ན༽ རྡོའི་སེངྒེས་ཏུ་རུཥྐའི་དམག་བཟློག་ཚུལ།

ན༽ རྡོའི་སེངྒེས་ཏུ་རུཥྐའི་དམག་བཟློག་ཚུལ།

 

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་སློབ་དཔོན་ཟླ་བ་གྲགས་པ་ལ་བསྟོད་པ་ཀུན་དགའི་དབྱངས་སྙན་ལས[1]།

བསྟན་ལ་སྡང་བའི་དུ་རུ་ཀའི་དམག་ཚོགས། །སྟོབས་ལྡན་རྡོ་ཡི་གཉིས་འཐུང་ལ་ཞོན་ནས། །

ཕྱིར་བཟློག་མཛད་ཚེ་རང་གཞན་གནོད་འཚེ་བྲལ། །ངོ་མཚར་བྱམས་པའི་ཆོ་འཕྲུལ་སྟོན་ལ་འདུད། །

ཅེས་བསྔགས་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། ཡང་ལན་ཅིག །ཏུ་རུཥྐའི་དམག་བྱུང་ནས་ནཱ་ལནྡྲར་ཟླ་བ་ཕྱེད་ཀྱི་ལམ་ན་སླེབས་ཟེར་ནས། པཎྜི་ཏ་དང་། ནུས་པ་ཅན་ཐམས་ཅད་ལ་དམག་བཟློག་པའི་ཐབས་ཡོད་དམ་ཞུས་པས། ཐབས་མ་བྱུང་བའི་ཚེ། ནཱ་ལནྡྲའི་ཆོས་སྐྱོང་གི་ཐུགས་ཀ་ནས། བྱ་རོག་ཅིག་བྱུང་ནས། ཟླ་བ་གྲགས་པ་ལ་ཞུས་ཟེར་ནས་ཞུས་པས། ཟླ་བའི་ཞལ་ནས་ཐབས་ཡོད་ཀྱིས། རྡོའི་སེང་གེ་གཅིག་གྱིས་ལ། སངས་རྒྱས་པ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་གསོལ་བ་ཐོབ། མུ་སྟེགས་པ་རྣམས་ཀྱིས་ཀྱང་དབང་ཕྱུག་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས་ནས། དེར་རྡོའི་སེང་གེ་བཅོས་ཟིན་པ་དང་། དེ་གས་ཤིང་། དེའི་ནང་ནས་མི་གཅིག་བྱུང་ནས། ངས་བྱ་དགོས་ཟེར་ལེགས་པ་ཞིག་བཅོས་ཟིན་པ་དང་། ཟླ་བ་གྲགས་པ་ཕེབས་ནས། ནཱ་ལནྡྲའི་བྱང་ཕྱོགས་སུ་དཔག་ཚད་བཅོ་ལྔ་པའི་བར་གྱི་རྡོའི་སེང་གེ་བཞག་པ་ཅན་དུ་དམག་རྣམས་སླེབས་བྱུང་བ་ན། དམག་རྣམས་སླེབས་བྱུང་ངོ་བྱས་ཀྱང་སེང་གེ་འགྲོར་མ་འདོད་པ་ལ། དགེ་འདུན་རྣམས་ན་རེ་འདིས་བསླུས། འོ་སྐོལ་ཕུང་ངོ་ཟེར་བ་ལ། སློབ་དཔོན་ཟླ་བ་གྲགས་པ་ཀོག་གིས་བཞེངས་ནས་ཙན་དན་གྱི་དབྱུག་པ་འདོམ་གང་པ་ཞིག་ཁྱེར་ནས་སེང་གེའི་མགོ་ལ་ཐེངས་གསུམ་བརྒྱབ་པས་གཡུ་རལ་ལན་གསུམ་སྤྲུགས་དམག་ཐམས་ཅད་བསྐྲད་ནས་སེང་གེའི་གདོང་པ་ཁྲག་ཏུ་སོང་ནས་འདུག་པས། དེའི་དུས་རྒྱལ་པོ་སྟོབས་ལྡན་གཞོན་ནུས།

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །སྟོབས་ལྡན་རྡོ་ཡི་སེང་གེ་བསྐུལ། །

ཏུ་རུཥྐ་ཡི་དམག་བཟློག་ཀྱང་། །ཤི་རྨས་མེད་པ་ངོ་མཚར་ཆེ། །

ཞེས་ཟེར་རོ། །དེ་ནས་དགེ་འདུན་རྣམས་ན་རེ། འདི་ཟླ་བ་གྲགས་པའི་ནུས་པ་མིན། དགེ་འདུན་རྣམས་ཀྱིས་རབ་གནས་བྱ་དགོས་ཟེར་ནས། རབ་གནས་བྱས་པས་སེང་གེ་སའི་ནང་དུ་ནུབ་པས། མཁན་པོ་ན་རེ། འདི་ཟླ་བ་གྲགས་པ་སེམས་ལ་དབང་ཐོབ་པའི་བྱིན་རླབས་ཡིན་གསུང་། ཞེས་བྱུང་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས་[3]ཀྱང་།

མཐའ་དམག་རྒྱ་མཚོས་འཕགས་ཡུལ་བསྣུབ་འདོད་ཚེ། །རྡོ་ཡི་སེངྒེར་ཕྱག་གིས་རབ་བསྣུན་ནས། །

རྟེན་འབྲེལ་བསྒྲགས་པས་སེངྒེ་འབུམ་གྱུར་ཏེ། །གཡུལ་ལས་རྒྱལ་བར་མཛད་པ་ཁྱོད་ལ་འདུད། །

ཅེས་བསྟོད་ཕྱག་མཛད་པ་ལྟར། སྐབས་འདིའི་མཐའ་དམག་ཏུ་རུཀྵ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། བོད་སྐད་དུ་བསྒྱུར་ན། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[4]། གར་ལོག་གི་མིང་དང་། རུ་ཏུ་ཀ་ཞེས་པ་ཧོར་དང་སོག་པོའི་མིང་ཡིན་པར་གསུངས་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། ཁ་ཆེའི་ཡུལ་ན་རྒྱལ་པོ་ཏུ་རུཥྐ་ཞེས་བྱ་བ་ཚེ་ལོ་བརྒྱ་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་བྱུང་ངོ༌། །ཞེས་གསུངས་པ་ལྟར་ན་ཀསྨིར་རམ་ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཆེན་པོ་ཞིག་མིང་ཡིན་པར་གསལ་ཞིང་། ཏུ་རུཥྐ་ཞེས་པ་སི་ལ། སྤོས་ཀྱི་བྱེ་བྲག་ཅིག་གི་མིང་ཡིན་པར་ཚིག་མཛོད་ཁག་ཏུ་གསལ། གཞན་ཡང་ཏུར་ཀི་ (Turkey/ Turks) ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་ (1908-1989) གྱིས་བརྩམས་པའི་སྲིད་དོན་རྒྱལ་རབས་ལས[6]། ཏུར་ཀི་དང་ཏུ་རུཀྵ་གཉིས་དོན་གཅིག་པར་གནང་འདུག་ཅིང་། དག་སྡེབ་ལའང་ཏུ་རུཀྵ་དང་། ཏུ་རུ་ཀ །ཏུ་རུ་ཁ། ཏུ་ཏུཥྐ། ཏུ་རུསྐ། དུ་རུ་ཀ་བཅས་དག་མ་དག་གི་འབྲི་ཚུལ་སྣ་ཚོགས་འབྱུང་བས་དག་སྡེབ་ཀྱི་དབང་གིས་གོ་བ་ལེན་ཚུལ་སྣ་ཚོགས་སྣང་ན་ཡང་། ངེས་དོན་དུ་གཉིས་སུ་འདུ་བ་སྟེ། ཏུ་རུཀྵ་གར་ལོག་གི་མིང་དང་། ཏུ་རུ་ཀ་སྤོས་ཀྱི་བྱེ་བྲག་གི་མིང་གཉིས་སུ་འདུ་བར་སེམས། དག་སྡེབ་ཕྱི་མ་གསུམ་སྤོས་ཀྱི་བྱེ་བྲག་གི་མིང་ཡིན་པར་སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་སུ་[7]གསལ་ལ། སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས[8]། ཏུ་རུ་ཀཿསོག་པོ་དང་། ཏུརུཥྐ་དུ་རུ་ཀ །ཏུ་རུཀྵ་གར་ལོག་གི་མིང་ཡིན་པར་གསལ་བ་ལ། འདིའི་སྐོར་ཞིབ་ཕྲ་དཔལ་ནཱ་ལེནྡྲའི་བྱུང་བ་བརྗོད་པར་བཀོད་པ་ལས་མཁྱེན་པར་མཛོད་ཅིག།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཁ༽ ཆོས་ཚན་ ༥༥ འཕྲུལ་པར་དཔེ་རིང་། ཤོག་ ༡ན༡ ནས་ ༢ན༢ བར།

[2]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༣༠

[3]  ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་ ༡༧༣

[4]  སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༣༦༣

[5]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༢༡

[6]  བོད་ཀྱི་སྲིད་དོན་རྒྱལ་རབས། ༼སྟོད་ཆ།༽ ཀ་སྦུག་ཞྭ་སྒབ་ཤག། ༡༩༧༦ ལོ། ཤོག་གྲངས་ ༢༦༥

[7]  སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༣༦༣

[8]  སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༦༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༠༥ ནས་ ༥༠༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *