས་དགོས་ལ། རྒྱ་གར་དུ་བཞུགས་ཡུན་རིང་བ་རྣམས་ལོ་ཉི་ཤུ་ལྷག་ཙམ་དང་། ཐུང་ཤོས་ལོ་བཅུ་དྲུག་བཞུགས་ཡོད། དེའི་རིང་འགྲོ་གྲོན་རྫོགས་ན་བོད་དུ་ཚུར་འཁོར་ཞག་ལ་ཕེབས་ཏེ་སྤུན་མཆེད་རྣམས་ཀྱི་ས་ནས་གསེར་བསྒྲུབས་ཏེ་སླར་ཡང་ཕེབས་ཀྱི་ཡོད།

མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) གི་གསུང་ཐོར་བུ་ལས[3]། སྔགས་རྙིང་མ་འདི་དང་པོ་ཆོས་རྒྱལ་དམ་པ་རྣམས་ཀྱིས་བཻ་རོ་ཙ་ན་དང་། རྨ་གཉགས་གཉིས་དགེ་སློང་ལྔ་ལ་སོགས་པའི་ཚད་མའི་སྐྱེས་བུར་གྱུར་པ་ལོ་ཙྪ་བ་རྣམས་ལ་གསེར་བྲེས་བཤར་ལ་ཡོན་དུ་བསྐུར་ནས། རྒྱ་གར་དུ་བརྫངས་ཏེ། རྫོགས་པ་ཆེན་པོ་ལ་སོགས་པའི་གསང་སྔགས་བླ་ན་མེད་པའི་ཆོས་རྣམས་པཎྜི་ཏ་དང་། གྲུབ་པ་བརྙེས་པ་རྩོད་མེད་དུ་གྲགས་པ་རྣམས་ལ་ཞུས་ཤིང་བསྒྱུར། གཞན་ཡང་པདྨ་འབྱུང་གནས་དང་། བཱི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་ལ་སོགས་པའང་བོད་དུ་སྤྱན་དྲངས་ནས་དེ་དག་གིས་ཀྱང་གསུངས་པའི་ཆོས། ཐེག་པ་བླ་ན་མེད་པའི་ཆོས་ཟབ་སྐྱོན་དང་བྲལ་བ་ཡིན་ཏེ། འདིའི་ཚུལ་ཉམས་སུ་བླངས་པས་གྲོལ་བ་དང་། གྲུབ་པ་བརྙེས་པ་དཔག་ཏུ་མེད་པ་བྱུང་བ་ཚད་མས་གྲུབ་བོ། །ཞེས་གསུངས་པ་ལྟར་འདི་ཡང་ལོ་པཎ་རྣམས་ཀྱི་བཀའ་དྲིན་ཉག་ཅིག་ལས་མ་འདས་སོ།།

བཀའ་བསྟན་བོད་དུ་འགྱུར་བའི་བྱ་བའི་རིམ་པ་དང་། རླབས་པོ་ཆེའི་བྱ་བ་དེར་ཞུགས་པའི་མཁས་གྲུབ་ལོ་པཎ་གང་དང་གང་བྱོན་པ་སོགས་ཀྱི་སྐོར་ནི། ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ལས[4]། བོད་ལ་བཀའ་ཐོག་མར་བསྒྱུར་བའི་བདག་རྐྱེན་ཐོག་མར་གྱུར་པ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད་ཡིན་ལ། ལོ་ཙཱ་བའི་ཐོག་མ་ནི་ཐུ་མི་སམ་བྷོ་ཊ་ཡིན། བོད་ལ་སངས་རྒྱས་ཆོས་ལུགས་དབུ་བརྙེས་པའི་དུས་ནི་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ཡིན་པ་དེ་ཡང་མདོ་སྡེ་ཟ་མ་ཏོག་དང་། དཔང་སྐོང་ཕྱག་བརྒྱ་པ་སོགས་བོད་ལ་ཐོག་མར་བྱུང་ཡོད་ཀྱང་དེ་དག་ནི་ཐུ་མིའི་སྐབས་གཞི་ནས་བསྒྱུར་བ་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་པཎྜི་ཏ་སློབ་དཔོན་ཀུ་ས་ར་ནས་བུདྡྷ་གུ་ཏའི་བར་རིམ་པར་བྱོན་པ་པཎྜི་ཏ་ ༧༧ བྱུང་ཡོད་ཅིང་། ལོ་ཙཱ་བ་ཐོག་མ་ཐུ་མི་སམྦྷོ་ཊ་ནས་ཇོ་ནང་ཏཱ་ར་ནཱ་ཐ་ཕན་རིམ་པར་བྱོན་པ་ ༢༡༥ བྱུང་ཡོད་པར་མ་ཟད། དེ་རྗེས་ལོ་ཙཱ་བའི་མཚན་ཐོགས་པ་ཡང་མི་ཉུང་ཙམ་བྱོན་པའི་ལོ་པཎ་དེ་རྣམས་ཀྱིས་བོད་ཀྱི་རིག་གནས་གོང་འཕེལ་གཏོང་བའི་ཆེད་དུ་དཀའ་བ་དུ་མ་དང་དུ་བཞེས་ཡོད། དཔེར་ན། དེང་དུས་མཁས་པས་ཞིབ་རྩིས་གནང་བར་གཞིགས་ན། བསྟན་པ་ཕྱི་དར་སྐབས་ལོ་ཙཱ་བ་ ༡༥༠ བརྒལ་སྐོར་ཡོད་པའི་ནང་ནས་རྒྱ་གར་དང་། བལ་ཡུལ། ཀསྨིར་བཅས་ཀྱི་ཁུལ་དུ་སློབ་སྦྱོང་ལ་ཕེབས་མཁན་ལོ་ཙཱ་བ་ཚོས་དམའ་མཐར་སློབ་གཉེར་ལ་ལོ་བདུན་བཞུགས་པ་དང་། འགའ་ཞིག་གིས་ལོ་ཉི་ཤུ་ཙམ་བཞུགས་མྱོང་བ་དེ་ཚོ་ཚང་མས་སློབ་ཡོན་དང་འགྲོ་སོང་བཅས་སུ་ལོ་རེ་འགྲོ་སོང་གསེར་སྲང་བརྒྱད་ཅུ་ཙམ་བཏང་བར་ཆ་བཞག་ན་ཁོང་ཚོ་ཡུལ་གྲུ་དེ་ཚོར་བཞུགས་ཡུན་ལོ་དགུར་རྩིས་ན་གསེར་སྲང་ ༡༡༩༠༠༠ བརྒལ་བ་སོང་ཡོད་པ་དེ་ནི་གྲངས་འབོར་ཆུང་ཆུང་ཞིག་མིན། ད་དུང་ལོ་ཙཱ་བ་རིག་གནས་དོན་གཉེར་ལ་ཕེབས་ཏེ་ས་ཆུ་མ་འཕྲོད་པས། རྒྱ་གར་སོགས་སུ་འདས་གྲོངས་ཀྱིས་བོད་དུ་ཕྱིར་ཕེབས་མ་ཐུབ་པ་ཡང་ཇི་སྙེད་བྱུང་ཡོད། གནས་ཚུལ་འདི་ཚོའི་ཐོག་ནས་བོད་ཡིག་དཔེ་རྙིང་ནང་བཞུགས་པའི་འགྱུར་མ་རྣམས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དེ་མཚོན་ལ། བོད་རིགས་ནི་རིག་པའི་གནས་དོན་དུ་གཉེར་བར་བློས་གཏོང་ཆེན་པོ་བྱེད་ཐུབ་པའི་སྙིང་སྟོབས་ལྡན་ལ། སེམས་ཆུང་གིས་མི་རིགས་གཞན་གྱི་རིག་གནས་ལ་སློབ་སྦྱོང་ཡང་དག་པ་བྱས་ཏེ་རང་རིགས་ཀྱི་ཤེས་རིག་འཕེལ་རྒྱས་གཏོང་བའི་ཆོད་སེམས་བླ་ན་མེད་པ་དེ་ཡང་མཚོན་པ་ཡིན། ཞེས་གསུངས་པ་ནི་ཅིས་མི་བདེན།

(ཤོང་སྟོན་རྡོ་རྗེ་རྒྱལ་མཚན།)

བསྟན་པ་ཕྱི་དར་སྐབས་ལོ་ཆེན་རིན་ཆེན་བཟང་པོ་ནས་ཤོང་ལོ་རྡོ་རྗེ་རྒྱལ་མཚན་བར་ལོ་ཙཱ་བ་ ༡༥༦ བྱོན་པ་དེ་དག་གི་ནང་ནས་ཉུང་ཤས་ཤིག་བོད་ས་རང་དུ་སློབ་སྦྱོང་མཛད་ནས་ལོ་ཙཱ་བ་མཁས་པར་གྱུར་པ་ཕུད། མང་ཆེ་བ་ནི་རྒྱ་གར་དང་། བལ་ཡུལ། ཁ་ཆེ། ལི་ཡུལ། རྒྱ་ནག་བཅས་སུ་ཁུར་པོ་སྒལ་པར་བསྣམས་ནས་རྐང་ཐང་མར་ཕེབས་ཏེ་ལམ་དུ་དུག་སྦྲུལ་དང་། གཅན་གཟན། ཆུ་བོ། གཡང་གཟར། ཆོམ་རྐུན། ཚ་བ། བཀྲེས་ལྟོགས་བཅས་སྲོག་ལ་ཐུག་པའི་དཀའ་ངལ་མང་པོ་རང་ཉིད་ཀྱི་ལུས་ཐོག་ཏུ་མྱོང་དགོས་པ་ལས། དེང་སང་ལྟ་བུའི་འགྲིམ་འགྲུལ་བདེ་པོ་དང་། འཚོ་བའི་འགྲོ་གྲོན་སྲིད་གཞུང་གི་རོགས་རམ་སོགས་གང་ཅིའི་ཐད་ཆ་རྐྱེན་གཏན་ནས་མེད་པའི་གནས་ཚུལ་འོག་ལོ་བཅུ་དང་ཉི་ཤུ་ལྷག་ཙམ་རིང་། དཀའ་སྤྱད་འབད་བརྩོན་གྱིས་སློབ་གཉེར་མཐར་སོན་པ་གནང་ནས་བོད་དུ་ཕེབས་ཏེ་དེང་སྐབས་འཛམ་གླིང་ཐོག་སྙན་གྲགས་ལྡན་པའི་རིག་གནས་ཀྱི་ཤུལ་རྒྱུན་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཞིག་རང་ཅག་ཕྱི་རབས་ཀྱི་མི་རྣམས་ལ་འཇོག་གནང་མཛད་པའི་བཀའ་དྲིན་ནི་སུས་ཀྱང་གཞལ་བར་དཀའ་བ་ཡིན[5]། ཞེས་གསུངས་པ་ལྟར་རོ།།

དེ་བཞིན་སྒོ་ཤེས་རབ་རྒྱ་མཚོས་བརྩམས་པའི་ཧི་མ་ལ་ཡའི་ཕར་ཚུར་གྱི་ནང་ཚན་ཕར་འགྲོ་མང་ཡང་ཚུར་སླེབས་ཉུང་ཞེས་པ་ལས[6]། སྤྱིར་བོད་མི་རྒྱ་གར་ལ་སློབ་སྦྱོང་དུ་སོང་བ་ཧ་ཅང་མང་ཡང་། ཕལ་མོ་ཆེ་ནི་ཚད་པས་གཤེགས་པ་སོགས་བར་ཆད་ཀྱི་དབང་དུ་སོང་ནས་གྲུབ་འབྲས་ལེན་རྒྱུའི་སྐལ་བ་བྱུང་མེད། གྲུབ་འབྲས་ལོན་པ་རེ་ཟུང་ཞིག་ལོ་རྒྱུས་ཀྱི་ནང་མཐོང་རྒྱུ་ཡོད་པར་གྱུར་པ་རེད།

དཔེར་ན། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ་སོགས་བྱིས་པ་བློ་རྣོ་བ་ཉི་ཤུ་རྩ་གཅིག་རྒྱ་གར་ལ་བཏང་བ་ཡིན་ཏེ། སྐྱེས་མཆོག་རིན་ཆེན་བཟང་པོའི་རྣམ་ཐར་ངོ་མཚར་བ་དང་། ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་དཀའ་སྤྱད་སྒྲོན་མ་ཞེས་པ་བཅས་ཀྱི་ནང་དུ་ལོ་ཆེན་ཐོག་མར་རྒྱ་གར་དུ་ཕེབས་དུས་རང་ངོས་ནས་ཕེབས་པ་ལས། ལྷ་བླ་མས་བཏང་ཞེས་མི་གསལ་ཡང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ཡིག་ཆ་གལ་ཆེན་ཁག་ཏུ་དེ་ལྟར་བྱུང་། བལ་པོའི་ལོ་ཙཱ་བ་རྨེ་རུ་རྩེས་སྨྲི་ཏི་ཛྙཱ་ན་ཀིརྟི་གདན་འདྲེན་རྒྱུ་སོགས་ལེགས་གྲུབ་མ་བྱུང་བའམ། རྒྱལ་པོ་ཁོང་གི་མདུན་སར་ཡོང་རྒྱུ་མེད་པར་གྱུར་པས། བོད་རང་གི་བྱིས་པ་བློ་རྣོ་བ་ཉི་ཤུ་རྩ་གཅིག་སློབ་སྦྱོང་ལ་བཏང་བ་རེད།

ཚལ་པའི་དེབ་དམར་དུ་ཉི་ཤུ་རྩ་བདུན་བཏང་བར་གསུངས་ཀྱང་། དེ་ཕལ་ཆེར་མ་དག་པ་འདྲ་སྟེ། ལོ་རྒྱུས་གཞན་ཕལ་མོ་ཆེའི་ནང་ཉི་ཤུ་རྩ་གཅིག་ཡིན་པར་བཤད་འདུག །བྱིས་པ་ཉི་ཤུ་རྩ་གཅིག་པོ་ནི་རང་རང་གི་ཕ་མ་སོགས་ཁྱིམ་མི་ལའང་གྲོས་བསྡུར་བྱས་ཏེ། རྒྱ་གར་དུ་ཤི་ནས་ཕྱིར་ལོག་མེད་པར་གྱུར་ཀྱང་། ཁ་མཆུ་མེད་པའི་ཁ་དན་བཞག་ནས་གསེར་མང་པོ་རིན་དུ་ཕུལ་ཏེ་ཉོས་པ་རེད།

བྱིས་པ་དེ་དག་ནི་བྱིས་པ་གཞན་མང་པོའི་གྲས་ནས་བློ་རྣོ་མི་རྣོ་བསྡུར་ཏེ་བདམས་པ་ཡིན་པར་མ་ཟད། ཁོང་ཅག་ལ་དགོས་ངེས་ཀྱི་སྦྱོང་བརྡར་ཡང་སྤྲད་ནས་རྒྱ་གར་དུ་བཏང་བ་རེད། སྟབས་མ་ལེགས་པ་ཞིག་ལ། ཉི་ཤུ་རྩ་གཅིག་པོའི་ནང་ནས་བཅུ་དགུ་ཚད་པས་གྲོངས་པར་བཤད་འདུག །དེ་དུས་རྒྱ་གར་དུ་འཕྲོད་བསྟེན་གྱི་མཐུན་རྐྱེན་སྐྱོ་པོ་ཡིན་པའི་སྒང་ལ། བོད་ཀྱི་ཡུལ་འཁྱག་ས་མངའ་རིས་ཀྱི་མི་རྣམས་ཚ་བ་ཆེ་བའི་ཡུལ་དུ་སྤེབས་དུས། ནད་ཀྱིས་མནར་ཏེ་ཁོ་ཚོའི་གྲས་ནས་བཅུ་དགུ་གཤེགས་པས། ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ཁོ་ན་ཕྱིར་འཁོར་ཐུབ་པ་བྱུང་ཡོད།

ཉི་ཤུ་རྩ་གཅིག་ནང་ནས་གཉིས་གསོན་པ་དེ་གཉིས་ཀས་ནི། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྐྱར་དར་སླད་རྒྱ་གར་གྱི་རིག་གནས་ནང་འདྲེན་ཐད་བྱས་རྗེས་ཁྱད་པར་ཅན་བཞག་ཡོད། དེ་ལྟར་ཉི་ཤུ་རྩ་གཅིག་གི་ནང་ནས་གཉིས་ཙམ་ལས་མ་ལྷག་པའི་གྲངས་ཚད་ལ་བལྟས་ན། བོད་མི་མང་པོ་རྒྱ་གར་ལ་ཕྱིན་ཀྱང་མང་ཆེ་བ་ཚད་པས་གྲོངས་པ་དང་། ལམ་བར་དུ་ཆོམ་རྐུན་གྱིས་བསད་པ་སོགས་བར་ཆད་ཀྱི་དབང་དུ་གྱུར་པས། སློབ་གཉེར་མཐར་ཕྱིན་ཏེ་ཕྱིར་ལོག་མཁན་ནི་ཉུང་ངུ་ལས་བྱུང་མེད་པར་མཐོང་། ལ་ལར་དེ་འདྲའི་བར་ཆད་མ་བྱུང་ཡང་། ཡོན་ཏན་ཡག་པོ་མ་འབྱོར་བར་ཕྱིར་ལོག་པའང་ཡོད་དེ། རྒྱ་གར་དུ་གང་སོང་ཐམས་ཅད་ལོ་ཙཱ་བ་དང་མཁས་པར་གྱུར་པ་དེ་འདྲ་ག་ལ་ཡིན། དཔེར་ན། འབྲོག་མི་ལོ་ཙཱ་བ་དང་། སྟག་ལོ་གཞོན་ནུ་བརྩོན་འགྲུས་[7]གཉིས་རྒྱ་གར་ལ་བཏང་བ་ལྟ་བུ་རེད། དེ་ཇི་ལྟར་ཞེ་ན། བསྟན་པའི་མེ་རོ་སྨད་ནས་གསོ་མཁན་ཐོག་མ་རྣམས་ཏེ། བླ་ཆེན་པོའི་དྲུང་དུ་དབུས་ཀྱི་མཁས་པ་ལྔ་དང་། གཙང་གི་མཁས་པ་ལྔ་བྱོན་པར་གྲགས་པའི་ནང་ན་གཙང་གི་མཁས་པ་ལོ་སྟོན་རྡོ་རྗེ་དབང་ཕྱུག་ཅེས་པ་ཞིག་ཡོད། སྐབས་དེར་ཁྲི་བཀྲ་ཤིས་བརྩེགས་ཀྱི་བརྒྱུད་པ་རྣམས་དབུས་གཙང་གི་ཕྱོགས་སུ་དུམ་བུར་ཆད་དེ་རྒྱལ་ཕྲན་ནམ་དཔོན་འགོ་ཆུང་ཆུང་རེ་བཟུང་ནས་གནས་ཡོད་ཚོད་འདུག་པས། དེའི་གྲས་ཀྱི་དཔོན་པོ་ཞིག་གིས། ལོ་སྟོན་རྡོ་རྗེ་དབང་ཕྱུག་ལ་ངས་ཆོས་སྡེ་ཞིག་འཛུགས་དགོས་པས་ཁྱེད་ཀྱི་སློབ་མ་ཞིག་མངགས་རོགས་ཞུས་པས། མཁན་པོ་ཤཱཀྱ་གཞོན་ནུ་དཔལ་དང་། ཇོ་བོ་སེ་བཙུན་གཉིས་བཏང་།

དགོན་པ་དེ་བཞེངས་གྲུབ་པ་ན། ད་ནི་མི་གཉིས་རྒྱ་གར་དུ་ལོ་ཙཱ་དང་རིག་པ་སློབ་ཏུ་མངག་དགོས་ཟེར་ནས། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་དང་། སྟག་ལོ་གཞོན་ནུ་བརྩོན་འགྲུས་འགྲོ་སོང་བཏང་ནས་མངགས། འབྲོག་མི་ལོ་ཙཱ་བ་གྲགས་ཆེ་བས་ཁྱེད་རྣམ་པས་ཕལ་ཆེར་ཤེས་སྲིད། ཁོང་རྣམ་གཉིས་ལ་དགོན་པའི་གྲྭ་པ་ཚོས་རེ་བ་ཆེན་པོ་བཅངས་ནས་མངགས་ཤིང་། ཡུལ་དེའི་དཔོན་པོས་ཀྱང་རྒྱབ་སྐྱོར་བྱས།

ཁོང་གཉིས་ལམ་ལ་ཆས་ཁར། དགོན་པ་དེའི་མཁན་སློབ་གཉིས་ཀྱིས་སེམས་ལ་འཛིན་རྒྱུའི་ཚིག་འགའ་གསུངས་པ་ནི། ཁྱོད་གཉིས་རྒྱ་གར་དུ་ཕྱིན་ནས་སློབ་སྦྱོང་བྱས་ཚེ། བསྟན་པའི་གཞི་མ་འདུལ་བ་ཡིན་པས་དེ་ལ་སློབས། བསྟན་པའི་སྙིང་པོ་ཕར་ཕྱིན་ཡིན་པས་དེ་ལ་སློབས། བསྟན་པའི་ཉིང་ཁུ་གསང་སྔགས་ཡིན་པས་དེ་ལ་སློབས་ཞེས་གསུངས་པ་རེད། དེང་སང་ང་ཚོས་འདང་བརྒྱབ་རུང་། གསུང་དེ་དག་ནི་དགོན་སྡེའི་བྱ་གཞག་གི་གནད་ཟིན་པའི་སྐད་ཆ་རིན་ཐང་ཅན་དུ་མཐོང་།

རིམ་གྱིས་ཁོང་རྣམ་གཉིས་རྡོ་རྗེ་གདན་དུ་འབྱོར་ཚེ། སྟག་ལོ་གཞོན་ནུ་བརྩོན་འགྲུས་ནི་དངོས་གནས་དད་པ་སྐྱེས་པས་ཡིན་ནམ། སློབ་སྦྱོང་གནང་མ་འདོད་པས་ཡིན་མིན་མི་ཤེས་ཀྱང་། རྡོ་རྗེ་གདན་ལ་སྐོར་བ་ཤ་སྟག་གནང་ནས་ལོ་མང་པོའི་རིང་སྒྲིབ་སྦྱོང་ལ་བརྩོན་པས་སློབ་གཉེར་བྱེད་མ་ཐུབ། འབྲོག་མིས་ནི་སློབ་སྦྱོང་ཡག་པོ་གནང་བ་རེད། སྐབས་དེར་མཁས་པ་སྒོ་དྲུག་བཞུགས་པའི་སྐབས་རེད། ཞེས་དང་། འབྲོག་མི་ཤཱཀྱ་ཡེ་ཤེས་ཀྱིས་ནི། དེ་དག་གི་ནང་ནས་གཙོ་བོ་ཤནྟི་པ་དགེ་རྒན་དུ་བསྟེན་པ་རེད། གང་ལྟར་འབྲོག་མིས་རྒྱ་གར་དུ་སློབ་སྦྱོང་ཡག་པོ་གནང་ཚར་རྗེས། ཁོང་རྣམ་གཉིས་ཕྱིར་བྱོན་དུས། དགོན་པས་སེར་སྦྲེངས་གནང་སྟེ་སྣེ་ལེན་གང་རྒྱས་མཛད་ཡོད། སྐབས་དེར་མཁས་པར་མཐོང་ཆེན་བྱེད་པ་རེད། དེ་ནས་ཁོང་ཅག་མཉམ་དུ་ལོ་ཙཱ་བ་གཉིས་རྒྱ་གར་དུ་ཕྱིན་རྗེས་སློབ་གཉེར་ཇི་ལྟར་གནང་ཚུལ་སོགས་གསུང་གླེང་མཛད།

དེ་ནས་མཁན་པོ་དང་སློབ་དཔོན་གྱིས། སྟག་ལོ་ལ་འབྲོག་མི་མཁས་པ་འདི་འདྲ་ཆགས་འདུག་ནའང་། ཁྱོད་ཀྱིས་ནི་ཤེས་རབ་སྙིང་པོ་རྒྱ་སྐད་ཀྱིས་འདོན་ཐུབ་ཙམ་མ་གཏོགས་ཅི་ཡང་མི་ཤེས་པར་འདུག་པས། ཁྱོད་ཀྱིས་ཅི་ཞིག་བྱས་ནས་བསྡད་པ་ཡིན་ཞེས་དྲིས། དེ་ལ་སྟག་ལོས། ང་རྒྱ་གར་དུ་སླེབས་དུས་རྡོ་རྗེ་གདན་ལ་དད་པ་ཤུགས་དྲག་སྐྱེས་པས་ཕྱག་སྐོར་ཤ་སྟག་ལ་བརྩོན་པ་ཡིན་ལགས་གསུངས་པ་རེད།

དེ་ལྟ་ན། ཉིན་འདི་དག་ལ་ངའི་བཤད་སྟངས་ཤིག་གིས། ཁྱེད་ཚོའི་ཐུགས་ལ་སྔར་བོད་མི་རྒྱ་གར་ལ་སློབ་གཉེར་དུ་སོང་བ་ཐམས་ཅད་མཁས་པ་དང་། པཎྜི་ཏ། ལོ་ཙཱ་བ་སོགས་སུ་གྱུར་ཡོད་པ་ཨེ་ཡིན་སྙམ་པ་དེ་འདྲ་འཆར་སྲིད་ཀྱང་། མང་པོ་ཕེབས་པའི་ནང་ནས་བྱས་པ་ཅན་རེ་ཟུང་ཞིག་ལོ་རྒྱུས་ཀྱི་ཐོག་ཏུ་ལྷག་ཡོད་པ་ལས་ཡོད་ཚད་མཁས་པར་གྱུར་མེད་པ་ནི་སྟག་ལོ་ལྟ་བུ་རེད།

སྤྱིར་དེ་དུས་བོད་མི་རྒྱ་གར་དུ་སོང་བའི་གྲངས་མང་ཡང་། ཚ་བ་སོགས་བར་ཆད་ཀྱིས་གཤེགས་པ་དང་། མ་གཤེགས་པའི་ཁྲོད་དུའང་ཡོན་ཏན་སློབ་མ་ཐུབ་པ་མང་པོ་ཡོད། སྟག་ལོར་མཚོན་ན། མཁས་པ་མིན་ཡང་ལྷག་བསམ་བཟང་པོ་འདུག་པས། དགོན་པའི་མཁན་པོར་བསྐོས་ན་འགྲིག་ཅེས་རྗེས་སུ་མཁན་པོར་བསྐོས་ཡོད་ས་རེད། ཅེས་བྱུང་བ་ལྟར། རང་རེ་བོད་ཆེན་པོའི་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་གྱི་ལོ་ཙཱ་བ་རྣམས་རྒྱ་གར་འཕགས་ཡུལ་སོགས་སུ་ཇི་ལྟར་དཀའ་སྤྱད་ཆེན་པོས་ཕེབས་པའི་ལམ་ཡིག་ཞིབ་རྒྱས་འབྲི་སྲོལ་ཆེར་མ་བྱུང་བ་ལས། ལོ་ཆེན་བཻ་རོ་ཙ་ནའི་དཀའ་བ་བཅུ་དྲུག་གི་མགུར་དང་། ཆག་ལོ་ཆོས་རྗེ་དཔལ་གྱི་ལམ་ཡིག །མངའ་རིས་ཆོས་རྒྱལ་རྣམས་ཀྱིས་བོད་ཕྲུག་བློ་གསལ་དོན་གཉེར་ཅན་ཞལ་གྲངས་ཉེར་གཅིག་རྒྱ་གར་འཕགས་ཡུལ་དུ་མཐུན་རྐྱེན་སྦྱར་ཏེ་ཆེད་དུ་བརྫངས་པ་ལས། ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་རྣམ་གཉིས་ལས་རང་ཡུལ་བོད་དུ་ཕྱིར་ལོག་མ་ཐུབ་པར་སྐུ་སྲོག་ཚུན་ཤོར་བའི་རྣམ་ཐར་ལོ་རྒྱུས་དག་ལ་དགོངས་པ་རེ་བཞེས་ཚེ། དུས་རབས་ཉེར་གཅིག་པ་འདིར་རང་རེ་རྣམས་ནས་ལོ་ཙཱ་བ་དེ་དག་གི་དཀའ་སྤྱད་བརྒྱ་ཟུར་ཡང་མ་ཐུབ་ཁར། ཁོང་རྣམས་ཀྱིས་བསྒྱུར་བའི་བཀའ་བསྟན་རྣམས་ལན་གཅིག་བཀླགས་པ་ཡང་ཤིན་ཏུ་དཀའ་བའི་གནས་ལ་བསམ་ཚེ་ངུ་མ་དགོད་ཀྱི་སེམས་ཚོར་དྲག་པོ་རེ་ཡང་སྐྱེས་ཡོང་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༧༩

[2] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༧༦

[3] མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤༦༡

[4] ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༤༦༨

[5] དུང་དཀར་རིན་པོ་ཆེའི་གསུང་འབུམ། ༼ཇ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༠༥

[6] ཧི་མ་ལ་ཡའི་ཕར་ཚུར། རྩོམ་པ་པོ་དཔེ་སྐྲུན་ཁང་། ༢༠༠༡༥ ལོ། ཤོག་གྲངས་ ༣༡༧

[7] སྟག་ལོ་གཞོན་ནུ་བརྩོན་འགྲུས་མཆོག་ནི། ཕྱི་ལོའི་དུས་རབས་བཅུ་པའི་དུས་དཀྱིལ་ཙམ་དུ་གཙང་ཕྱོགས་སུ་སྐུ་འཁྲུངས། དབུས་སུ་ཕེབས་ཏེ་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་ཏུ་བྱུང་ཞིང་། འདུལ་བའི་ཆོས་སྐོར་རྣམས་གསན། སྒྲ་སྒྱུར་ལ་མཁས་པར་སྦྱངས་ཏེ་བཀའ་བསྟན་གཉིས་ནས་དུམ་བུ་མང་པོ་བོད་ཡིག་ཏུ་བསྒྱུར། སྟག་ལོ་ལྷ་ཁང་བཞེངས་ཏེ་འདུལ་བའི་བསྟན་པ་སྤེལ་ཞིང་། དགེ་འདུན་མང་པོའི་ཚོགས་པ་བསྐྱངས། ཁོང་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་བ་འཛིན་པའི་སློབ་མ་ཡིན་ནོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༧ ནས་ ༢༩༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *